༄༅། །བོད་ལྗོངས་ལྷ་མི་ཡོངས་ཀྱིས་དད་མོས་རྩེ་གཅིག་གིས་ལུགས་གཉིས་ཀྱི་འདྲེན་པ་མཆོག་ཏུ་མངའ་གསོལ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཆེན་པོའི་ཕྱག་ཐམ།

སེམས་འཚོར་དམར་པོ།

སེམས་འཚོར་དམར་པོ།
འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།

ཟིན་བྲིས་རྣམས་གྲངས།

དྲང་སྲོང་རྒན་པོའི་ལྟ་གྲུབ།

ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།།སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།།སུ་དང་གང་གིས་འཇུ་ཡང་མི་ཟིན་པ།།བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།
ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།།དེ་རིང་གཡའ་དག་མཁའ་ནས་ཉི་གཞོན་འཛུམ།།གནམ་སའི་གཤིས་ལུགས་ངེས་མེད་འགྱུར་བ་འདི།།འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།
འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།།རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།།གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།།དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།
བྱང་ཐང་བྱེ་མ་སྤུངས་པའི་ཇག་ལམ་ན།།མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།།ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།།གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།
གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།།ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།།སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།།སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།
2007/3/26/བྲིས།

གདུང་བའི་སྨྲེ་ངག


གཉིད་ནི་རྨོངས་དང་འཐོམ་པའི་ཆ་ལག་ཕྱིར།།སུ་དང་གང་གིས་བསྟོད་པ་མི་བྱེད་མོད།།རྨི་ལམ་གྲོང་ཁྱེར་འགྲིམས་པའི་ལྟད་མོ་ལ།།གཟིགས་ན་གཉིད་ལ་མི་བསྟེན་མཐུ་མེད་ཡིན།།ངོས་འཛིན་གཏོད་སོ་མེད་པའི་བར་སྣང་གི།།མཛེས་མཚོན་ཁ་དོག་བཀྲ་བའི་འཇའ་རིས་སྣེ།།འཁྲུལ་སྣང་ཨ་ཐས་ཟབ་པའི་བོད་རྒན་ཚོས།།རེ་བས་ཤི་འཐམ་བྱས་པའི་རྨི་ལམ་རིང༌།།གཞན་འཚང་སྔོག་པའི་ཕག་གི་མཆུ་ཏོ་ལ།།རང་འཚང་སྐྱག་པ་འགོས་པའི་དྲི་ངན་གྱིས།།དངོས་དོན་བདེན་པའི་དྲི་བསུང་འཐུལ་བ་ལ།།ཕན་པའི་རེ་བ་བཅོལ་པའི་འཁྲུལ་སྣང་ཟབ།།ཟླ་འོད་མུན་པས་ཟོས་པའི་མཚན་མོ་ན།།ནག་ཅན་རྐུན་མའི་གྲིབ་གཟུགས་མ་མཐོང་བར།།འབ་སྒྲས་གནམ་ས་དབྲལ་བའི་ཁྱི་རྒན་ལ།།རེ་བའི་བློ་གཏོད་བྱས་པའི་ལྷ་སྒྲུང་སྙན།།སྤང་རྒྱན་མེ་ཏོག་བཀྲ་བའི་གླིང་ཁ་ན།།ཕྱེ་མ་ལེབ་ཀྱིས་འཕུར་ལྡིང་རྩེན་པའི་རྗེས།།བསམ་མེད་བྱིས་པ་རྒྱུག་པའི་རྡོག་སྣེ་ནས།།གཡང་སའི་རྡོ་ལ་བརྡབས་པའི་ངུ་རྒྱངས་ཐོས།།ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་དུ།།འཁྱགས་པས་ས་གཞི་བསྡམས་པའི་སྲུབ་ཀ་ནས།།ལྗང་མདོག་མྱུ་གུ་འབུས་པའི་རེ་བ་འདིས།།མེས་པོའི་སྙིང་ལ་འཇའ་ཡི་ཁང་བཟང་བསྐྲུན།།བསམ་གཞིགས་འཁྱགས་ལ་འབྱར་བའི་གྲང་ལྷག་གསེབ།།རྣམ་རྟོག་བུ་ཡུག་འཚུབ་པའི་དུར་ཁྲོད་ན།།ཕ་མེས་སྟོང་གི་རྣམ་ཤེས་ཐིམ་པའི་ཤུལ།།རེ་བའི་ལྷག་མ་འཇགས་རྩྭ་སྐམ་པོ་ཙམ།། ༢༠༠༧.༣.༢༠ ལ་བྲིས།

ཕྱིར་དྲན།

རི་རྩེ་ཁ་བས་ཉིན་རེ་ཉིན་རེར་བསྟིམས།།ནགས་ཀྱི་ཤིང་ལོ་རིམ་གྱིས་རིམ་གྱིས་ལྷུང༌།།ད་ནི་ཁོར་ཡུག་མཛེས་པའི་རྣམ་ཤེས་འདིའང༌།།དགུན་འཁྱགས་ལྷགས་པའི་རུམ་དུ་འབྱར་བར་ངེས།།ད་ནངས་བྱེ་འུའི་གསུང་སྙན་མ་ཐོས་གོང༌།།ཞོགས་རླུང་བསིལ་མོས་ཕྲ་ཡོལ་ཁད་ཀྱིས་ཕྱེས།།མགོ་བོ་སྔས་ལ་འབྱར་བའི་རྨི་ལམ་ཡང༌།།གཟུགས་མེད་རླུང་བུ་ལྡང་བས་ཧད་ཀྱིས་དཀྲོགས།།དབྱར་དགུན་སྟོན་དཔྱིད་ཤོག་ལྷེ་བསྒྱུར་བ་བཞིན།།དུས་བཞི་ཤུགས་ཀྱིས་ལོ་ཡི་འཁོར་ལོ་བསྐོར།།མི་ལོ་བཅུ་བདུན་ས་མཐར་དལ་གྱིས་རྫོགས།།དྲན་ཤེས་བསྣོལ་མས་སེམས་ཀྱི་ཚོར་འདུ་བཀྲུགས།།ལྟེ་ཁྲག་གང་དུ་འཕོས་པའི་ཕ་ཡུལ་དང༌།།བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་ཕ་མ་ཟུང༌།།ཤ་ཁྲག་གཅིག་པའི་སྤུན་ཉེ་གྲོགས་པོ་སོགས།།རི་ཁྲི་ཆུ་སྟོང་བརྒལ་བའི་ཕ་རོལ་ལུས།།མི་ཡུལ་འཁྱམས་པ་མི་ཡི་ལས་དབང་སྟེ།།ལྷ་ཡུལ་སླེབས་པའི་རེ་བ་བདག་ལ་མེད།།རང་ལུས་རང་ལ་དབང་བའི་ལས་དབང་ཞིག།མི་མངོན་གནམ་གྱི་དབྱིངས་ནས་གནང་རོགས་གྱིས།།
Powered by Blogger.

འཁྲུལ་སྣང༌།


ཡ་ཀི་རྩ་གསུམ་ལྷ་ཡུལ་མན་ཆད་ནས།།མ་ཀི་རྡོ་རྗེའི་དམྱལ་ཁམས་ཡན་ཆད་ན།།བྱ་བྱེད་བསྣོལ་མ་འཐབ་པའི་འཁྲུལ་སྣང་འདི།།སྒྱུ་རྩལ་སྙན་ངག་སྨྲ་བའི་ལྟད་མོ་ཞིག།
ཕ་རྒན་མུ་གེས་ཤི་བའི་དུར་ས་ན།།བུ་རྒྱུད་ཕྱུག་པོས་ཐུགས་སྤྲོ་བཏང་བྱས་ཏེ།།རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་པ་ཡིས།།རྣམ་ཤེས་འཁྱམས་པོ་འགུག་པའི་མགྲོན་བརྡར་སྨྲ།།
མ་རྒན་ཆང་སར་ཆས་པའི་རྟེན་འབྲེལ་ཐོག།བུ་མོས་བྲོ་གར་ཁྲབ་པའི་གླུ་གཞས་ཀྱིས།།ཆང་དང་སྦི་རག་མཆོད་པའི་སྐུ་མགྲོན་ཚོར།།སེམས་ཁམས་རླུང་གིས་བཀྱགས་པའི་འཁྲུལ་སྣང་སྟེར།།
ཡོད་ཚད་མཇེ་ཡིས་ཕུང་པའི་སྔགས་རྒན་དང༌།།དད་རྫས་སྟུ་རིན་སྤྲོད་པའི་གྲུབ་རྫུན་གཉིས།།རྨོངས་དད་བྲག་གི་བཙན་རྫོང་བརྩེགས་པའི་ནང༌།།བག་མེད་ཤ་ཆང་རོལ་བའི་འཁོར་ཚོགས་རྒྱས།།
སྔགས་ནག་གཅོད་པས་ལྷ་འདྲེ་གཡབ་མོ་བྱེད།།བསམ་མེད་བྱིས་པས་ཁྱི་སྨྱོན་རྡོ་ཡིས་རྡུང༌།།རྙོག་འཛིང་གཡབ་མོ་བྱེད་སའི་གྲུ་ག་འདིར།།ལྷིང་འཇགས་རེ་བ་མཚན་མོའི་རྨི་ལམ་ཙམ།།

སེམས་ཚོར་དམར་པོ།

རི་སུལ་ཁ་བས་བསྟིམས་པའི་ལྷག་རླུང་གསེབ།།རྣམ་ཤེས་རླུང་དང་འགྲོགས་པའི་བ་དོའི་ལུས།།གོས་མེད་གཅེར་བུར་འགྲིམས་པའི་སྐྱོ་གར་ལ།།བརྩེ་སེམས་གོས་བཟང་སྐོན་པའི་བྱམས་ལྡན་སུ།།མེ་མདའི་བུ་ཡུག་འཚུབ་པའི་གཡུལ་ས་ན།།ཚེ་སྲོག་རླུང་གིས་བདས་པའི་ཉམས་ཐག་འབུམ།།ཟུངས་ཁྲག་ཡུར་ཆུ་འཐེན་པའི་གཤིན་ཐང་ནས།།བདག་མེད་བམ་རོས་ཁེངས་པར་སུ་ཡིས་གཟིགས།།ལས་དབང་སྔས་སུ་བྱས་པའི་ལྷོ་མཐའ་ནས།། མིག་ཆུས་གདོང་རིས་བརླན་པའི་ངུ་རྒྱངས་ཀྱིས།།བྱང་བརྒྱུད་ཁ་བས་གཡོག་པའི་དུར་ས་ན།།རྒྱང་རིང་མིག་གིས་ཅེར་བ་སུ་ཡིས་གཟིགས།།གཞན་གནོད་བཞི་ལས་ལྡོག་པའི་སྲིད་དོན་གྱིས།།ཐར་པའི་ཁང་བཟང་མཛེགས་པའི་ལམ་ཟུར་ནས།།ཕ་ས་དོན་དུ་གཉེར་བའི་རྨི་ལམ་ལ།།རེ་བའི་རྨི་ཐག་འཕྱངས་པ་སུ་ཡིས་གཅོད།།ཡར་གི་གསེར་གྱི་ཉི་མའི་འོད་སྣང་འོག།མར་གི་འདུ་ལོང་འཚུབ་པའི་ལྷིང་འཇགས་སྣེ།།རྟག་བརྟན་ཐེར་ཟུག་འཛིན་པའི་འཁྲུལ་སྣང་ལ།།མི་རྟག་སྒྱུ་མའི་རང་ངོ་སུ་ཡིས་སྤྲོད།།མི་ཡུལ་སྔས་སུ་བྱས་པའི་གྲུ་ཁ་ན།།མི་ལོ་ལྔ་བཅུ་ཟིན་པའི་མཇུག་སྣེ་ནས།།མི་ནུས་གདམ་བྱ་མང་བའི་མིག་འཁྲུལ་གྱིས།།བྱིས་པའི་སེམས་ཁམས་བསླུས་པ་སུ་ཡིས་དཀྲོགས།།དགྲ་ལ་ཞི་མོལ་རེ་བའི་འཛུམ་མདངས་ཕག།གཉེན་ལ་རྒྱུག་རྡུང་ཕོག་པའི་ན་ཚ་ཡིས།།ཀི་ཅོས་གནམ་ས་དབྲལ་བའི་ཁོར་ཡུག་ན།།གཉིས་ཕན་འབྲས་བཟང་སྨིན་པ་སུ་ཡིས་རེ།།ནམ་མཁའི་འཇའ་རིས་མིག་གི་ལྟད་མོར་མཛེས།།སྤྲང་པོའི་གླིང་བུ་ཕྱུག་པོའི་རྣ་བར་སྙན།།ཞི་བའི་ལྟ་གྲུབ་བྱིས་པའི་བུ་རམ་གྱིས།།བཀྲེས་ལྟོགས་སེལ་བའི་ལོག་རྟོག་སུ་ཡིས་བཟློག།ཕ་རྒན་བསད་ནས་ཞགས་གསུམ་མ་ལོན་གོང༌།།ཕ་མེད་དྭ་ཕུག་འཁྱམ་པོས་ཁ་བཏགས་སྣེ།།ཕ་བསད་དགྲ་བོའི་མགུལ་ལ་འཐེན་པ་འདི།།ཕ་བཟང་བུ་ཡི་གྲལ་གསེབ་སུ་ཡིས་བཞག།ཁ་འདི་འཕྲེད་དུ་ཕྱེས་པའི་རྟེན་འབྲེལ་གྱིས།།འཕྲེད་འཕྲེད་གཏམ་ལ་རྫོགས་མཐའ་མི་འདུག་པས།།སེམས་ཀྱི་ཁྱེའུ་ཆུང་ངུས་པའི་མིག་ཆུ་རིས།།འཕྲེད་དུ་འབབ་པའི་སྙན་ཚིག་འདི་ཉིད་སྤེལ།།
སྤྱི་ལོ་༢༠༠༨ཟླ་བ་༣ཚེས་༧ཉིན་བྲིས།

དྲན་པའི་སྐྱོ་གདུང༌།


འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།སྐྱིད་པའི་ཕ་ཡུལ་སླེབས་པའི་སྐལ་བ་དེ་མེད་འདྲ།།དྲིན་ཅན་ཕ་མ་མཇལ་བའི་ལས་འཕྲོ་དེ་མི་འདུག།དྲན་གདུང་སེམས་ཀྱི་མིག་ཆུ་ཁོག་པ་ལ་གཞུར་ནས།།མི་ཚེ་ས་མཐར་བསྐྱལ་བའི་ལས་དབང་འདི་སྐྱོ་བ།།སྤུན་མཆེད་གཉེན་ཚན་དུ་མའི་ཞལ་པར་ཙམ་ཐོས་བྱུང༌།།སྐབས་འགར་པར་དང་བརྙན་ཕབ་ལྟད་མོ་ཙམ་མཐོང་ཡང༌།།ཕན་ཚུན་ལྷན་དུ་འཛོམས་པའི་གོ་སྐབས་དེ་བརླགས་ནས།།མི་ཚེ་ཕལ་ཆེར་མི་ཡུལ་ལུང་པ་ལ་རྫོགས་སོང༌།།སྐྱེས་ས་འཚར་ས་བསིལ་ལྡན་བོད་ལྗོངས་ལ་ཡིན་ཡང༌།།རྒ་ས་ཤི་ས་ལྷོ་མཐའི་ཚ་བ་ནང་ངེས་པས།།རྒྱུས་མེད་མི་ཡུལ་འཁྱམས་པའི་ཉམ་ཆུང་གི་གྲྭ་རྐྱང༌།།བསམ་ཞིང་བསམ་ཞིང་སེམས་སྡུག་ན་བུར་བཞིན་འཐུལ་སོང༌།།མི་བཟད་སྐྱོ་བའི་ཚོར་རླབས་སེམས་ཁོང་ནས་འཕྱུར་ཡང༌།།གདོང་གི་བཤུ་སྐོག་མཉེད་པའི་འཛུམ་ཀོང་འདི་བསྟན་བཞིན།།མི་ཚོགས་འདྲ་མིན་གསེབ་ཏུ་འགྲོ་ཁུལ་རང་བྱེད་པ།།འཇིག་རྟེན་མི་ལུས་ལེན་པའི་ཡ་ཚུལ་ཙམ་ལོས་ཡིན།།
༢༠༠༨.༥.༡༧ཉིན་དགེ་འོས་B.edའཛིན་གྲྭའི་ནང་གནན་ཐབས་མེད་པའི་སྐྱོ་སྣང་ཞིག་གིས་རྐྱེན་བྱས་ཏེ་དཀར་པང་ཐོག་ཐོལ་བྱུང་དུ་བྲིས།

Followers


དྲྭ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Tuesday, February 22, 2011

གང་ཞིག་མཐོང་ཐོས་དྲན་པའི་མོད་ལ་ཡང༌།།
འདོད་རྒུའི་ཚིག་སྦྱོར་རྒྱ་མཚོ་སྨྲ་བའི་འདབ།།
ལྷུག་པར་གྲོལ་བའི་ལྷ་མཆོག་མཚོ་ལྡན་མ།།
ངག་རིག་རྒྱ་མཚོའི་རླབས་ཀྱི་ཤིས་པ་སྒྲུབས།།
ཞེས་མཆོད་པར་བརྗོད་པའི་ཚིག་གིས་ཉེ་བར་བསུས་ཏེ། འདིར་གཞོན་ནུ་དོན་གཉེར་ཅན་འགའ་ཞིག་གི་ཆེད་ཁོ་ནར་དམིགས་ནས་བོད་ཀྱི་རྩོམ་རིག་ལ་ཉེ་བར་མཁོ་བའི་སྡེབ་སྦྱོར་གྱི་སྐོར་རགས་ཙམ་གླེང་བར་འདོད་དེ། དེ་ལ་ཐོག་མར་རིག་གནས་སྤྱིའི་ངོ་སྤྲོད་དང༌། ནང་གསེས་བོད་ཀྱི་སྡེབ་སྦྱོར་རིག་པ་བཤད་པ། རྩོམ་རིག་ལ་བློ་ཁ་ཕྱོགས་པའི་ཐབས་སུ་རྩོམ་རིག་གི་ཉམས་མྱོང་རགས་ཙམ་གླེང་བ་དང་གསུམ་གྱི་སྒོ་ནས་འཆད་པར་བྱེད་དེ།

དང་པོ། རིག་གནས་སྤྱིའི་ངོ་སྤྲོད།
སྒྲ་ཚད་གསོ་བཟོ་ནང་དོན་དང༌།།
སྙན་ངག་མངོན་བརྗོད་སྡེབ་སྦྱོར་རྩིས།།
ཟློས་གར་བཅས་ཏེ་བཅུ་པོ་དག།
ཤེས་ན་མཁས་པའི་གོ་སར་བསྙེགས།།
ཤེས་བྱ་རིག་པའི་གནས་བཅུ་ནི། སྒྲ་རིག་པ་དང༌། ཚད་མ་རིག་པ། གསོ་བ་རིག་པ། བཟོ་རིག་པ། ནང་དོན་རིག་པ་བཅས་རིག་གནས་ཆེ་བ་ལྔ་དང༌། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་བཅས་རིག་གནས་ཆུང་ལྔ་སྟེ། བཅུ་པོ་དེ་དག་ཤེས་ན་ད་བཟོད་རང་ཉིད་མཁས་པའི་ནང་གི་མཁས་པའི་གོ་སར་བསྙེགས་པ་ཡིན་ནོ།།
འོ་ན་རིག་གནས་བཅུ་པོ་དེ་དག་གི་གོ་དོན་ཇི་ལྟ་བུ་ཡིན་ཞེ་ན། རིམ་པ་བཞིན་དུ་བཤད་པར་བྱ་སྟེ།
སྒྲ་རིག་པ་ནི། ཚིག་གི་འཁྲུལ་བ་སེལ་ཞིང་དོན་གྱི་རྣམ་གཞག་རྣམས་སྐད་ཆའི་སྒོ་ནས་གོ་བར་བྱེད་པའི་རིག་པ་ལ་ཟེར། དཔེར་ན། རྒྱ་གར་གྱི་ཀ་ཙན་དབྱངས་གསུམ་དང༌། བོད་ཀྱི་སུམ་རྟགས་གཉིས་ལྟ་བུ།
ཚད་མ་རིག་པ་ནི། སྒྲུབ་ངག་དང་སུམ་འབྱིན་གྱི་སྒོ་ནས་དོན་ལ་འཁྲུལ་བ་གཅོད་བྱེད་ཀྱི་རིག་པ་ལ་ཟེར། དཔེར་ན། ཚད་མ་རྣམ་འགྲེལ་དང༌། ཚད་མ་རིགས་གཏེར་ལྟ་བུ།
གསོ་བ་རིག་པ་ནི། ལུས་སྲོག་གི་ཁམས་ལ་བརྟག་ཅིང་གསོ་ཐབས་བསྟན་པའི་སྨན་སྦྱོར་གྱི་རིག་པ་ལ་ཟེར། དཔེར་ན། གསོ་རིག་རྒྱུད་བཞི་དང༌། བཻཌཱུརྱ་སྔོན་པོ་ལྟ་བུ།
བཟོ་རིག་པ་ནི། རྫས་འགྱུར་དང་འཕྲུལ་འཁོར་སོགས་ལ་བརྟེན་ནས་ཉེ་མཁོའི་དངོས་པོ་གསར་སྐྲུན་བྱེད་པའི་རིག་པ་ལ་ཟེར། དཔེར་ན། གསེར་འགྱུར་རྩིའི་བསྟན་བཅོས་དང༌། ལྷའི་ཐིག་རྩ་ལྟ་བུ།
ནང་དོན་རིག་པ་ནི། སྡེ་སྣོད་གསུམ་གྱིས་བསྡུས་ཅིང་གཙོ་བོར་ནང་གི་སེམས་རྒྱུད་འདུལ་བྱེད་ཀྱི་རིག་པ་ལ་ཟེར། དཔེར་ན། བཀའ་བརྒྱད་སྟོང་པ་དང༌། བྱང་ཆུབ་ལམ་རིམ་ལྟ་བུ།
སྙན་ངག་ནི། རྣ་བར་སྙན་ཞིང་ཡིད་ལ་འཇེབས་པའི་ཚིག་རྒྱན་གྱི་རིག་པ་ལ་ཟེར། དཔེར་ན། སྙན་ངག་མེ་ལོང་དང༌། དབྱངས་ཅན་དགྱེས་གླུ་ལྟ་བུ།
མངོན་བརྗོད་ནི། གདགས་གཞི་དངོས་པོ་གཅིག་ལ་ཁྱད་ཆོས་སམ་བྱེད་ལས། ནུས་ཤུགས་སོགས་ལ་བརྟེན་ནས་བཏགས་པའི་མིང་ལ་ཟེར། དཔེར་ན། མངོན་བརྗོད་མཁས་པའི་རྣ་རྒྱན་དང༌། མངོན་བརྗོད་འཆི་མེད་མཛོད་ལྟ་བུ།།
སྡེབ་སྦྱོར་ནི། ཡི་གེ་ལྕི་ཡང་ཕན་ཚུན་སྡེབ་སྟེ་ཚིག་སྦྱོར་སྒྲིག་སྟངས་ཀྱི་རིག་པ་ལ་ཟེར། དཔེར་ན། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལྟ་བུ།།
ཟློས་གར་ནི། སྔོན་བྱུང་གི་ལོ་རྒྱུས་རྣམས་སླར་ཡང་ཟློས་ཏེ་གར་གྱི་རྣམ་པ་ལྟར་ཁྲབ་གཞུང་གི་རིག་པ་ལ་ཟེར། དཔེར་ན། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང༌། སྣང་ས་འོད་འབུམ་ལྟ་བུ།
སྐར་རྩིས་ནི། གཟའ་སྐར་ཕྲོད་སྦྱོར་གྱི་གྲངས་རྩིས་ལ་བརྟེན་ནས་འབྱུང་འབྲས་བཟང་ངན་བརྟག་པའི་རིག་པ་ལ་ཟེར། དཔེར་ན། ཕྱི་དུས་ཀྱི་འཁོར་ལོའི་རྒྱུ་དང༌། བཻ་དཀར་ལྟ་བུ། འདི་ནི་རིག་གནས་བཅུའི་རྣམ་གཞག་མདོ་ཙམ་ངོ་སྤྲོད་པ་ཡིན་ལ། རྒྱས་པ་ནི་ས་པཎ་མཁས་འཇུག་དང༌། ཀོང་སྤྲུལ་གྱི་ཤེས་བྱ་ཀུན་ཁྱབ་སོགས་ལ་གཟིགས་དགོས།

གཉིས་པ། བོད་ཀྱི་སྡེབ་སྦྱོར་བཤད་པ།
བཅད་ལྷུག་སྤེལ་མའི་ཚིག་གི་སྡེབ།།
སྦྱོར་ཚུལ་དག་ནི་སྡེབ་སྦྱོར་ཡིན།།
དེ་ལ་རྩོམ་གྱི་ལུས་ཡང་ཟེར།།
ལུས་ནི་བརྗོད་དོན་གསལ་བྱེད་པའི།།
ཚོགས་གསུམ་ཕྲེང་བའི་བདག་ཉིད་དོ།།
དེ་ལ་བཅད་ལྷུག་སྤེལ་མ་གསུམ།།
བཅད་ལྷུག་སྤེལ་མའི་ཚིག་གི་སྡེབ་སྦྱོར་ཚུལ་གྱི་རིག་པ་ལ་སྡེབ་སྦྱོར་གྱི་རིག་པ་ཟེར། དེ་ལ་སྔོན་བྱོན་འཕགས་བོད་མཁས་པ་ཚོས་ལུས་ཀྱི་ཐ་སྙད་སྦྱར་བ་གནང་། དེ་ནི་སྙན་ངག་ཤེརས་པའི་སྔོན་འགྲོའི་ཆ་རྐྱེན་མེད་མི་རུང་བ་ཞིག་ཀྱང་ཡིན། སྙན་ངག་གི་སྔོན་འགྲོ་ལུས་ཞེས་པ་དེ་ནི། རྩོམ་པ་པོས་གང་ཞིག་བརྗོད་འདོད་པའི་དོན་དེ་ཉིད་གསལ་བར་སྟོན་པའི་མིང་ཚིག་ཡི་གེའི་ཕྲེང་བ་ལ་ཟེར་ཞིང༌། དེ་ལ་འཕགས་ཡུལ་མཁས་པ་ཚོས་བྱས་པའི་དབྱེ་བའི་རྣམ་གྲངས་ཤིན་ཏུ་མང་བ་རྣམས་གཞན་དང་གཞན་ནས་ཤེས་པར་བྱ་ལ། འདིར་བོད་རང་ལ་ཉེ་བར་མཁོ་བའི་ཁ་ཚ་དགོས་གཏུགས་ཀྱི་སྡེབ་སྦྱོར་རྣམ་དབྱེ་འགའ་ཞིག་བཤད་ན། དེ་ཡང་རང་རེ་བོད་ཀྱི་སྡེབ་སྦྱོར་བྱེད་སྟངས་ཀྱི་སྒོ་ནས་དབྱེ་ན། ཚིགས་བཅད་དང༌། ཚིགས་ལྷུག ཚིགས་སྤེལ་མ་གསུམ་ཡོད། དེ་གསུམ་གྱི་ནང་ནས་འདིར་ཚིག་བཅད་ཀྱི་སྡེབ་སྦྱོར་གཙོ་བོར་བཤད་པར་བྱ་སྟེ།

ཚིག་བཅད་ཀྱི་སྡེབ་སྦྱོར།

ཚིགས་བཅད་ཅེས་པ་ཚིག་གི་ཕྲེང༌།།
རྐང་པས་ངེས་པར་བཅད་པར་འདོད།།
ལེགས་སྦྱར་སྐད་ཀྱི་ཚིགས་བཅད་རྩོམ་ཡིག་འབྲི་སྟངས་ནི་སྡེབ་སྦྱོར་གྱི་གཞུང་དུ་གསལ་ཞིང༌། དེ་ཡང་རྩ་བའི་པྲིཏ྄ཏ་དང་ཛྙ་ཏི་གཉིས་ལས་རྣམ་གྲངས་དང་སྦྱོར་ཚུལ་བགྲངས་ལས་འདས་པ་ཡོད་ཀྱང༌། རང་ཅག་བོད་པའི་རྩོམ་ཡིག་འབྲི་སྟངས་ལ་དེ་ཙམ་ཉེ་བར་མི་མཁོ་བས་འདིར་འབུར་དུ་བཏོན་ནས་བཤད་པར་མི་བྱའོ།།
ཡང་ཚིགས་བཅད་ཀྱི་སྡེབ་སྦྱོར་ལ། གྲོལ་བ་དང༌། རིག མཛོད། འདུས་པ་སྟེ་བཞི་ཡོད་ཅིང༌། དེ་དག་གི་རྣམ་གཞག་ཀྱང་ཚིགས་བཅད་བསླབ་པའི་ལས་དང་པོ་བ་རྣམས་ལ་ཉེ་བར་མི་མཁོ་བས་རེ་ཞིག་དོར་ནས། འདིར་ལས་དང་པོ་བ་ཐོག་མར་འཇུག་པའི་ཚིགས་བཅད་ཀྱི་སྡེབ་སྦྱོར་ཧ་ཅང་གོ་སླ་བའི་ལུགས་སུ་བྱས་ནས་བཤད་པར་འདོད་དེ།
དེ་ཡང༌། བོད་སྐད་ཚེག་བར་གསུམ་པ་ནས།།
སོ་གསུམ་བར་དུ་སྦྱར་བ་ཡོད།།
 རང་ཅག་བོད་སྐད་ལ་ཉེ་བར་མཁོ་བའི་སྡེབ་སྦྱོར་གྱི་འགྲོས་བཤད་ན། ཚེག་བར་གསུམ་པ་ཅན་ནས་ཚེག་བར་སོ་གསུམ་པའི་བར་དུ་སྦྱོར་བའི་སྲོལ་ཡོད་དོ། །འདིར་ཚེག་བར་དང༌། ཚིག་རྐང༌། ཚིགས་བཅད་བཅས་ཀྱི་གོ་དོན་ཅུང་ཟད་བཤད་ན།
༡༽ ཚིག་རྐང༌། ཚེག་བར་འདྲ་མཉམ་ཅན་གྱི་ཚིག་སྦྱོར་ཉིས་ཤད་ཀྱིས་བཅད་མཚམས་གཅིག་ལ་ཚིག་རྐང་གཅིག་ཟེར། དཔེར་ན། གང་ལ་ཡོན་ཏན་མཆོག་མངའ་བ།།ལྟ་བུ།
༢༽ ཚེག་བར། ཚེག་()གིས་བཅད་པའི་ཡི་གེ་ལ་ཚེག་ཁྱིམ་མམ་ཚེག་བར་གཅིག་ཟེར། དཔེར་ན། བསྒྲིགས་ལྟ་བུ།
༣༽ ཚིགས་བཅད། ཚིག་རྐང་བཞི་རེ་ལ་ཚིགས་བཅད་རེ་ཟེར་ཅིང༌། ལེགས་སྦྱར་སྐད་ཀྱི་ཤཽ་ལོ་ཀ་དང་དོན་འདྲ། དཔེར་བརྗོད་ནི་འོག་ནས་ཤེས་པར་བྱའོ།།
ད་ནི་དངོས་གཞི་ཚིགས་བཅད་ཀྱི་སྡེབ་སྦྱོར་འབྲི་ཚུལ་གྱི་དཔེར་བརྗོད་རིམ་པ་བཞིན་བཤད་པར་བྱ་སྟེ།

ཚེག་བར་གསུམ་པ་ཅན།
གངས་ཅན་གྱི།།
བོད་ལྗོངས་ན།།
བརྗིད་ཆགས་ཀྱི།།
གངས་རི་མཐོ།།ལྟ་བུ།
ཚེགས་བར་བཞི་པ་ཅན།
བཅོ་ལྔའི་དུང་ཟླ།།
མཁའ་ལ་ཤར་དུས།།
དྲིན་ཅན་ཨ་མའི།།
ཞལ་རས་དྲན་བྱུང༌།།ལྟ་བུ།།
ཚེག་བར་ལྔ་བ་ཅན།
གསུང་སྙན་གྱི་བདུད་རྩི།།
རྣ་བ་ལ་ལྷུང་དུས།།
དད་གདུང་གི་མཆི་མ།།
མིག་མཐའ་ནས་ཤོར་སོང༌།། ལྟ་བུ།།
ཚེག་བར་དྲུག་པ་ཅན།
མཛེས་སྡུག་ལྡུམ་རའི་ནང་དུ།།
མེ་ཏོག་དཀར་སེར་དམར་ལྗང༌།།
གསེར་མང་སེམས་པ་ཤོར་ས།།
མེ་ཏོགཨུཏ྄ྤལ་དཀར་པོ།།ལྟ་བུ་འམ།།
ཡང་ན། སྙིང་སྡུག་སྙིང་ལ་ཉར་ནས།།
སྙིང་ལ་སྙིང་ནད་བཟོས་སོང༌།།
སྙིང་ལ་སྙིང་རྗེ་མེད་ན།།
སྙིང་སྡུག་སྙིང་པོ་མི་འདུག།ལྟ་བུ།
ཚེག་བར་བདུན་པ་ཅན། འདིའི་མན་ཆད་རིགས་གསུམ་དུ་ཕྱེ་ནས་བཤད་པར་བྱ་སྟེ།
༡༽ ཚེག་བར་བདུན་པ་ཅན་གསུམ་པ་ལ་ངལ་གསོ་ཐོབ་པ།
རྒྱ་ལྕང་གི་ལོ་མའི་གསེབ་ནས།།
ལྷོ་མོན་གྱི་ཁུ་བྱུག་སྔོན་མོས།།
གསུང་སྙན་གྱི་རྒྱང་གླུ་ལེན་དུས།།
དཔྱིད་དུས་ཀྱི་དཔལ་ཡོན་རྒྱས་སོང༌།།ལྟ་བུ།
༢༽ ཚེག་བར་བདུན་པ་ཅན་ལྔ་པ་ལ་ངལ་གསོ་ཐོབ་པ།
ལས་དབང་རླུང་འཚུབ་ཀྱི་གསེབ་ནས།།
མེས་པོའི་ཕ་ས་དང་བྲལ་སོང༌།།
རྐང་རྗེས་ཁ་བ་ལ་བཞག་ནས།།
ལྷོ་མཐའི་ཚ་བའི་ནང་སླེབས་སོང༌།།ལྟ་བུ།
༣༽ ཚེག་བར་བདུན་པ་ཅན་ཐ་མ་ལ་ངལ་གསོ་ཐོབ་པ།
ཟླ་ཞལ་ཨུཏྤལ་མིག་ཡངས་མའི།།
མཆུ་སྒྲོས་གེ་སར་འཛུམ་པ་ལས།།
གསང་ཚིག་སྙིང་གི་བདུད་རྩིའི་རྒྱུན།།
རྣ་བའི་འདོད་འཇོ་དཔྱིད་དུ་སྐྲུན།།ལྟ་བུ།
ཚེག་བར་བརྒྱད་པ་ཅན། འདི་ལའང་རིགས་གསུམ་ཡོད་དེ།
༡༽ ཚེག་བར་བརྒྱད་པ་ཅན་ཐོག་མར་ལ་ངལ་གསོ་ཐོབ་པ།
གནམ་ཨ་སྔོན་མཐོན་པོའི་གུར་ཁང་ནས།།
ཚེས་བཅོ་ལྔའི་དུང་ཟླ་ཤར་བའི་ཚེ།།
ངས་དྲིན་ཅན་ཨ་མའི་ཞལ་རས་དེ།།
དྲན་དྲགས་ནས་མིག་ཆུ་དབང་མེད་ཤོར།།ལྟ་བུ།
༢༽ ཚེག་བར་བརྒྱད་པ་ཅན་ངལ་གསོ་མི་ཐོབ་པ།
ལུས་འདི་རྒྱ་གར་ཡུལ་དུ་སྡོད་ཀྱང༌།།
སེམས་པ་གངས་ཅན་བོད་ལ་ཤོར་སོང༌།།
ཧི་མ་ལ་ཡའི་རི་བོ་བརྒལ་ནས།།
ང་རང་ཕ་ཡུལ་བོད་ལ་ལོག་འགྲོ།།ལྟ་བུ།
༣༽ ཚེག་བར་བརྒྱད་པ་ཅན་གསུམ་པ་དང་བརྒྱད་པ་ལ་ངལ་གསོ་ཐོབ་པ།
མཐོ་སྒང་གི་གངས་དཀར་ལྷུན་པོ་ལས།།
དྭངས་གཙང་གི་ཆུ་བོ་ཆེན་པོ་བཞི།།
འཕགས་བོད་ཀྱི་ཞིང་ཁམས་འགྲིམས་པའི་མཐར།།
མུ་མེད་ཀྱི་རྒྱ་མཚོའི་ཀློང་དུ་ཐིམ།།ལྟ་བུ།
ཚེག་བར་དགུ་པ་ཅན་གྱི་སྡེབ་སྦྱོར། འདི་ལའང་རིགས་གསུམ་ཡོད་པ་ལས།
༡༽ ཚེག་བར་དགུ་པ་ཅན་ཐ་མ་ལ་ངལ་གསོ་ཐོབ་པ།།
ལྷག་བསམ་ག་བུར་ཞུན་མའི་འོད་ཞགས་ཀྱིས།།
ལང་ཚོའི་འཕེལ་ཁ་དར་བའི་གཞོན་སྐྱེས་ཚོའི།།
ཤེས་རིག་ཆུ་གཏེར་འཕེལ་བའི་ཟླ་གཞོན་ཞིག༌།
ཕྱོགས་འདིར་ཤར་བས་ཡིད་དབང་མི་འཕྲོག་སུ།།ལྟ་བུ།
༢༽ ཚེག་བར་དགུ་པ་ཅན་བདུན་པ་ལ་ངལ་གསོ་ཐོབ་པ།
ཆར་ལྡན་སྤྲིན་གྱི་ལྡིང་ཁང་གི་དབྱིངས་ནས།།
དབྱར་སྐྱེས་རྔ་ཆེན་ལྷང་ལྷང་དུ་ལྡིར་དུས།།
ཙནྡན་ལྗོན་པའི་ནགས་ཀླུང་གི་གསེབ་ནས།།
རྨ་བྱ་དགའ་བའི་ཟློས་གར་ལ་ཆས་སོང༌།།ལྟ་བུ།
༣༽ ཚེག་བར་དགུ་པ་ཅན་ལྔ་པ་ལ་ངལ་གསོ་ཐོབ་པ།
འཛམ་གླིང་མཐོ་སྒང་གི་རལ་པའི་རྩེ་ན།།
གངས་ཅན་བོད་ལྗོངས་ཀྱི་ཞིང་ཁམས་ཆགས་ཡོད།།
ཞི་བདེ་བསྟི་གནས་ཀྱི་ཞིང་ཁམས་དེ་ན།།
ཆོལ་གསུམ་བོད་རིགས་ཀྱི་མི་དམངས་གནས་ཡོད།།ལྟ་བུ།
ཚེག་བར་བཅུ་པ་ཅན་གྱི་སྡེབ་སྦྱོར། འདི་ལའང་རིགས་གསུམ་ཡོད་པ་ལས།
༡༽ ཚེག་བར་བཅུ་པ་ཅན་དང་པོ་དང་བརྒྱད་པ་ལ་ངལ་གསོ་ཐོབ་པ།
མཐོང་མ་མྱོང་གྲགས་ཅན་རྒྱ་གར་གྱི་ལུང་པ།།
ཞིང་དག་པ་ལྷ་ཡུལ་ཡིན་སྣང་ཞིག་ཤར་ནས།།
ནམ་ཉིན་མཚན་ལྟོས་མེད་མགྱོག་པ་རུ་སླེབས་ཀྱང༌།།
དོན་དངོས་ལ་རྐང་གཉིས་མི་ཡུལ་ཞིག་རེད་འདུག།ལྟ་བུ།།
ཚེག་བར་བཅུ་པ་ཅན་གསུམ་པ་དང་བརྒྱད་པ་ལ་ངལ་གསོ་ཐོབ་པ།
སྔོ་ལྗང་གི་གཡུ་ལོའི་གོས་བཟང་གིས་མཛེས་པའི།།
ཡིད་འོང་གི་ལྕང་གླིང་གྲུ་བཞི་ཡི་གསེབ་ན།།
དྲུག་འགྱུར་གྱི་གླུ་དབྱངས་ལྷང་ལྷང་དུ་སྒྲོག་པའི།།
དཔྱིད་དུས་ཀྱི་ཕོ་ཉ་སྐུ་མགྲོན་དུ་ཕེབས་བྱུང༌།།ལྟ་བུ།
༣༽ ཚེག་བར་བཅུ་པ་ཅན་བདུན་པ་དང་བཅུ་པ་ལ་ངལ་གསོ་ཐོབ་པ།
དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་རྫིང་བུའི་འགྲམ།།
འདབ་ལྡན་སྦྲང་རྩིའི་རྒྱལ་མཚན་གྱི་ལྡུམ་ར་ན།།
རྐང་དྲུག་བུང་བ་གཞོན་ནུ་ཡིས་གླུ་ལེན་ཞིང༌།།
རྣམ་བཀྲ་ཕྱེ་ལེབ་སྒེག་མོ་ཚོས་གར་ལ་རྩེན།།ལྟ་བུ།
ཚེག་བར་བཅུ་གཅིག་ཅན་གྱི་སྡེབ་སྦྱོར། འདི་ལ་རིགས་གསུམ་སྟེ།།
༡༽ ཚེག་བར་བཅུ་གཅིག་པ་ཐ་མ་ལ་ངལ་གསོ་ཐོབ་པ།
གཞོན་ནུའི་ཁ་སྦྱོར་ཞབས་བྲོ་འཁྲབ་སའི་གདིངས་ཆའི་སྟེང༌།།
ཁྱོད་ཀྱིས་ང་ལ་ཐེར་ཟུག་འཕེན་པའི་མིག་ཞགས་དང༌།།
ང་ཡི་ལག་པའི་གླང་སྣ་ཁྱོད་སར་བརྐྱངས་པ་དེ།།
ཁྱོད་ཀྱི་དྲན་འཛིན་ངོས་ལ་ནམ་ཡང་བརྗེད་མི་སྲིད།།ལྟ་བུ།
༢༽ ཚེག་བར་བཅུ་གཅག་པ་དགུ་པ་ལ་ངལ་གསོ་ཐོབ་པ།
ཏཱ་ལའི་ནགས་མ་འཁྲིགས་པའི་ལྷོ་ཕྱོགས་ཀྱི་མཐའ་འདིར།།
མེ་ལྕེ་དམར་པོ་འབར་འདྲའི་ཚ་བ་འདི་སླེབས་དུས།།
འདབ་དྲུག་ཁ་བའི་མེ་ཏོག་ཟིལ་ཟིལ་དུ་འཕུར་བའི།།
བྱང་རྒྱུད་གངས་ལྷ་སྒེག་མོའི་ཕང་པ་དེ་དྲན་བྱུང༌།།ལྟ་བུ།
༣༽ ཚེག་བར་བཅུ་གཅིག་པ་ལྔ་པ་ལ་ངལ་གསོ་ཐོབ་པ།
གངས་ལྡན་བསིལ་ལྗོངས་ཀྱི་མེས་དབོན་སྲོང་བཙན་པོས།།
སུམ་གཉིས་ས་ཁྱོན་ལ་ཞབས་རྗེས་བཀོད་པའི་དུས་དེར།།
ཤར་ཕྱོགས་ཙི་ན་ཡི་བུ་མོ་བོད་དུ་བསུས་ཏེ།།
ར་ས་འཕྲུལ་སྣང་གི་ལྷ་ཁང་ཆེན་མོ་བཞེངས་སོ།།ལྟ་བུ།
ཚེག་བར་བཅུ་གཉིས་པའི་སྡེབ་སྦྱོར། འདི་ལ་རིགས་གསུམ་སྟེ།
༡༽ ཚེག་བར་ཅུ་གཉིས་པའི་རིགས་དང་པོ་ལྔ་པ་དང་བཅུ་པ་ལ་ངལ་གསོ་ཐོབ་པ།
གངས་རིའི་དགའ་ཚལ་གྱིས་མཛེས་པའི་མཐོ་སྒང་གི་ཞིང་ཁམས།།
བསིལ་ལྡན་བོད་ལྗོངས་ཀྱི་སྙིང་ནོར་ཇོ་ཁང་གི་ནང་ན།།
ཚེ་རབས་གཏན་མདུན་གྱི་སྐྱབས་གནས་ཇོ་བོ་ཡི་སྐུ་བརྙན།།
མཇལ་ཚེ་སྙིང་དབུས་ནས་དད་པའི་གསོལ་འདེབས་ཤིག་ལོས་ཞུ།།ལྟ་བུ།།
༢༽ ཚེག་བར་བཅུ་གཉིས་པའི་རིགས་གཉིས་པ་ངལ་གསོ་མི་ཐོབ་པ།
ལྷོ་རོང་ནགས་མའི་གསེབ་ནས་ཁུ་བྱུག་གསུང་སྐད་ཐོས་བྱུང༌།།
འདས་དོན་ཕྱིར་དྲན་ཞིག་གིས་སེམས་པ་རླུང་གིས་བཀྱག་སོང༌།།
བདོས་བཅས་གཟུགས་པོ་འདི་ལ་གཤོག་པ་ཟུང་ཞིག་ཡོད་ན།།
ལྷོ་མཐའི་ཚ་བ་བཞག་ནས་བསིལ་ལྗོངས་བོད་ལ་འཕུར་འགྲོ། ལྟ་བུ།།
༣༽ ཚེག་བར་བཅུ་གཉིས་པའི་རིགས་གསུམ་པ་དང་པོ་དང་བཅུ་པ་ལ་ངལ་གསོ་ཐོབ་པ།
མཐོ་ནམ་མཁའི་དབྱིངས་སུ་ལྡིང་བའི་སྤྲིན་དཀར་གྱི་འདབ་མ།།
རླུང་ཟེར་ཞོན་ནས་མུ་མེད་ནམ་མཁའ་ལ་ལྡིང་ཞོར།།
བོད་བསིལ་ལྡན་ར་བའི་སྣོད་བཅུད་ཆ་ལག་གི་ཁྱོན་ལ།།
ཆར་ཟིལ་མའི་རྒྱུན་གྱི་མིག་ཆུའི་ཞལ་འདེབས་ཤིག་གནང་རོགས།།ལྟ་བུ།
ཚེག་བར་བཅུ་གསུམ་པ་ཅན་གྱི་སྡེབ་སྦྱོར། འདི་ལ་རིགས་གསུམ་ཡོད་པ་ལས།
 ༡༽ ཐ་མ་ལ་ངལ་གསོ་ཐོབ་པ།
བཅུ་ཕྲག་མཁྱེན་པའི་བློ་གྲོས་མུ་མེད་རྒྱ་མཚོའི་གཏིང་བཞིན་ཟབ།།
བྱམས་དང་བརྩེ་བའི་གཞན་ཕན་སྔོ་བསངས་ནམ་མཁའི་ལམ་ལས་ཡངས།།
འཕྲིན་ལས་བཟང་པོའི་མཛད་པ་ཉི་ཟླའི་འོད་ལྟར་ཀུན་ཏུ་གསལ།།
ཞི་བའི་དེད་དཔོན་མཆོག་ཁྱོད་འཛམ་གླིང་ཁྱོན་འདིར་ལྷུན་པོ་བཞིན།།ལྟ་བུ།
༢༽ བཅུ་གཅིག་པ་ལ་ངལ་གསོ་ཐོབ་པ།
ལྟ་ན་མིག་གི་བདུད་རྩིར་སྨིན་པའི་གཟུགས་མཛེས་ཀྱི་ལང་ཚོ།།
ཉན་ན་རྣ་བར་སིམ་པ་སྦྱིན་པའི་སྙན་འཇེབས་ཀྱི་རོལ་དབྱངས།།
བསམ་ན་སེམས་ལ་དགའ་བ་འཕེལ་བའི་ཉམས་འགྱུར་གྱི་སྒྱུ་རྩལ།།
གསུམ་ག་གཅིག་ཏུ་བསྡུས་པའི་དུས་རབས་གློག་བརྙན་འདི་མཛེས་པ།།ལྟ་བུ།།
༣༽ ལྔ་པ་ལ་ངལ་གསོ་ཐོབ་པ།
རྒྱ་བོད་དབྱིན་གསུམ་གྱི་མི་རིགས་འདྲ་མིན་འཚང་ག་བྱེད་ས།།
རྒྱལ་ས་ལྡི་ལི་ན་བཙན་བྱོལ་གསར་འབྱོར་སྟོང་ཕྲག་མང་པོ།།
ཕ་ཡུལ་ཕ་མ་དང་ཉེ་འདུ་སྤུན་མཆེད་མཐའ་དག་བཞག་ནས།།
མི་ཚེ་མདུན་ལམ་གྱི་རྐང་པའི་གོམ་ཁ་དལ་གྱིས་བསྒྱུར་སོང༌།།ལྟ་བུ།།
ཚེག་བར་བཅུ་བཞི་པ་ཅན་གྱི་སྡེབ་སྦྱོར། དང་པོ་དང་བརྒྱད་པ་ལ་ངལ་གསོ་ཐོབ་པ།
གངས་ཏི་སེ་མཐོན་པའི་རི་བརྒྱུད་ནས་འབབ་པའི་གཙང་ཆབ་རྣམ་བཞི།།
ལྷོ་འཛམ་གླིང་ཟླུམ་པོའི་དབུས་འགྱུར་གྱི་ཞིང་ཁམས་ཁྱོན་ལ་འབྱམས་ནས།།
མཐའ་ཡས་པའི་འགྲོ་བའི་སྐོམ་གདུང་གི་མེ་ལྕེ་བསད་པའི་ཞོར་ལ།།
གཏིང་ཟབ་པ་ལྷོ་མཐའི་ཆུ་གཏེར་གྱི་ཁོག་པའི་ཀློང་དུ་ཐིམ་འགྲོ།།ལྟ་བུ།
ཚེག་བར་བཅོ་ལྔ་པའི་སྡེབ་སྦྱོར། ཐ་མ་ལ་ངལ་གསོ་ཐོབ་པ།
ཞོགས་པའི་ཉི་རྡུལ་མཁའ་མཐའ་འཛུམ་དུས་སློབ་གྲྭའི་ཅོང་བརྡ་དལ་གྱིས་རྡུང༌།།
འཕགས་བོད་རྒྱལ་གླུ་སྙན་པའི་འགྱུར་ཁུག་བསིལ་རླུང་འཇམ་པའི་རླབས་དང་འདྲེས།།
འཛིན་ཁང་ནང་དུ་སློབ་དགེ་མཁས་པས་གནའ་དང་དེང་གི་ཤེས་ཡོན་བསླབ།།
ཨེ་མ་མ་འོངས་བོད་ཀྱི་སོན་རྩ་ན་གཞོན་བོད་ཀྱི་སློབ་ཕྲུག་ཚོ།།ལྟ་བུ་སྟེ།

འདི་ནས་ཚེག་བར་སོ་གསུམ་བར་གྱི་སྡེབ་སྦྱོར་ཡོད་ཀྱང་འབྲི་སྲོལ་དེ་ཙམ་མི་ཆེ་ཞིང༌། ལྷག་པར་སྡེབ་སྦྱོར་ལ་བྱང་ཆ་དེ་ཙམ་མེད་པ་རྣམས་ཀྱིས་ཚེག་བར་ཧ་ཅང་མང་བའི་སྡེབ་སྦྱོར་གྱི་རྩོམ་ཡིག་འབྲི་ན་ཀློག་དཀའ་བ་དང་སྙན་ཆ་མེད་པ་སོགས་ཀྱི་ཞན་ཆ་འབྱུང་སླ་བ་དང༌། ཀློག་མཁན་སྤྲོ་བ་སྐྱེད་པའི་གསོན་ཉམས་ལྡན་པ་ཞིག་ཡོང་དཀའ་བ་རྒྱུན་ལྡན་རྩོམ་ཡིག་འབྲི་སྐབས། འདི་ཡན་གྱི་ཚེགས་བར་མང་བའི་སྡེབ་སྦྱོར་གྱི་རྩོམ་ཡིག་མ་བྲི་ན་བཟང་བ་སྙམ། སྡེབ་སྦྱོར་དང་རྩོམ་རྩལ་གྱི་གདེང་ཐོབ་པའི་ཚད་མཐོའི་རྩོམ་པ་པོ་ཞིག་གིས་ཚེག་བར་ཧ་ཅང་མང་བའི་སྡེབ་སྦྱོར་གྱི་རྩོམ་ཡིག་འབྲི་བར་རྩོམ་རིག་དང་སྒྱུ་རྩལ་གྱི་ཆེ་བ་འབུར་དུ་ཐོན་པ་ལས། ཚིག་སྦྱོར་ལ་གསོན་ཉམས་དང་བྲོ་བ་བརླག་པའི་ཞན་ཆ་མི་འབྱུང་སྟེ། དཔེར་ན། མཁས་གྲུབ་རྗེའི་ཊིཀ་ཆེན་གྱི་མཆོད་བརྗོད་དང༌། བོ་དོང་པཎ་ཆེན་འཇིགས་མེད་གྲགས་པའི་སྟོད་ཚོགས་ཁག ཞང་ཞུང་བའི་རཱ་མ་ཎའི་རྟོགས་བརྗོད་ལྟ་བུར་གཟིགས་ན་ཤེས་ཐུབ། དེས་ན་སྡེ་སྦྱོར་ལ་བྱང་བའི་ཆེད་ཚེག་བར་སོ་གསུམ་བར་དུ་དུས་ཚོད་ཀྱིས་ཁོམ་པ་བྱུང་ན་དཔེར་བརྗོད་ཀྱི་ལམ་ནས་སྦྱོང་དགོས།
འདིར་ས་བཅད་མ་སྟོང་ཙམ་དུ་ང་རང་གིས་བྲིས་པའི་དེབ་གཞན་དང་གཞན་དུ་བཀོད་ཟིན་པའི་ཚེག་པ་མང་བའི་སྙན་ཚིག་འགའ་ཞིག་དཔེ་མཚོན་དུ་འགོད་ན།

ཚེག་བར་བཅུ་དགུ་པ་མཐའ་མ་ལ་ངལ་བསོ་ཐོབ་པ།
གང་ཡང་བདེ་གཤེགས་ཆོས་ཚུལ་མྱ་ངན་མེད་པའི་ཚལ་དག་མཁྱེན་པའི་རྐང་སོར་བརྡར་བ་དང༌།།
ལྷན་ཅིག་རྐང་གདུབ་སིལ་བའི་གཡེར་ཁའི་ལེགས་བཤད་དབྱངས་ལྡན་ལི་ཁྲིའི་རྡུལ་གྱིས་བགོས་པ་ཅན།།
གསེར་སྦྱངས་གཙང་མའི་འཇོ་སྒེག་དང་འགྲོགས་བདེ་སྟོང་སྤྱན་ཡངས་ཨུཏྤལ་མཐིང་གའི་ཟུར་མིག་ལ།།
རྒྱལ་རྣམས་མི་ཕྱེད་དབྱིངས་རིག་ཀློང་ནས་རྗེས་ཆགས་འཛུམ་པའི་མཚམས་སྤྲིན་ལག་པ་བསྲིངས་པ་སྙམ།།

ཚེག་བར་ཉེར་གསུམ་པ།
ཟབ་བརླིང་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་རླབས་ཀྱི་འཁྲི་ཤིང་གཡོ་བ་འགོག་མེད་རབ་འབྱམས་ཁམས་སུ་བསྙེགས།།
ངེས་དོན་ཇི་བཞིན་སྨྲ་བའི་རོ་འཛིན་མེ་ན་ཀ༔ཡི་འགྱིང་བག་ལ་རེག་འཕགས་ཡུལ་པཎ་ཆེན་བྱེ་བས་ཀྱང༌།།
འགྲན་པར་མི་བཟོད་བསོད་ནམས་འཕྲུལ་གྱི་ལུས་སྟོབས་རབ་རྫོགས་གྲགས་པའི་གད་རྒྱངས་ཐུབ་བསྟན་ས་གསུམ་ཁྱོན་ན་སྒྲོག
ལུང་རིགས་དཔལ་གྱི་རྣམ་དཔྱོད་མཆོག་གྱུར་མཆེ་སྡེར་རྣོན་པོ་ཤ་ར་བྷ་དེ་ཐུབ་བསྟན་གངས་རིའི་མགོན་དུ་མཛེས།།[1]

ཚེག་བར་ཉེར་བདུན་པ།
མཐའ་དག་ཟླ་ཤེལ་གངས་རིའི་ཁོར་ཡུག་སྨུག་འོད་དང་འགྲོགས་ཐུན་མཚམས་སྤྲིན་གྱི་དྲ་བ་བརྩེགས་པའི་ངོས་ན་འགྱིངས།།
རྣམ་དག་ཐུབ་པའི་དགོངས་དོན་ཡོངས་རྫོགས་དབྱངས་ཀྱི་ང་རོས་ལོག་སྨྲའི་ཝ་སྐྱེས་སྙིང་དང་ལྷན་ཅིག་འདར་བར་བསྟེན།།
དཔལ་ལྡན་སྟོབས་བཅུ་མངའ་བ་ཀུན་གྱི་མཛད་པ་གཅིག་ཏུ་སྤུངས་པའི་དཔལ་སྟུག་འཕྲིན་ལས་རལ་པའི་ཁུར་འཆང་བ།།
ཁ་བའི་ལྗོངས་འདིའི་སེངྒེ་སྲབ་མེད་ཐུབ་བསྟན་གངས་རི་སྐྱོང་བའི་དཔལ་ལྡན་འཇམ་མགོན་ས་པཎ་ཡབ་སྲས་བསྔགས།།
ཡང་ན།
གང་ཞིག་གང་གིས་ཇི་ལྟ་ཇི་སྙེད་ཤེས་བྱའི་ན་ཆུང་ལང་ཚོའི་དཔལ་ཀུན་དམར་སེར་མཚན་དཔེའི་འོད་ཞགས་འཁྱོག་པོས་ཀུན་ནས་འཆིངས།།
སྒྲ་དབྱངས་རྒྱ་མཚོའི་རླབས་ཀྱི་ཐིག་ལེ་འགྲམ་པའི་ཆང་གི་ཟོལ་དུ་འཐོར་བཞིན་ལེགས་པར་གསུངས་པའི་འཕྲིན་ལས་སྣུམ་པོས་བ་ཀུ་ལ་ཡི་འདབ་ཕྲེང་བརྟས།།
མཐའ་ཀླས་ཆོས་ཚུལ་ཀླུང་བཞི་འཐུང་བའི་མཁྱེན་རབ་ཆུ་གཏེར་རལ་པའི་རླབས་ལྡན་བརྩེ་ཆེན་ཟླ་གཞོན་གནམ་མཐོངས་དབྱིངས་འཕགས་དྲག་པོའི་མགོ་སྐྱེས་གཙུག་ན་འཛེགས།།
ཉེས་པའི་རྩུབ་རེག་མཚོན་གྱིས་མ་བསླད་འཇམ་པའི་དཔལ་གྱི་དྲུག་ཅུའི་དབྱངས་ལྡན་ངག་རིག་སྨྲ་བའི་མགྲིན་པའི་གུར་ན་འགྱིངས་པ་དེ་ལ་ཕྱག་འཚལ་ལོ།།[2]
ཡང་ན
མེས་པོའི་ཞལ་ཆབ་ཐིག་ལེ་སྲུབས་སྐྱེས་ཞབས་སེན་ཟླ་བའི་འོད་ཐིག་ཟླུམ་པོས་དྲེགས་ལྡན་རལ་པའི་གདེངས་ཀ་ལ་བསྣུན་མགོ་སྐྱེས་ས་ལ་དྲུད་བཞིན་བསྙིལ།།
སྨྲ་བའི་འབབ་སྟེགས་ལི་ཁྲིའི་རྡུལ་འཆང་སྨུག་རྩིའི་ཆུ་རིས་མཁའ་མཐར་དཀྲིགས་ལས་སྡོམ་བཞིའི་གསུང་གི་སྤྲིན་གྱི་མེ་ཏོག་སིལ་མར་འཇོ།།
རྐང་གདུབ་ཀྱིས་མཛེས་འཁོར་ལོའི་ལག་ལྡན་མངོན་པར་རབ་ཆགས་རིག་བྱེད་དཔྱིད་ཀྱི་ཆུ་གཏེར་གཡོ་ལྡན་ཁ་ཡི་སྒོ་ནས་རླབས་ཀྱིས་འཕྱོ།།
སྨིན་འཁྱོག་དཀྱུས་རིང་མཐིང་ཀའི་ཟུར་མིག་ཨུཏྤལ་རྣོན་པོས་རྒྱལ་རྣམས་དབྱིངས་ནས་བསྐུལ་དང་ལྷན་ཅིག་བདག་ཀྱང་སྲུངས་ཤིག་དབྱངས་ལྡན་མ།།[3]

ཚེག་བར་སོ་གཅིག་པ།
འཆར་ཁའི་ཉི་མའི་སྨུག་འོད་འཐུང་བའི་མཚམས་སྤྲིན་ལ་ཆགས་བརྒྱད་གཉིས་ལང་ཚོའི་ཁེངས་པ་རབ་བརྩེགས་མིག་སྨན་མདངས་འཁྱུད་ཐོར་ཅོག་རལ་པའི་ཟུར་ཕུད་འཕྱངས།།
མཐའ་དག་ཤེས་བྱའི་ཨུཏྤལ་མིག་ཅན་གཅིག་ཏུ་དགུག་པའི་ཐུགས་ཀྱི་མཁྱེན་རབ་དོན་ཡོད་ཞགས་པའི་འཕྲུལ་གྱི་མེ་ལོང་ཉི་མ་བྱེ་བའི་མདངས་དང་འདྲེས།།
བཞི་ལྷག་དྲུག་ཅུ་དྲྀ་ཟའི་འཇིག་རྟེན་རྫོགས་པའི་དབྱངས་བདུན་རི་མོ་གསུམ་པའི་དཔལ་གྱི་མགུལ་བར་མངོན་པར་རབ་ཆགས་རྨ་བྱ་དགའ་བའི་འབབ་སྟེགས་འཆང༌།།
ཐུབ་པ་ཕྱོགས་ཀུན་རི་དྭགས་མིག་ཅན་དག་གི་སྙིང་ལ་མངོན་པར་ཆགས་པ་ཡེ་ཤེས་ལུས་ཅན་སྒྱུ་འཕྲུལ་དྲ་བ་འཇམ་དཔལ་རྡོ་རྗེ་རྣོན་པོས་སྐྱོངས།།
ཡང་ན
དཔལ་སྟུག་གསུང་གི་རི་སྐྱེས་ལ་ཆགས་དམ་པའི་སྐྱེས་མཆོག་བདེ་འབྱུང་རལ་པའི་གཙུག་ན་བཀུར་བས་མཚན་མོར་རྒྱུ་བ་སྨྲ་ངན་མགྲིན་བཅུ་དཔུང་དང་བཅས།།
རྣམ་དག་ཁྲིམས་གྱི་དམ་བཅའ་གསུམ་ལྡན་ཉག་ཕྲན་རྣོན་པོས་བཀུམས་དང་ལྷན་ཅིག་སྟོང་ཉིད་སྙིང་རྗེ་སི་ཏའི་ལང་ཚོ་སྙིང་གི་དགའ་མ་ལ་བསུས་པས།།
མཐའ་དག་ཆོས་ཚུལ་ཤིང་རྟ་བཅུ་པའི་ས་ཁྱོན་དག་ལ་མཁྱེན་རབ་དཔལ་གྱི་འཇུག་པ་བཅུ་པས་ཞབས་སྐྱེས་རྩིབས་སྟོང་འཁོར་ལོ་འབར་བའི་རེ་ཁཱ་བཀོད།།
ལེགས་ལྡན་ཚུལ་འདི་གྲོང་མཁར་རྒན་པོས་རྟོག་བཟོས་བསྐྲུན་པ་ལངྐའི་གྲོང་འཇོམས་རཱ་མ་ན་ཞེས་སྔོན་དུ་གྲགས་པའི་རིག་བྱེད་གཏམ་རྒྱུད་དེ་མ་ལགས།།
ཡང་ན
མེས་པོའི་ཞལ་ཆབ་ཐིག་ལེ་སྲུབས་སྐྱེས་ཞབས་སེན་ཟླ་བའི་འོད་ཐིག་ཟླུམ་པོས་དྲེགས་ལྡན་རལ་པའི་གདེངས་ཀ་ལ་བསྣུན་མགོ་སྐྱེས་ས་ལ་དྲུད་བཞིན་བསྙིལ།།
སྨྲ་བའི་འབབ་སྟེགས་ལི་ཁྲིའི་རྡུལ་འཆང་སྨུག་རྩིའི་ཆུ་རིས་མཁའ་མཐར་དཀྲིགས་ལས་སྡོམ་བཞིའི་གསུང་གི་སྤྲིན་གྱི་མེ་ཏོག་སིལ་མར་འཇོ།།
རྐང་གདུབ་ཀྱིས་མཛེས་འཁོར་ལོའི་ལག་ལྡན་མངོན་པར་རབ་ཆགས་རིག་བྱེད་དཔྱིད་ཀྱི་ཆུ་གཏེར་གཡོ་ལྡན་ཁ་ཡི་སྒོ་ནས་རླབས་ཀྱིས་འཕྱོ།།
སྨིན་འཁྱོག་དཀྱུས་རིང་མཐིང་ཀའི་ཟུར་མིག་ཨུཏྤལ་རྣོན་པོས་རྒྱལ་རྣམས་དབྱིངས་ནས་བསྐུལ་དང་ལྷན་ཅིག་བདག་ཀྱང་སྲུངས་ཤིག་དབྱངས་ལྡན་མ།།[4]

ཚེག་བར་སོ་ལྔ་པ།

གང་གི་བེ་ཅོན་འཐོར་རླུང་རེག་པས་ཁམས་གསུམ་ཆུ་འཛིན་གཅིག་ཅར་ཐོར་བྱེད་གཤིན་རྗེའི་གདོང་བ་དཀྱིལ་འཁོར་དབང་བོའི་ཞལ་གྱི་རྗེས་སློབ་མངག་གཞུགས་ལས་ནི་འཛིན་པའི་ཁེངས།།
འཇིག་རྟེན་འདི་ན་གཅིག་ཏུ་དྲེགས་ལྡན་སྲིད་སྲེདམེད་སྲས་པོ་དགུ་ཡི་ཞལ་གྱི་དྲག་པོའི་གད་རྒྱངས་འཇིགས་པ་བརྒྱས་ཉེན་ཞབས་ཀྱི་ས་འོག་གདོང་བ་ཕྱོགས་པས་འདར་ཞིང་ཉལ།།
མུན་པ་བྱེ་བས་བྱུག་ལྟར་གནག་པའི་སྐུ་ཡིས་ཉིན་བྱེད་འབུམ་གྱི་མདངས་འཕྲོག་གཟི་བྱིན་བཟོད་དཀའ་བྱེད་པའི་སྙེང་དང་གདོང་བ་གས་གྱུར་ཕྱོགས་བཞིར་སྐྱབས་འཚོལ་རྟོག་པར་བྱེད།།
རྒྱལ་སྲལ་དགྲ་བཅོམ་བླ་ཆེན་མར་ཡེ་ཤེས་ཁྱོད་ཐུགས་ཀུན་གསལ་ཕ་མཐའ་གསལ་མིན་འཇིགས་རུང་དྲག་ཤུལ་མཛེས་སྡུག་ལ་ཆགས་ཁྱོད་སྐུའི་ཏིང་འཛིན་གཡོ་བ་མེད་པའི་ཕྱག་བགྱིད་དོ།།[5]
ཡང་ན།
མཐའ་དག་སྲིད་ཞིའི་མཛེས་པ་གཅིག་བསྡུས་དཀྱིལ་འཁོར་ཡོངས་རྫོགས་མཚན་དཔེའི་མཛེས་སྐུ་རི་དྭགས་མཚན་མས་ལེགས་བརྗོད་མ་དང་དཔལ་མོའི་ཁེངས་པ་སྟོབས་ལྡན་མནན་པའི་འགྲམ་ན་བཅིངས།།
སྨིན་འཁྱོག་དཀྱུས་རིང་ཨུཏྤལ་མཐིང་གའི་ཟུར་མིག་དང་འགྲོགས་བདེ་ཆེན་ནུ་འབུར་དར་བའི་ལང་ཚོས་རྒྱལ་རྣམས་མི་ཕྱེད་དབྱིངས་རིག་ཀློང་ནས་ཐུགས་ཀྱི་བརྟན་པ་འཕྲོག་དང་ལྷན།།
ཟབ་དང་རྒྱ་ཆེའི་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་ཆོས་ཚུལ་དྲི་ཟའི་རྒྱུད་མངས་ཁོག་ནས་དྲངས་པའི་འགྱུར་ཁུག་སྙན་པོ་དབྱར་གྱི་རྔ་དང་ཁུ་བྱུག་གཞོན་ནུའི་དྲུག་འགྱུར་བཞིན།།
གཙུག་ལག་ལི་ཤིའི་དྲི་བསུང་རབ་འཐུལ་མཆུ་སྒྲོས་ཨུཏྤལ་དམར་པོའི་འཛུམ་ལྡན་ཀུན་དགའི་དཔལ་གྱུར་ངང་པའི་བུ་མོ་དབྱངས་ཅན་མ་ཁྱེད་བདག་མགྲིན་འོ་མའི་མཚོ་ན་རྩེན།།

ཚེག་བར་ཞེ་གསུམ་པ།
ཕུན་ཚོགས་བློ་ཆེན་དྲི་མེད་སྣང་བ་ཕྱོགས་ཀྱི་མཐར་སྤྲོ་ཀུན་རྨོངས་མུན་པས་ནམ་ཡང་སྒྲིབ་མེད་མྱང་འདས་ཞི་བའི་འཆི་མེད་ལམ་བཟང་སྐྱེད་ཚལ་ཉམས་དགར་ཏིང་འཛིན་མལ་དུ་དངོས་འཛིན་འོག་པག་ལྷུང་གྱུར་ཅིག།།
སྙིང་རྗེའི་ལང་ཚོ་ཡོངས་སུ་རྫོགས་པ་མཛེས་སྡུག་ཡབ་ཀྱི་རག་པ་ལས་འདས་སྤུ་ལོང་རྣམ་རྒྱས་དཔའ་བོའི་བརྟན་པ་གཅིག་ཆར་འགོག་མཁས་མ་མཆུའི་སྦྲང་རྩིའི་རྩིཉེར་སྟེར་ཚེམ་ཕྲེང་རྒྱུ་སྐར་བུ་མོའི་དཔལ།།
བདེ་ཆེན་བདག་པོའི་རོ་འཛིན་གློག་གི་གོ་དམར་གོས་གྱོན་པིམ་པའི་མདངས་བཟང་མཚོན་རིས་བཀྲ་བའི་མཆུ་སྐྲོས་ཟུང་དག་འདབ་བརྒྱའི་འདབ་མ་ཞལ་རས་ཟླ་བའི་འོད་ཀྱིས་འཛུམ་ཞིང་མཐོན་མཐིང་དབུ་སྐྲའི་འཆིང་བ་ལྷོད།།
གང་ཡང་རྟོང་ཉིད་ཡོལ་བའི་ཕག་ཏུ་འདོད་སྒྲོགས་གྲོགསརྣམ་པར་རྦེད་མཁས་སྒྲུབ་པོ་མཐའ་དག་སྐྱབས་པ་ལ་རེངས་གར་གྱིས་གོམ་སྟབས་མྱུར་འགོད་ཞབས་གདུབ་རིན་ཆེན་ཆུ་བོའི་རལ་པས་རལ་བའི་ཕྲེང་བ་མཛེས་གྱུར་ཅིག།།[6]

ཚེག་བར་བརྒྱ་དང་སོ་ལྔ་ཅན།

དཔལ་ལྡན་ལྗགས་ཀྱི་ལི་ཁྲིའི་རྡུལ་ལས་ལང་ཚོ་ཐོབ་པའི་མཁས་མང་ལུས་ཅན་མཁའ་ཡི་གོས་བཟང་ཀུན་གསལ་གདོང་ལ་སྨག་རྩིའི་ཆུ་རིས་བྱེ་བ་བརྒྱ་འགོད་ཀུན་ཕན་ཁུར་གྱིས་རྣམ་པར་ངལ་བའི་སྙིང་རྗེའི་སྒྲ་དབྱངས་གསང་མཐོར་སྒྲོགས་པའི་སྲིད་པའི་རྩེ་མཔའི་རོལ་མོའི་དཔལ་བགྱིད་ཆོས་སྡོམ་རྣམ་བཞིའི་དབྱངས་ཀྱི་ང་རོ་གད་མོ་ཆེར་སྒྲོགས་ལུས་ཅན་ཀུན་གྱི་འོན་པའི་གོ་སྐབས་སྲིད་པའི་བློ་དང་ལྷན་ཅིག་འཕྲོག་བྱེད་རྒྱལ་བ་མཐའ་དག་དྲུག་ཅུའི་གསུང་སྙན་གཅིག་ཏུ་གྱུར་གང་གླུ་སྙན་འདི་ལ་རོ་གཅེག་ཞུགས་པ་སྲིད་པའི་མཐའ་མར་རྒྱུན་ཆགས་མེད་འདིས་རྣམ་པར་འབྲེལ་བའི་ཚིག་མདའི་བུ་རྣམས་འདོད་དོན་གར་གྱི་རོལ་རྩེད་བརྗོད་བྱེད་ཨེ་མ་འདི་ལ་སུ་ཡིས་འགོངས།།
ཞབས་མཐིལ་རྩིབས་སྟོང་འཁོར་ལོའི་བེར་གྱིས་སྐལ་བཟང་འབྱུང་བོའི་ཡུམ་གྱི་ལྟོ་པར་དགེ་མཚན་རི་མོ་གསར་དུ་འཕོ་བྱེད་ཁྱབ་འཇུག་ལག་པའི་ཕུན་ཚོགས་དཔལ་ནི་རྒྱ་མཚོའི་གོས་བཟང་ལྡན་བྱེད་ས་སྡེང་བགྲོད་རྣམས་མཐའ་དག་མཐའ་དག་འཁོར་ལོའི་བདག་པོར་བྱེད་མཁས་མ་རུང་རྩོད་པའི་དུས་ལ་སྡང་བ་རྫོགས་ལྡན་བཻཊཱུརྱ་དཀར་བོའི་ཆུ་ཁུར་བ་འདི་འདོད་དགུའི་ཆུ་ཡི་ཁོངས་བྱེད་རེ་བ་ཚིམ་འདོད་འདྲེན་བྱེད་ཡིད་འོང་ཁྱོན་དུ་ཕྱོགས་པའི་འདབ་བརྒྱའི་འདབ་མའི་རྩེ་གཅིག་འབྲུ་ཚུགས་ངེས་པར་འཛིན་བྱེད་གོས་བྲལ་སྙིང་རྗེ་པད་མའི་གེ་སར་རྩེ་ལ་དང་བ་རྒྱས་པའི་མིག་ཆུའི་ཟིལ་བ་རྣམ་པར་ཐོར་བའི་ཟེགས་མ་སྟོང་སྤྲོ་ཁྱོད་ལ་མཆོད་ཡོན་སྦྱིན་པའི་དགའ་བས་འགྲོ་འདི་བདེ།།
མཆོད་སྦྱིན་བརྒྱ་བའི་མགོ་སྐྱེས་ཕྲེང་བ་ཏཻ་ལ་ཀ་ཡི་སྐྲ་ཚོགས་རབ་རྒྱས་ལན་བུ་དོག་པ་དོ་ཀེར་དང་བྲལ་ཞབས་ཟུང་འདབ་གཤོག་སོར་གྱི་སྒྲོ་ལྡན་རྣམ་པར་རོལ་བའི་རྐང་སྟེགས་མཆོག་གང་བདེ་སོགས་བདག་པོའི་ཕྱག་གི་ཆུ་སྐྱེས་ཁྱོད་ཡོན་སྙིང་སྟོབས་དྲི་ལེན་གྱིས་འདར་རིན་ཆེན་རྒྱན་གྱི་དཔྱིད་ཀྱིས་ངལ་བའི་ཟོལ་གྱིས་འདེགས་ཤིང་གཡོ་བའི་རྫུ་ལ་རྣམ་པར་བརྟེན་བྱས་ཞབས་སེན་ཟླ་བ་གསར་བའི་འོད་ཀྱི་ལག་སོར་འདབ་མ་ཀུན་དུ་ཟུམ་པས་ནུས་ལྡན་སྤྱི་བོར་ཐོར་ཅོག་བགྱིད་འདྲ་མགོ་འཛེན་དམའ་བའི་མཆུ་སྒྲོས་འདབ་མ་ཟུར་མིག་དང་འགྲོགས་སྙན་གོང་ཨུཏལ་གདེངས་ཀའི་རྒྱན་ལ་མཆོད་པའི་དོན་སླད་བསྐུལ་བ་ལྷུར་ལེན་གཙང་མ་རིགས་ཀྱི་ལྷ་ལ་ཡང༌།།
དགེ་ལེགས་མཁྱེན་རབ་ཆུ་ཡི་གཏེར་ཆེན་བདུད་དང་མུ་སྟེགས་ཕས་ཀྱི་རྒོལ་བའི་ཀ་ལན་དྷ་ཀ་འདབ་གཤོག་ཟུང་འདར་ལྟ་བ་ཉམས་བྱེད་དྲི་མེད་རིས་ཚུལ་རྦ་རླབས་ཕྲེང་བ་ནམ་མཁར་འཕྱོ་ཞིང་དཔལ་ལྡན་སྐལ་བཟང་ཙ་ཏ་ཀ་ཡི་བུ་མོའི་ཚོགས་ལ་སེམ་པ་ཉེར་སྟེར་རྣམ་དག་ལྷག་བསམ་དབུ་བའི་དྲ་བས་རྒྱ་ཆེར་གཡོག་པས་ཕྱོག་ཀྱི་གདོང་བ་ཀཽ་རུའི་མདོག་གིས་ལྷམ་མེར་མཛེས་བགྱིད་ཆ་ཤས་བདག་པོའི་བཞིན་བཟང་ལ་ནི་སུ་ཡང་ནམ་དུའང་གུས་པ་དམན་གྱུར་མདོ་དང་རྒྱུད་སྡེའི་ཟབ་དོན་སྟོང་གི་ཀཽ་རུ་དང་མར་གད་འབར་བས་ཁྱོད་ཞབས་གྲུ་གཟུངས་གཟིངས་བསྟེན་པ་རྣམས་ལ་ནམ་ཡང་སྒུད་པའི་གོ་སྐབས་འཕྲོག་མཛད་དེ་ལ་ཕྱག་འཚལ་གྲོལ་བར་བྱེད།།[7] ལྟ་བུ།

ཚེག་བར་ཉིས་བརྒྱ་ཞེ་དགུ་ཅན།
རབ་གསལ་འོད་ཟེར་ཕྲེང་བས་བའིའོད་ཀྱིས་ནང་གི་མུན་དང་གདུག་པའི་བློ་མིག་ཅིག་ཆར་ཉམས་བྱེད་དངོས་ཀུན་ངང་ཚུལ་མ་ལུས་ཡོངས་གསལ་བདེ་ཆེན་ཏྲོད་དྲོདའབར་ཡེ་ཤེས་སྒྲོན་མ་གང་གི་གཟུགས་ནི་རྣམ་པར་འཛིན་བྱེད་ལྷ་རྣམས་རབ་བརྩེན་རྩེནརྡོ་རྗེ་རྒྱས་གང་རྩེ་བཙོ་མའི་གསེར་སྦྱངས་དག་པའི་འོད་བརྒྱས་མདངས་བཟང་བྱིན་པའི་རྒྱ་མཚོའི་གོས་ཅན་ཁོར་ཡུག་རྒྱ་ཆེན་ཆུ་གཏེར་ཟེགས་མའི་མཆོད་ཡོན་ལ་སྲེད་རང་རིག་དགྲ་ཡང་འདི་ཡིས་སྙིང་གིས་གི་མཛའ་བོར་བྱེད་མཁས་ངོགས་ཀུན་རབ་ཟླུམ་མྱ་ངན་མེད་པའི་ནགས་འཚལ་ཚལཆེན་པོར་དགེས་པ་དང་ལྡན་འབར་བའི་སྐྱ་ཅན་འབྱུང་བ་ཆེན་པོའི་ཡིད་གཅུགས་གྲོགས་ལ་ཆགས་པས་མྱས་མྱོསཔས་ཀུན་ཏུ་འཁོར་ལྡན་དྲི་གཞོན་དཔུང་ཅན་ཉིན་བྱེད་འབུམ་ཕྲག་རབ་ཏུ་རྒྱས་པས་སྔོ་སངས་མཛེས་སྡུག་ལང་ཚོ་སར་བས་ཕྱོགས་ཀྱི་འཁོར་ལོ་འགེངས་པར་བྱེད་པའི་རྗེས་སུ་དཔག་བྱ་ཡིད་འོང་ཀུན་འདུས་འདི་དག་ལེགས་བྱས་ཕུང་བོའི་ཁུར་གྱིས་ནམ་ཡང་མི་ངལ་ལྷ་ཡི་རི་བོར་རྡུལ་གྱིས་ཁྲུས་སྟེར་དབང་གི་རྒྱལ་བོ་རིན་ཆེན་རབ་བརྩེགས་བང་རིམ་འོད་ཟེར་དྲ་བ་བཞད་པས་སྲིད་པའི་འཁྲུལ་བ་ངོ་ཚའི་རྒྱར་ཆུད་གང་དིའི་ཅོད་ཎ་འདབ་བརྒྱ་རྙོག་བྲལ་མར་གད་མཚོན་གྱིས་ཉིས་སྟོན་ཁ་དོག་གཉིས་པ་མེད་བྱེད་ཀུ་མུཏ་གཉེན་སོགས་དཀྱིལ་འཁོར་ཟུང་གཉིས་དྲི་མེད་ཡན་ལག་འཛིན་མ་ཁྱབ་པར་འགོད་ལ་རིངས་གྱུར་ནོར་བུ་ཡི།།
ཕོ་བྲང་མཆོད་རྟེན་རྡོ་རྗེའི་རང་བཞེན་མཁའ་ནི་འཁོར་ཡུག་རང་འོད་ཀྱིས་གསལ་རྒྱལ་རྣམས་ལྕགས་ཀྱུ་མེད་པ་འཛིན་གྱེད་གསེར་གྱི་བ་གམ་འདྲེན་བྱེད་བཟོད་དཀའ་གཡེརཁའི་སྒྲ་ཡིས་འགྲོ་ཀུན་དབུགས་འབྱིན་རྒྱལ་མཚན་མཐོན་པོ་མཁའ་ཡི་ཚད་འཇལ་རྟ་བབ་ཕྲེང་བས་ཕྱོགས་ལ་རྒྱན་བཟང་ཅི་ཡང་རྒྱན་ཞིང་ཅི་དགར་ནེམ་དང་འབར་བར་བྱེད་ལ་རྐང་སེན་རེག་གང་ངེས་པར་གྲོལ་གྱུར་དེ་ཉིད་སྙིང་བོར་དབྱར་སྐྱེས་གོས་ཅན་རབ་གནས་སྙེང་སྟོབས་ཆེ་ཞིང་རྫུ་འཕྲུལ་ཆེ་ལྡན་ཉི་མ་ཟླ་བ་གདན་དུ་བྱེད་ཅིང་དེ་ལ་འགྲན་འདོད་གདོང་མུན་ཅན་ཡང་ཀུན་རྨོངས་མུན་པ་གཏན་དུ་རྒྱངས་བསྲིངས་ཞབས་རྡུལ་འོད་རིས་རེག་པ་དང་འགྲོགས་ཨིནྡ་རྙིལ་གྱི་དབང་བྱེད་ཕུང་བོར་འཁྲུལ་བ་བརྒྱར་བསྐྱེད་ཐུབ་རྣམས་ཟད་པར་སྔོན་པོས་བསམ་གཏན་བདེ་ལ་ཉེར་འགོད་གང་ཡང་ཟླ་བ་རང་འདོད་ལ་གུས་ཆུ་ཤེལ་ཁྲི་གདན་གོ་སར་གནས་བྱེད་རྐང་འཐུང་ལ་ནི་ཡོངས་འདུ་བཞིན་དུ་གང་ཚེ་ཟླ་བ་གཉིས་པ་མེད་ཚེ་ཅོད་པཎ་རྒྱན་ལ་གཅིག་ཏུ་སྲིད་ལྡན་མགྲིན་སྔོན་སྤྱི་བོ་ཅོད་པཎ་རྗེས་འགྲོ་གདོང་གི་མེ་ལོང་ལེགས་བྱས་སྟོང་གི་འཁོར་ལོའི་རི་མོས་ཅི་ཡང་མཛེས་པའི་ཞབས་མཐིལ་བརྒྱ་འཕོས་སྲིད་པ་གསུམ་གྱི་མཆོད་རྟེན་ཟླ་མེད་གོ་འཕང་ལ་རེག་དེ་ཡི་རྗེས་སློབ་མདའ་ལང་བ་ཡང་དགའ་མ་དངས་དང་བཅས དཀའ་ཐུབ་བཟློག་མའང་དགའ་བ་ཡི།།
དགའ་སྟོན་རོལ་བ་རྣམ་པར་ཉམས་པས་མཁུར་ཚོས་ཟུང་དག་མཁུར་འཛུམ་གྱིས་དམན་ཡེ་ཤེས་སྐུ་གང་བྲག་གི་རི་བོར་འཁུ་བའི་སེམས་འཆང་བདག་པོ་ཁུར་ཆེན་ངལ་དུབ་འགོད་སླད་ཡང་ཡང་བསྒྲིན་བྱས་བཟོད་དཀའི་འཁུན་བུ་དྲན་ཤེས་ཕོ་ཉའི་དབུཊ་ཀྱི་འགྲོན་པའི་བུའིསྲིད་སྲིནབུའི་ཁ་ཆུ་ལྟ་བུར་རབ་རྒྱུ་སོར་མོའི་འདབ་ཕྲེང་གྱེན་དུ་འདར་ལྡན་ཞབས་མཐིལ་རེག་པའི་དགའ་བས་མྱོས་པས་རང་གི་ཡི་དམ་ལན་བརྒྱར་བསྐྱུད་གྱུར་གང་འདི་ཡིད་བྱེད་མི་དེ་དག་ཀྱང་ལས་ཀྱི་སེར་བུའི་གདུང་བ་ཀུན་འཕྲོག་ཨེ་མ་ཁྱོད་ཞབས་བསྟེན་ལ་སུ་ཞིག་རེངས་པར་མི་བགྱིད་གྲངས་མེད་བསྐལ་བར་སྲོག་གི་ཚོགས་ཟོགས་སོགས བྱེ་བ་བརྒྱ་ཡི་མགོན་པོ་ཁྱོད་མཚན་དུས་ཀྱི་འཁོར་ལོའི་སྒྲ་ཙམ་རྙེད་དཀའ་དེ་ཐོས་སྒྲ་འཛིན་འཛིན་པ་ངེས་པར་སྐལ་བ་བཟང་ཞེས་ཡིད་དགའི་བསམ་གཏན་གོམས་པ་མེད་པར་རང་བྱུང་ཉིད་ཐོབ་འདི་ཡིས་སྲིད་པའི་རྩེ་མོའི་ཏིང་འཛིན་ལན་གྲངས་སྟོང་དུ་མིག་རས་བཙའ་བྱེད་འཇིག་རྟེན་འདི་དང་གཞན་དང་མཐོ་རིས་ངེས་པར་ལེགས་པས་ལེགས་བྱས་མཐའ་དག་གཟུགས་གཅེག་ཉིད་དུ་ བགྱིད་པའི་རྡུལ་མཉམ་ཉིན་བྱེད་ཁུ་བས་བྲན་བྱས་ཨིནྡ་ནི་ལའི་རྡུལ་རེ་ལའང་རབ་དང་རྡུལ་བཙེགས་དབང་བོས་མཁའ་ཡི་ཁོགས་པ་ཁེངས་པ་འཛིན་པས་ཤེས་བྱ་ཀུན་འཇལ་དེ་དང་ལྷན་ཅིག་སྲིད་མཐར་ཟི་ལ་མཉམ་པར་འཇོག་ན་མགོན་པོ་ཁྱོད་སྐུ་ཡི་སྐུའིའགྲན་ཟླར་འགྱུར་བརསེམས།།
མི་འགྱུར་བདེ་ཆེན་སྟོང་ཉིད་ཆེ་ལ་སྲིད་མའི་བར་དུ་ཆུ་ལ་དག་བྱེད་ཞུགས་པ་གང་དེའི་སྟོང་གཟུགས་འཇའ་མཚོན་སྐུ་ཡི་རྣམ་རོལ་དགའ་མའི་འཁྱུད་ལྡན་དེ་ལྟའི་མཛེས་པ་ནམ་ཡང་མི་གཏོང་དོན་འདི་མགོན་ཁྱོད་དྲིན་ལས་རྣམ་རིག་ཚུལ་འདོས་དགྲ་བཅོམ་འཕགས་པ་ཁྱོདརྣམས་ཡན་ལག་མཆོག་མྱོས་རྣམ་པ་ཐམས་ཅད་གསུང་གི་བང་མཛོད་མགྲིན་པ་ཁམས་གསུམ་མཛེས་བྱེདཡིད་འོང་ཞལ་རས་ཁྲོ་ཆགས་ཏིང་འཛེན་ཞི་བའི་རོལ་བས་བསྒྲུབས་པ་མེད་པར་སྣ་ཚོགས་ལས་བྱེད་ལྷ་མིའིམིག་ཐོབ་བཅུ་གཉིས་ཟུང་ལྡན་ཕྱག་གིས་མཚོན་ཆས་མ་བཏབ་པར་ཡང་དགྲ་བོའི་སྡེ་འཇོམས་འབད་པ་མེད་པར་སྒྲུབ་པོའི་རེ་སྐོང་རྡོ་རྗེ་རིན་ཆེན་རྒྱན་གྱིསརབ་ལྕི་གཙུག་ཏོར་ཟླ་བ་ནོར་བའི་རྡུལ་ནི་རྫོགས་པས་ཞབས་ཟུང་གཡས་བརྐྱངས་འཇོ་སྒེག་བཅོམ་ལྡན་འདས་ཁྱོད་རྒྱུད་དང་གྲོལ་རིག་རོ་གཅིག་ཞུགས་གང་སྟོང་གཟུགས་མཛེས་མ་སྣ་ཚོགས་ཡུམ་ནི་གསེར་འོད་སྟོང་འབར་ས་ལེ་སྦྲམ་དང་ཆུ་ཤེལ་རིན་རེན་མཏོན་ག་ཡིད་འཛིན་ལི་ཁྲིའི་ཞལ་གྱི་མཛེས་པ་ཀུན་བསྡུས་ཡབ་ཀྱི་མཆུ་སྒྲོས་རིགས་ཀྱི་སྦྱོར་བའི་ཙུབྷནི་དགྱིས་ཟུང་བཞིའི་ཕྱག་དང་གཡོན་བརྐྱངས་ཞབས་གཉིས་དཔའ་བོའི་བརྟན་པ་འཕྲོག་པས་སྦྱོར་མཁས་དྲི་མེད་ཐིག་ལེ་མི་འགྱུར་རོས་གང་ཏིང་འཛིན་བདུད་རྩིས་བདག་སྙིང་བུམ་བཟང་ཡོངས་གང་ཉིད་ཀྱིས་གྲོལ་གྱུར་ཅིག།།[8] ལྟ་བུ།






[1] རང་རྩོམ་འཕགས་བོད་ཆོས་འབྱུང་ཛམྦུའི་གསེར་གྱི་འཁྲི་ཤིང་༼པོད་དང་པོ༽། འབྲས་སྤུངས་བློ་གསལ་གླིང་གིས་པར་སྐྲུན་དང་འགྲེམ་སྤེལ་བྱས། (2004) P.6
[2] རང་རྩོམ་འཕགས་བོད་ཆོས་འབྱུང་ཛམྦུའི་གསེར་གྱི་འཁྲི་ཤིང་ ༼པོད་དང་པོ༽། འབྲས་སྤུངས་བློ་གསལ་གླིང་གིས་པར་སྐྲུན་དང་འགྲེམ་སྤེལ་བྱས། (2004) P.5

[3] རང་རྩོམ་རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན། བོད་བོད་གཞུང་དཔེ་མཛོད་ཁང་ན་ས་པར་བསྐྲུན་དང་འགྲེམས་སྤེལ་བྱས་པ། (2008) P. 4
[4] རང་རྩོམ་རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན། བོད་བོད་གཞུང་དཔེ་མཛོད་ཁང་ན་ས་པར་བསྐྲུན་དང་འགྲེམས་སྤེལ་བྱས་པ། (2008) P. 4
[5] བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཤེས་རབ་མ་དང་བཅས་པ་ལ་བསྟོད་པ་འཇིགས་བྱེད་རྣམ་པར་བཞད་བའི་ང་རོ། ཞང་ཞུང་ཆོས་དབང་གྲགས་པས་མཛད་པ།

[6] བཅོམ་ལྡན་འདས་རྗེ་བཙུན་མ་ཀུ་རུ་ཀུ་ལེ་མ་ལ་བསྟོད་པས་གྲུབ་པ་ཐུགས་རྗེ་རྣམ་པར་རོལ་བའི་ང་རོ།། ཞང་ཞུང་ཆོས་དབང་གྲགས་པ

[7] རྗེ་བཙུན་བླ་མ་མཁས་གྲུབ་ཆེན་པོ་ལ་རབ་བསྔགས་ཀྱི་སྡེབ་སྦྱོར་གྱི་སྒོ་ནས་ཆེད་དུ་བརྗོད་པ་སྤྲིན་གྱི་ཕྲེང་བ་རྣམ་པར་རོལ་བ། ཅེས་བྱ་བ་ནི་ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། ཐ་སྙད་ཀྱི་གཙུག་ལག་མ་ལུས་པ་ལ་བློ་གྲོས་ཀྱི་སྣང་བ་ཉེ་བར་ཐོབ་པ་ཞང་ཞུང་ཆོས་དབང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཉེ་བར་སྦྱར་པའོ།།

[8] བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ཤེས་རབ་མ་དང་བཅས་པ་ལ་ཆེད་དུ་བརྗོད་པ་བདེ་ཆེན་བཞད་པའི་ང་རོ། ཅེས་བྱ་བ་འདི་དཔལ་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་གྱི་དོན་རིག་པ་དྲི་མ་མེད་པའི་ལམ་ནས་དྲངས་ཏེ་སྨྲ་བ་ལ་གཞན་དྲངས་དྲིངམི་འཇོག་པའི་སྤོབས་པ་དགེ་བ་ཅན། སྡེ་སྣོད་ཀུན་འཛིན་པའི་ཞང་ཞུང་བ་ཅོས་དབང་གྲགས་པའི་དཔལ་གྱིས་མདོ་སྟོད་བཀྲ་ཤིས་སྒང་ཞེས་བྱ་བར་རྣམ་པར་སྦྱར་བའོ།།