༄༅། །བོད་ལྗོངས་ལྷ་མི་ཡོངས་ཀྱིས་དད་མོས་རྩེ་གཅིག་གིས་ལུགས་གཉིས་ཀྱི་འདྲེན་པ་མཆོག་ཏུ་མངའ་གསོལ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཆེན་པོའི་ཕྱག་ཐམ།

སེམས་འཚོར་དམར་པོ།

སེམས་འཚོར་དམར་པོ།
འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།

ཟིན་བྲིས་རྣམས་གྲངས།

Blog Archive

དྲང་སྲོང་རྒན་པོའི་ལྟ་གྲུབ།

ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།།སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།།སུ་དང་གང་གིས་འཇུ་ཡང་མི་ཟིན་པ།།བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།
ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།།དེ་རིང་གཡའ་དག་མཁའ་ནས་ཉི་གཞོན་འཛུམ།།གནམ་སའི་གཤིས་ལུགས་ངེས་མེད་འགྱུར་བ་འདི།།འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།
འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།།རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།།གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།།དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།
བྱང་ཐང་བྱེ་མ་སྤུངས་པའི་ཇག་ལམ་ན།།མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།།ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།།གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།
གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།།ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།།སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།།སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།
2007/3/26/བྲིས།

གདུང་བའི་སྨྲེ་ངག


གཉིད་ནི་རྨོངས་དང་འཐོམ་པའི་ཆ་ལག་ཕྱིར།།སུ་དང་གང་གིས་བསྟོད་པ་མི་བྱེད་མོད།།རྨི་ལམ་གྲོང་ཁྱེར་འགྲིམས་པའི་ལྟད་མོ་ལ།།གཟིགས་ན་གཉིད་ལ་མི་བསྟེན་མཐུ་མེད་ཡིན།།ངོས་འཛིན་གཏོད་སོ་མེད་པའི་བར་སྣང་གི།།མཛེས་མཚོན་ཁ་དོག་བཀྲ་བའི་འཇའ་རིས་སྣེ།།འཁྲུལ་སྣང་ཨ་ཐས་ཟབ་པའི་བོད་རྒན་ཚོས།།རེ་བས་ཤི་འཐམ་བྱས་པའི་རྨི་ལམ་རིང༌།།གཞན་འཚང་སྔོག་པའི་ཕག་གི་མཆུ་ཏོ་ལ།།རང་འཚང་སྐྱག་པ་འགོས་པའི་དྲི་ངན་གྱིས།།དངོས་དོན་བདེན་པའི་དྲི་བསུང་འཐུལ་བ་ལ།།ཕན་པའི་རེ་བ་བཅོལ་པའི་འཁྲུལ་སྣང་ཟབ།།ཟླ་འོད་མུན་པས་ཟོས་པའི་མཚན་མོ་ན།།ནག་ཅན་རྐུན་མའི་གྲིབ་གཟུགས་མ་མཐོང་བར།།འབ་སྒྲས་གནམ་ས་དབྲལ་བའི་ཁྱི་རྒན་ལ།།རེ་བའི་བློ་གཏོད་བྱས་པའི་ལྷ་སྒྲུང་སྙན།།སྤང་རྒྱན་མེ་ཏོག་བཀྲ་བའི་གླིང་ཁ་ན།།ཕྱེ་མ་ལེབ་ཀྱིས་འཕུར་ལྡིང་རྩེན་པའི་རྗེས།།བསམ་མེད་བྱིས་པ་རྒྱུག་པའི་རྡོག་སྣེ་ནས།།གཡང་སའི་རྡོ་ལ་བརྡབས་པའི་ངུ་རྒྱངས་ཐོས།།ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་དུ།།འཁྱགས་པས་ས་གཞི་བསྡམས་པའི་སྲུབ་ཀ་ནས།།ལྗང་མདོག་མྱུ་གུ་འབུས་པའི་རེ་བ་འདིས།།མེས་པོའི་སྙིང་ལ་འཇའ་ཡི་ཁང་བཟང་བསྐྲུན།།བསམ་གཞིགས་འཁྱགས་ལ་འབྱར་བའི་གྲང་ལྷག་གསེབ།།རྣམ་རྟོག་བུ་ཡུག་འཚུབ་པའི་དུར་ཁྲོད་ན།།ཕ་མེས་སྟོང་གི་རྣམ་ཤེས་ཐིམ་པའི་ཤུལ།།རེ་བའི་ལྷག་མ་འཇགས་རྩྭ་སྐམ་པོ་ཙམ།། ༢༠༠༧.༣.༢༠ ལ་བྲིས།

ཕྱིར་དྲན།

རི་རྩེ་ཁ་བས་ཉིན་རེ་ཉིན་རེར་བསྟིམས།།ནགས་ཀྱི་ཤིང་ལོ་རིམ་གྱིས་རིམ་གྱིས་ལྷུང༌།།ད་ནི་ཁོར་ཡུག་མཛེས་པའི་རྣམ་ཤེས་འདིའང༌།།དགུན་འཁྱགས་ལྷགས་པའི་རུམ་དུ་འབྱར་བར་ངེས།།ད་ནངས་བྱེ་འུའི་གསུང་སྙན་མ་ཐོས་གོང༌།།ཞོགས་རླུང་བསིལ་མོས་ཕྲ་ཡོལ་ཁད་ཀྱིས་ཕྱེས།།མགོ་བོ་སྔས་ལ་འབྱར་བའི་རྨི་ལམ་ཡང༌།།གཟུགས་མེད་རླུང་བུ་ལྡང་བས་ཧད་ཀྱིས་དཀྲོགས།།དབྱར་དགུན་སྟོན་དཔྱིད་ཤོག་ལྷེ་བསྒྱུར་བ་བཞིན།།དུས་བཞི་ཤུགས་ཀྱིས་ལོ་ཡི་འཁོར་ལོ་བསྐོར།།མི་ལོ་བཅུ་བདུན་ས་མཐར་དལ་གྱིས་རྫོགས།།དྲན་ཤེས་བསྣོལ་མས་སེམས་ཀྱི་ཚོར་འདུ་བཀྲུགས།།ལྟེ་ཁྲག་གང་དུ་འཕོས་པའི་ཕ་ཡུལ་དང༌།།བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་ཕ་མ་ཟུང༌།།ཤ་ཁྲག་གཅིག་པའི་སྤུན་ཉེ་གྲོགས་པོ་སོགས།།རི་ཁྲི་ཆུ་སྟོང་བརྒལ་བའི་ཕ་རོལ་ལུས།།མི་ཡུལ་འཁྱམས་པ་མི་ཡི་ལས་དབང་སྟེ།།ལྷ་ཡུལ་སླེབས་པའི་རེ་བ་བདག་ལ་མེད།།རང་ལུས་རང་ལ་དབང་བའི་ལས་དབང་ཞིག།མི་མངོན་གནམ་གྱི་དབྱིངས་ནས་གནང་རོགས་གྱིས།།
Powered by Blogger.

འཁྲུལ་སྣང༌།


ཡ་ཀི་རྩ་གསུམ་ལྷ་ཡུལ་མན་ཆད་ནས།།མ་ཀི་རྡོ་རྗེའི་དམྱལ་ཁམས་ཡན་ཆད་ན།།བྱ་བྱེད་བསྣོལ་མ་འཐབ་པའི་འཁྲུལ་སྣང་འདི།།སྒྱུ་རྩལ་སྙན་ངག་སྨྲ་བའི་ལྟད་མོ་ཞིག།
ཕ་རྒན་མུ་གེས་ཤི་བའི་དུར་ས་ན།།བུ་རྒྱུད་ཕྱུག་པོས་ཐུགས་སྤྲོ་བཏང་བྱས་ཏེ།།རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་པ་ཡིས།།རྣམ་ཤེས་འཁྱམས་པོ་འགུག་པའི་མགྲོན་བརྡར་སྨྲ།།
མ་རྒན་ཆང་སར་ཆས་པའི་རྟེན་འབྲེལ་ཐོག།བུ་མོས་བྲོ་གར་ཁྲབ་པའི་གླུ་གཞས་ཀྱིས།།ཆང་དང་སྦི་རག་མཆོད་པའི་སྐུ་མགྲོན་ཚོར།།སེམས་ཁམས་རླུང་གིས་བཀྱགས་པའི་འཁྲུལ་སྣང་སྟེར།།
ཡོད་ཚད་མཇེ་ཡིས་ཕུང་པའི་སྔགས་རྒན་དང༌།།དད་རྫས་སྟུ་རིན་སྤྲོད་པའི་གྲུབ་རྫུན་གཉིས།།རྨོངས་དད་བྲག་གི་བཙན་རྫོང་བརྩེགས་པའི་ནང༌།།བག་མེད་ཤ་ཆང་རོལ་བའི་འཁོར་ཚོགས་རྒྱས།།
སྔགས་ནག་གཅོད་པས་ལྷ་འདྲེ་གཡབ་མོ་བྱེད།།བསམ་མེད་བྱིས་པས་ཁྱི་སྨྱོན་རྡོ་ཡིས་རྡུང༌།།རྙོག་འཛིང་གཡབ་མོ་བྱེད་སའི་གྲུ་ག་འདིར།།ལྷིང་འཇགས་རེ་བ་མཚན་མོའི་རྨི་ལམ་ཙམ།།

སེམས་ཚོར་དམར་པོ།

རི་སུལ་ཁ་བས་བསྟིམས་པའི་ལྷག་རླུང་གསེབ།།རྣམ་ཤེས་རླུང་དང་འགྲོགས་པའི་བ་དོའི་ལུས།།གོས་མེད་གཅེར་བུར་འགྲིམས་པའི་སྐྱོ་གར་ལ།།བརྩེ་སེམས་གོས་བཟང་སྐོན་པའི་བྱམས་ལྡན་སུ།།མེ་མདའི་བུ་ཡུག་འཚུབ་པའི་གཡུལ་ས་ན།།ཚེ་སྲོག་རླུང་གིས་བདས་པའི་ཉམས་ཐག་འབུམ།།ཟུངས་ཁྲག་ཡུར་ཆུ་འཐེན་པའི་གཤིན་ཐང་ནས།།བདག་མེད་བམ་རོས་ཁེངས་པར་སུ་ཡིས་གཟིགས།།ལས་དབང་སྔས་སུ་བྱས་པའི་ལྷོ་མཐའ་ནས།། མིག་ཆུས་གདོང་རིས་བརླན་པའི་ངུ་རྒྱངས་ཀྱིས།།བྱང་བརྒྱུད་ཁ་བས་གཡོག་པའི་དུར་ས་ན།།རྒྱང་རིང་མིག་གིས་ཅེར་བ་སུ་ཡིས་གཟིགས།།གཞན་གནོད་བཞི་ལས་ལྡོག་པའི་སྲིད་དོན་གྱིས།།ཐར་པའི་ཁང་བཟང་མཛེགས་པའི་ལམ་ཟུར་ནས།།ཕ་ས་དོན་དུ་གཉེར་བའི་རྨི་ལམ་ལ།།རེ་བའི་རྨི་ཐག་འཕྱངས་པ་སུ་ཡིས་གཅོད།།ཡར་གི་གསེར་གྱི་ཉི་མའི་འོད་སྣང་འོག།མར་གི་འདུ་ལོང་འཚུབ་པའི་ལྷིང་འཇགས་སྣེ།།རྟག་བརྟན་ཐེར་ཟུག་འཛིན་པའི་འཁྲུལ་སྣང་ལ།།མི་རྟག་སྒྱུ་མའི་རང་ངོ་སུ་ཡིས་སྤྲོད།།མི་ཡུལ་སྔས་སུ་བྱས་པའི་གྲུ་ཁ་ན།།མི་ལོ་ལྔ་བཅུ་ཟིན་པའི་མཇུག་སྣེ་ནས།།མི་ནུས་གདམ་བྱ་མང་བའི་མིག་འཁྲུལ་གྱིས།།བྱིས་པའི་སེམས་ཁམས་བསླུས་པ་སུ་ཡིས་དཀྲོགས།།དགྲ་ལ་ཞི་མོལ་རེ་བའི་འཛུམ་མདངས་ཕག།གཉེན་ལ་རྒྱུག་རྡུང་ཕོག་པའི་ན་ཚ་ཡིས།།ཀི་ཅོས་གནམ་ས་དབྲལ་བའི་ཁོར་ཡུག་ན།།གཉིས་ཕན་འབྲས་བཟང་སྨིན་པ་སུ་ཡིས་རེ།།ནམ་མཁའི་འཇའ་རིས་མིག་གི་ལྟད་མོར་མཛེས།།སྤྲང་པོའི་གླིང་བུ་ཕྱུག་པོའི་རྣ་བར་སྙན།།ཞི་བའི་ལྟ་གྲུབ་བྱིས་པའི་བུ་རམ་གྱིས།།བཀྲེས་ལྟོགས་སེལ་བའི་ལོག་རྟོག་སུ་ཡིས་བཟློག།ཕ་རྒན་བསད་ནས་ཞགས་གསུམ་མ་ལོན་གོང༌།།ཕ་མེད་དྭ་ཕུག་འཁྱམ་པོས་ཁ་བཏགས་སྣེ།།ཕ་བསད་དགྲ་བོའི་མགུལ་ལ་འཐེན་པ་འདི།།ཕ་བཟང་བུ་ཡི་གྲལ་གསེབ་སུ་ཡིས་བཞག།ཁ་འདི་འཕྲེད་དུ་ཕྱེས་པའི་རྟེན་འབྲེལ་གྱིས།།འཕྲེད་འཕྲེད་གཏམ་ལ་རྫོགས་མཐའ་མི་འདུག་པས།།སེམས་ཀྱི་ཁྱེའུ་ཆུང་ངུས་པའི་མིག་ཆུ་རིས།།འཕྲེད་དུ་འབབ་པའི་སྙན་ཚིག་འདི་ཉིད་སྤེལ།།
སྤྱི་ལོ་༢༠༠༨ཟླ་བ་༣ཚེས་༧ཉིན་བྲིས།

དྲན་པའི་སྐྱོ་གདུང༌།


འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།སྐྱིད་པའི་ཕ་ཡུལ་སླེབས་པའི་སྐལ་བ་དེ་མེད་འདྲ།།དྲིན་ཅན་ཕ་མ་མཇལ་བའི་ལས་འཕྲོ་དེ་མི་འདུག།དྲན་གདུང་སེམས་ཀྱི་མིག་ཆུ་ཁོག་པ་ལ་གཞུར་ནས།།མི་ཚེ་ས་མཐར་བསྐྱལ་བའི་ལས་དབང་འདི་སྐྱོ་བ།།སྤུན་མཆེད་གཉེན་ཚན་དུ་མའི་ཞལ་པར་ཙམ་ཐོས་བྱུང༌།།སྐབས་འགར་པར་དང་བརྙན་ཕབ་ལྟད་མོ་ཙམ་མཐོང་ཡང༌།།ཕན་ཚུན་ལྷན་དུ་འཛོམས་པའི་གོ་སྐབས་དེ་བརླགས་ནས།།མི་ཚེ་ཕལ་ཆེར་མི་ཡུལ་ལུང་པ་ལ་རྫོགས་སོང༌།།སྐྱེས་ས་འཚར་ས་བསིལ་ལྡན་བོད་ལྗོངས་ལ་ཡིན་ཡང༌།།རྒ་ས་ཤི་ས་ལྷོ་མཐའི་ཚ་བ་ནང་ངེས་པས།།རྒྱུས་མེད་མི་ཡུལ་འཁྱམས་པའི་ཉམ་ཆུང་གི་གྲྭ་རྐྱང༌།།བསམ་ཞིང་བསམ་ཞིང་སེམས་སྡུག་ན་བུར་བཞིན་འཐུལ་སོང༌།།མི་བཟད་སྐྱོ་བའི་ཚོར་རླབས་སེམས་ཁོང་ནས་འཕྱུར་ཡང༌།།གདོང་གི་བཤུ་སྐོག་མཉེད་པའི་འཛུམ་ཀོང་འདི་བསྟན་བཞིན།།མི་ཚོགས་འདྲ་མིན་གསེབ་ཏུ་འགྲོ་ཁུལ་རང་བྱེད་པ།།འཇིག་རྟེན་མི་ལུས་ལེན་པའི་ཡ་ཚུལ་ཙམ་ལོས་ཡིན།།
༢༠༠༨.༥.༡༧ཉིན་དགེ་འོས་B.edའཛིན་གྲྭའི་ནང་གནན་ཐབས་མེད་པའི་སྐྱོ་སྣང་ཞིག་གིས་རྐྱེན་བྱས་ཏེ་དཀར་པང་ཐོག་ཐོལ་བྱུང་དུ་བྲིས།

Followers


དྲྭ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Friday, January 14, 2011

མཛོད་སྒྲ་འགྲེལ་གྱི་མཛད་པ་པོ་དྲན་པ་ནམ་མཁའི་སྐོར་ལ་དཔྱད་པའི་གཏམ།
ཨཱཅརྱ་གཟི་གཡང༌།
ཝཱ་ར་ཎ་སིའི་མཐོ་སློབ།
          དྲན་པ་ནམ་མཁའི་སྐོར་ལ་དཔྱད་ཞིབ་བྱེད་པ་ནི་མུན་ནག་ནང་དུ་དངོས་རྫས་ནག་པོ་འཚོལ་བ་དང་གཅིག་མཚུངས་སུ་སྣང༌། བོན་གྱི་ལོ་རྒྱུས་ཕལ་མོ་ཆེ་དང་རྡོ་རྗེ་གླིང་པའི་གཏེར་མ་བོན་ཆོས་རྣམ་དབྱེ་སོགས་ལས་དྲན་པ་ནམ་མཁའ་ནི་པད་མ་འབྱུང་གནས་ཀྱི་ཡབ་ཏུ་ངོས་འཛིན་གནང་ཡོད། འོན་ཀྱང༌། རྒྱལ་རབས་མང་པོ་ཞིག་ལས་ཡང་སྙིང་དྲན་པ་ནམ་མཁའ་ཞེས་པའི་གང་ཟག་གཅིག་གམ་གཉིས་གསུམ་སོགས་ཇི་ཙམ་ཡོད་མེད་ངོས་འཛིན་གྱི་གསལ་ཁ་དེ་ཙམ་མེད་པས། གྲི་གུམ་དང༌། སྤུ་ལྡེ་གུང་རྒྱལ། རྒྱལ་ཁྲི་རྗེ་ཐོག་བཙན། སྲོང་བཙན་སྒམ་པོ། ཁྲི་སྲོང་སོགས་ཀྱི་སྐབས་སུ་སོ་སོར་ཡོད་ཚུལ་གྱི་ལོ་རྒྱུས་འཁྲུགས་ཉེན་ཅན་ཡང་མང་ཙམ་སྣང༌།
          བོན་གྱི་ཡིག་རྙིང་ལོ་རྒྱུས་ནང་དྲན་པ་ནམ་མཁའ་དང་འབྲེལ་བའི་དཔེ་ཚོགས་ཕལ་ཆེ་བ་ཞིག་ནི་བོན་གསར་མའི་གཞུང་དུ་ངེས་པས། བཻ་རོ་ཙ་ན་དང་མ་འབྲེལ་བའི་དྲན་པའི་ལོ་རྒྱུས་ཤིག་ཕལ་ཆེར་འཇོག་རྒྱུ་མེད་པ་ལྟ་བུར་གྱུར་ཡོད། འོན་ཀྱང༌། བོན་གྱི་བཀའ་འགྱུར་གྱི་སྔགས་སྡེའི་ཁོངས་སུ་གཏོགས་པའི་རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད་ཀྱི་ནང་གཞན་དང་ཅུང་མི་འདྲ་བའི་དྲན་པའི་སྐོར་ཞིག་སྣང༌། དེ་ཡང་དམུ་ཚ་གྱེར་མེད་ལས་བཻ་རོ་དང་འབྲེལ་བ་མེད་པ་ནི། གཞུང་དེ་དམུ་ཚ་གྱེར་མེད་ལ་གཉེར་དུ་གཏད་ནས་ཕྱིས་སུ་རྒྱུང་སྲུབ་གསང་བའི་བྲག་ལ་སྦས་པར་བཀོད་ཡོད།  དམུ་ཚ་གྱེར་མེད་ནི་གྲི་གུམ་སྐབས་སུ་མཆིས་པའི་བོན་གཤེན་ཞིག་ཡིན།
          བདག་ཅག་གི་སྟོན་པ་གཤེན་རབ་མི་བོའི་སྐུ་གསུང་ཐུགས་ཀྱི་བསྟན་པ་ལས་དྲན་པ་ནམ་མཁའ་གང་ཉིད་ཐུགས་བསྟན་གཉེར་འཛིན་ཡིན་པར་སྟོན་པའི་ལུང་ཚིག་བོན་གྱི་བཀའ་འགྱུར་མཐའ་དག་ལས་འཚོལ་བའི་བརྩོན་འགྲུས་དང་ནུས་སྟོབས་ཞན་ནའང༌། སྟོན་པའི་མཛད་རྣམ་རྒྱས་འབྲིང་བསྡུས་གསུམ་ནང་ལུང་ཚིག་དེ་དག་མཇལ་བའི་རེ་བས་འཇུག་ཁུལ་བྱས་ཀྱང་ངལ་བ་འབྲས་མེད་དུ་གྱུར། འོན་ཀྱང༌། རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད་ནང་ལུང་ཚིག་དེ་དག་ནར་མར་མངོན་བྱུང་བས་དཔྱད་གཞིར་སྨན།
          སྤྱིར་དྲན་པ་ནམ་མཁའ་ལའང་ཞང་ཞུང་དྲན་པ་ནམ་མཁའ་དང༌། དྭགས་པོ་དྲན་པ་ནམ་མཁའ། རྫུས་སྐྱེས་དྲན་པ་ནམ་མཁའ་སོགས་ངོས་འཛིན་གྱི་འདོད་ཚུལ་མི་འདྲ་བ་དུ་མར་སྣང་མོད་ཀྱང༌། འདིར་དྲན་པ་ནམ་མཁའ་ཉིད་དམུ་རིགས་གཤེན་གྱི་གདུང་རྒྱུད་ལས་མཆེད་ཚུལ་དང༌། བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་དེ་
ཉིད་དྲན་པས་མཛད་པ་ཡིན་མིན་སོགས་ལ་ས་བཅད་བཀྲ་ཤིས་ཀྱི་གྲངས་ཙམ་བཀོད་ནས་གླེང་བར་བྱའོ། །
དང་པོ། དྲན་པ་ནམ་མཁའ་ལུང་ཚིག་གིས་ཟིན་པའི་སྐྱེས་བུ་ཡིན་ཚུལ།
          ཐུགས་བསྟན་གཉེར་འཛིན་དྲན་པ་ནམ་མཁའི་མཛད་འཕྲིན་ཕལ་མོ་ཆེ་ནི་གསུང་བསྟན་སྐབས་སུ་བསྐྱངས་ཡོད་པར་བོན་གཞུང་ཁག་༢ཏུ་སྣང༌། སྤྱིར་སངས་རྒྱས་ཞལ་བཞུགས་པའི་སྐབས་སུའང་སྐུ་གསུང་ཐུགས་ཀྱི་བསྟན་པ་རྣམས་ཡོད་པར་སྨོས་ཅི་དགོས་ཏེ། དར་རྒྱས་གསལ་སྒྲོན་ལས། 'བསྟན་པ་སྐུའི་དཔེའུ་ཙེས་གཟུགས་ཁམས་སུ་གསལ་བའི་ཡེ་ཤེས་བསྐྱེད། བསྒྲགས་པ་གསུང་གི་དཔེའུ་ཙེས་འདོད་ཁམས་སུ་བདེ་བ་ཐར་ལམ་འབྱེད། སྒྲུབ་པ་ཐུགས་ཀྱི་དཔེའུ་ཙེས་གཟུགས་མེད་འཛིན་པའི་རྟོགས་པ་བཀྲོལ་ཏེ། དཔེའུ་ཙེ་གསུམ་གྱི་བསྟན་པས་མཐའ་ཡས་བླ་མེད་དོན་ལ་འཛུད་པར་མཛད་དོ།'༣ །ཞེས་གསལ་བས་སོ། །སྐུ་གསུང་ཐུགས་ཀྱི་བསྟན་པ་རྣམས་དགོས་མཁོ་གལ་ཆེ་བའི་དབང་གིས་སྡེ་ཚན་སོ་སོར་བཀྲལ་བ་ལས། དེ་མིན་སྐྱེས་བུ་དམ་པའི་མཛད་འཕྲིན་གང་ལའང་དཔེའུ་ཙེ་རྣམ་པ་གསུམ་གྱིས་མ་ཁྱབ་པ་མེད།
          སྟོན་པ་སྐུ་མྱ་ངན་ལས་འདས་ནས་གདུང་འཚོབ་བྱོན་པའི་དུས་ནི་གསུང་བསྟན་དབུ་ཚུགས་པ་ཡིན་ཞིང༌། མུ་ཆོ་ལྡེམ་དྲུག་གསུང་བསྟན་སྐབས་སུ་བྱོན་པའི་ལུང་ཚིག་ནི་སྟོན་པའི་མཛད་རྣམ་རྒྱས་པར་གསལ་༤མོད་ཀྱང༌། དྲན་པ་ནམ་མཁའ་ཐུགས་བསྟན་གཉེར་འཛིན་ཡིན་པའི་ལུང་ཚིག་ནི་མཛད་རྣམ་རྒྱས་འབྲིང་བསྡུས་གསུམ་གང་དུའང་མེད་པས། ལུང་ཚིག་གསལ་བའི་དཔེ་ཆ་རྣམས་འདིར་ལུང་འདྲེན་གྱི་ཚུལ་དུ་འགོད་པར་འདོད།
          དེ་ཡང་རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད་ལས། 'དེ་ནས་གསུང་གི་བསྟན་པའི་དཀྱིལ། །ཐུགས་ཀྱི་བསྟན་པའི་དབུ་གཟུག་ལ། །འཛམ་གླིང་དབུས་ཀྱི་ལྟེ་བའི། །རི་བོ་གངས་ཅན་མདུན་དྲུང་དུ། །བྱམས་སེམས་ནམ་མཁའ་ལྟ་བུ་ཡིས། །ལྔ་བརྒྱ་དྲན་པ་ནམ་མཁའ་བྱུང༌། །སྒྲ་བསྒྱུར་ལོ་པཎ་རྫུ་འཕྲུལ་ཞུས། །སྟག་གཟྀག་ཨུ་རྒྱན་རྒྱ་གར་དང༌། །ཕྲོམ་བོད་ཞང་ཞུང་ལོ་ཙཱ་བསྒྱུར། །ཕྱི་རོལ་བསྟན་པ་རྒྱས་པར་སྤེལ། །རྒྱུད་ལུང་མན་ངག་སྙིང་པོའི་བོན། །ཐོས་བསམ་སྒོམ་གསུམ་རྟོགས་པའི་ཕྱིར། །འགྲོ་བ་ཁ་ལོ་བསྒྱུར་བར་བྱེད།'༥ །ཅེས་དང༌། རྣམ་ཐར་གསང་བའི་མཛོད་ཆེན་ལས། 'དེ་ནས་ཐུགས་ཀྱི་བསྟན་པ་ལ་འཇུག་ཚེ། །ཁྱུང་ལུང་རིན་ཆེན་དངུལ་མཁར་ཕོ་བྲང་ཆེ། །དམུ་རིགས་རྒྱལ་བུ་འོད་མཛེས་གདུང་རྒྱུད་ལ། །ཀུན་ལ་ཚད་མེད་འོད་ལྡན་ཐུགས་སྤྲུལ་ཆེ། ཁ་སྟེ་མུ་ཡ་འགྱུར་མེད་གཡུང་དྲུང་སྐུ། །སྟོན་པ་ང་ཉིད་དགོངས་པའི་མཛད་པ་ལ། །གྱེར་སྤུངས་དྲན་པ་ནམ་མཁའ་ཞེས་བྱ་བ། །ཞི་རྒྱས་དབང་དྲག་མ་ངེས་འགྲོ་དོན་མཛད།'༦ །ཞེས་དང༌། དྲན་པའི་བཀའ་ཐང་ལས། 'བདག་ནི་མྱ་ངན་འདས་པའི་རྗེས་སུ་ཡང༌། །ལོ་ནི་ཆིག་སྟོང་སུམ་བརྒྱ་འདས་པའི་ཚེ། །གདུང་སོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་བྱོན། །བོན་གྱི་འཁོར་ལོ་རིམ་པ་བཞིན་དུ་བསྐོར། །དེ་དང་དུས་མཉམ་སྟོན་པ་ཏོག་དཀར་བྱོན། །རྒྱ་གར་ཡུལ་དུ་ཆོས་ཀྱི་བཀའ་སྲོལ་འཆད། །དེ་དང་དུས་སྐབས་རིག་པའི་ཡེ་ཤེས་ཀྱིས། །རྒྱ་ནག་ཡུལ་དུ་རྩིས་ཀྱི་བསྟན་པ་བཙུག །དེ་དང་དུས་གཅིག་འཛམ་གླིང་གངས་ཅན་ཡུལ། །སྣང་བ་མདོག་ཅན་གསང་སྔགས་བསྟན་པ་དར། །ད་ལྟ་བདག་སྐུ་གདུང་སོབ་གསུང་ཡིན་ཏེ། །བླ་ཆེན་ཡབ་སྲས་ཐུགས་བསྟན་རིམ་གྱིས་བྱུང༌།'༧ །ཞེས་དང༌། སྐུ་གསུམ་རིག་འདུས་དྲན་པ་དྲག་ཕུར་ལས། ཐུགས་བསྟན་གཉེར་འཛིན་དྲན་པ་འཁྲུངས་ལུང་བསྟན། །དགོངས་པ་དབྱིངས་གཤེགས་མྱ་ངན་འདས་འོག་ནས། །འཆི་མེད་རྒྱལ་བ་དྲན་པ་ནམ་མཁའ་བྱོན།'༨ །ཞེས་སོགས་གོང་བཀོད་ལུང་ཚིག་དེ་དག་ལྟར་ན་ཐུགས་བསྟན་གཉེར་འཛིན་ནི་ཞང་ཞུང་རྒྱལ་བ་མཉེས་པའི་ཚལ་དུ་འཁྲུངས་པའི་ཡབ་རྒྱུང་ཡར་མུ་ཁོད་དང་ཡུམ་ཕྱ་བཙུན་གུང་མ་གཉིས་ཀྱི་སྲས་ཁོད་སྤུངས་དྲན་པ་ནམ་མཁའ་དེ་ཉིད་ཡིན་པར་གསལ་ལོ། །
གཉིས་པ། དྲན་པ་ནམ་མཁའ་མི་འདྲ་བ་འགའ་ཡོད་ཚུལ།
          དྲན་པ་ནམ་མཁའ་ལའང་དྭགས་པོ་དྲན་པ་ནམ་མཁའ་དང༌། ཞང་ཞུང་དྲན་པ་ནམ་མཁའ། རྫུས་སྐྱེས་དྲན་པ་ནམ་མཁའ་བཅས་ངོས་འཛིན་བྱེད་ཚུལ་མི་འདྲ་བ་འགའ་ཞིག་ཡོད་པར་བོན་གྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བཞེད་ཀྱང༌། གྲི་གུམ་དང་ཁྲི་སྲོང་གཉིས་ཀྱི་སྐབས་སུ་ཡོད་པའི་དྲན་པ་ནམ་མཁའ་དེ་ཉིད་ཡང་སྙིང་གང་ཟག་གཅིག་གམ་ཐ་དད་གང་ཡིན་ཐག་གཅོད་གནང་རྒྱུ་དེ་ཙམ་སླ་བོ་མིན། བོན་གྱི་དཔེ་ཚོགས་དག་ལས་ཀྱང་གང་ཟག་གཅིག་ཡིན་པ་སོགས་ཀྱི་ལོ་རྒྱུས་མགོ་ཉོག་པོ་འདྲ་ཞིག་འདུག་མོད། འོན་ཀྱང༌། རིག་པས་ཞིབ་པར་དཔྱད་ན། བྲུ་བཙུན་རྒྱལ་བ་གཡུང་དྲུང་གིས་དྭགས་པོ་དྲན་པ་དང་ཞང་ཞུང་དྲན་པ་གཉིས་གདུལ་བྱའི་སྣང་ངོར་བསྟན་པ་མ་གཏོགས་སྐྱེ་གནས་དང་དུས་ཚོད་དེ་བཞིན་ངོ་བོ་གཅིག་ཏུ་ཡིན་པར་ཁོང་གིས་མཛད་པའི་འགྲེལ་པ་སྒྲོན་མ་མུན་སེལ་ཞེས་པར་གསུངས་༩ཤིང༌། མཁས་དབང་དཔལ་ཚུལ་དང་ཡོངས་འཛིན་རིན་པོ་ཆེས་ཞང་ཞུང་དྲན་པ་དང་དྭགས་པོ་དྲན་པ་གཉིས་གང་ཟག་ཐ་དད་དུ་ངོས་འཛིན་གནང་སྟེ། ཞང་ཞུང་དྲན་པ་གྲི་གུམ་སྐབས་དང༌། དྭགས་པོ་དྲན་པ་ཁྲི་སྲོང་སྐབས་སུ་བཞུགས་པར་དབྱེ་འབྱེད་མཛད་༡༠ཡོད། ཚངས་དབྱངས་ཡིད་འཕྲོག་ལས། 'ཞང་ཞུང་གི་བླ་ཆེན་དྲན་པ་དང༌། བོད་ཀྱི་ཁྱེའུ་དྲན་པ་གཉིས། མི་འདྲ་འདྲ་ཟེར་བའི་ནོར་དྭོགས་ཡོད།'༡༡ །ཅེས་ཀྱང་གསུངས་ཡོད་པས་སོ་སོར་སྣང་ངོ། །
          གང་ལྟར་རྣམ་ཐར་གསང་བའི་མཛོད་ཆེན་དང༌། སྙན་རྒྱུད་དྲན་པ་ཆོག་དྲུག ཐབས་ཆེན་མཁའ་ཡི་རྒྱུད། དྲན་པའི་བཀའ་ཐང༌། མཛོད་སྒྲ་འགྲེལ་སོགས་བོན་གཞུང་དེ་དག་ལས་ཞང་ཞུང་དྲན་པ་ནམ་མཁའ་ནི་ཡབ་རྒྱུང་ཡར་མུ་ཁོད་དང་ཡུམ་ཕྱ་བཙུན་གུང་མ་གཉིས་ཀྱི་སྲས་སུུབཤད་ཡོད། འོན་ཀྱང༌། བླ་ཆེན་དྲན་པས་མཛད་པའི་དྲང་དོན་མུན་སེལ་སྒྲོན་མ་ནང་ཡབ་དམུ་གཤེན་དག་པ་དང་ཡུམ་བདའ་ཟ་མཁར་ལྕམ་གྱི་སྲས་སུ་བལྟམས་པར་བཤད་ཡོད།
          མཚན་ལ་དྲན་པ་ནམ་མཁའ་ཞེས་ཐོག་ཚུལ་ལའང་དེ་ལའང་བཤད་ཚུལ་མང་ཙམ་སྣང་སྟེ། རྣམ་ཐར་གསང་བའི་མཛོད་ཆེན་ལས། 'ལོ་པཎ་བརྒྱད་ཀྱིས་དབང་བསྐུར་མངའ་ཡང་ཕུལ། །མཚན་ཀྱང་གྱེར་སྤུངས་དྲན་པ་ནམ་མཁའ་གསོལ།'༡༢ །ཞེས་དང༌། ཐབས་ཆེན་མཁའ་ཡི་རྒྱུད་ལས། 'སྔོན་འབྱུང་གི་སྐྱེ་བ་ལྔ་བརྒྱ་མ་སྒྲིབ་པ་གསལ་བར་དགོངས་ཏེ། མིང་དང་མཚན་ཀྱང་ལྔ་བརྒྱ་དྲན་པའི་དྲན། དྲན་པ་ནམ་མཁའ་ཞེས་གསོལ་ཏོ།'༡༣ །ཞེས་དང༌། མཛོད་སྒོ་སྒྲ་འགྲེལ་ལས། 'དེ་ལ་ཡབ་དང་ཡུམ་གྱིས་མིང་བཏགས་པ། བྱ་ཁྱུ་བྱུག་གི་མཚན་ཁོངས་ནས་བཏགས་པས། ཁྱེའུ་སྐྱེ་བ་དྲན་པ་ནམ་མཁའ་ཞེས་ཀྱང་བྱ། རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཞེས་ཀྱང་བྱ་བར་མཚན་གསོལ་ལོ།'༡༤ །ཞེས་དང༌། དྲང་དོན་མུན་སེལ་སྒྲོན་མ་ལས། 'ཁྲོམ་རྣམས་ན་རེ། ཡང་མདོ་འདི་ནི་དྲན་པ་ཙམ་གྱིས་ཀྱང་ཆོག་པར་འདུག་གོ། །ཁོང་ཉིད་ཀྱང་མཁའ་དང་མཉམ་མོ་ཞེས་མཚན་ཡང་དྲན་པ་ནམ་མཁར་གྲགས་སོ། །མདོ་འདི་ཡང་འཁོར་བ་འདྲེན་ཞིང་མུན་པའི་སྨག་རུམ་སེལ་བའི་སྒྲོན་མ་ཞིག་འདུག་གོ་ཞེས་མཚན་ཡང་སྒྲོན་མ་མུན་སེལ་བྱ་བར་གྲགས་སོ།'༡༥ །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་སྙན་རྒྱུད་དྲན་པ་ཆོག་དྲུག་ལས། 'བདག་ཀྱང་སྐྱེ་བ་འདི་ཡི་གོང་མ་ལ། །ཡབ་ནི་དམུ་གཤེན་དག་པ་ལགས། །ཡུམ་ནི་སྨན་བཙུན་འཕྲུལ་མོ་ལགས། །དངོས་མིང་དམུ་བློན་དག་པ་ལགས།'༡༦ །ཞེས་གསུངས་པས་དྲང་དོན་མུན་སེལ་སྒྲོན་མ་དང་ཅུང་ཟད་ཁྱད་པར་བྱུང་ཡོད།
          རྫུས་སྐྱེས་སུ་འདོད་པའི་དྲན་པ་ནམ་མཁའ་ནི་ཡོངས་འཛིན་རིན་པོ་ཆེས་མཛད་པའི་དྲན་པ་ནམ་མཁའི་རྣམ་ཐར་ལས། 'ཀྱེ་དཔོན་གསས་གསལ་བ་མཁས་བཞི་ལགས། བདག་སྐྱེ་བ་ཡང་སྔ་ཞེ་སྔ་ཙམ་ན་ཡང༌། ནམ་མཁའི་དབྱིངས་ནས་འོད་ལས་བརྫུས་ཏེ། སྟག་གཟིག་ནུབ་ཕྱོགས་པད་མ་མཛེས་པའི་གླིང་ངམ། པད་མ་རྒྱས་པའི་གླིང་བྱ་བ་རུ། པད་མའི་སྡོང་པོ་ཁ་དོག་སྟོང་དང་ལྡན་པ། རོ་སྟོང༌། དྲི་སྟོང༌། མེ་ཏོག་སྟོང་གི་དཀྱིལ་ན། མེ་ཏོག་ཨུ་དཔལ་སྔོན་པོ་ཞིག་ལ་འོད་ཕོག་པས། མེ་ཏོག་དཀྱིལ་གྱི་ཟེའུ་འབྲུ་ལ། རྫུ་འཕྲུལ་སྟོབས་ཀྱིས་དེ་ལ་བརྫུས་ནས་སྐྱེས།'༡༧ ཞེས་རྫུས་སྐྱེས་སུ་འདོད་པའི་དྲན་པ་ནམ་མཁའི་མཚན་ལ་ཁྱེའུ་དག་པ་དྲི་མེད་བྱ་བར་འབོད་ཅིང༌། དེ་ཉིད་དྲན་པའི་སྐྱེ་བ་གོང་མར་ཡིན་པར་འདོད་དོ། །

གསུམ་པ། མཛོད་སྒྲ་འགྲེལ་དྲན་པ་ནམ་མཁས་མཛད་མིན་གྱི་སྐོར།

          མཛོད་སྒྲ་འགྲེལ་འདི་ཉིད་དྲན་པས་མཛད་མིན་གྱི་སྐོར་བདག་ལ་དོགས་གཞི་ཅུང་ཟད་བྱུང་སྟེ། གཞུང་དེ་ཉིད་ལས། 'སྒྲ་འགྱུར་འཕྲུལ་གྱི་ལྡེ་མིག བརྡའ་སྦྱོར་ལོ་ཙཱའི་གནད་ལ་ལྔ་སྟེ། སྒྲ་གང་དུ་བསྡེབས་ཡུལ་དང་གཅིག གང་གིས་བསྡེབས་པའི་དཔོན་དང་གཉིས། ནམ་བསྡེབས་པའི་དུས་དང་གསུམ། ཅི་ལྟར་བསྡེབས་པའི་ཚུལ་དང་བཞི། བསྡེབས་པས་དོན་གྱི་གྲུབ་ཚུལ་དང་ལྔ་ལྔས་བསྟན་ནོ།'༡༨ །ཞེས་པའི་ས་བཅད་ལས། 'དེ་ཡང་ཡུལ་རྒྱ་ལོ་གོང་བུ་དམེ་རུ་དེར་དཔོན་སུམ་པ་ཁ་ཡམ་མེ་འབར་གྱིས་རྒྱ་བོད་དོས་ཆད་ཀྱི་འཁྲུག་པ་བྱུང་བའི་དུས་སུ་ཚོང་དུས་ལོ་ཙཱའི་ཚུལ་དུ་ཤམ་པོ་གླུ་དབལ་དང་ཐང་ལྟའི་དགྲ་དབལ་བངད་པའི་དོན་དུ་བསྡེབས་སོ།' །ཞེས་དང་ཡང་དེ་ཉིད་ལས། 'ཡང་ཡུལ་ཡར་ལྷ་ཤམ་པོའི་གངས་ཕུག་ཏུ་དཔོན་གསས་ཤ་རི་དབུ་ཆེན་གྱིས་རྒྱལ་གཤེན་གནམ་ནས་ས་ལ་གཤེགས་པའི་དུས་སུ་ལས་དང་ཐུགས་རྗེ་འབྲེལ་བའི་དོན་དུ་བསྡེབས་སོ། །ཡུལ་བལ་ཡུལ་ཐང་ཤོད་རྒྱ་དང་བོད་ཀྱི་མཚམས་སུ་དཔོན་གསས་ལྷ་བདག་སྔགས་དྲོ་ཡིས་རྒྱལ་དྲི་རུམ་བཙན་པོ་ཐུགས་སུ་གདོན་བཞུགས་པའི་དུས་སུ་གཟུ་བོ་གཟུ་འགྲེམས་པའི་ཚུལ་གྱིས་བསྟན་པ་མཐར་རྒྱས་པར་བྱ་བའི་དོན་དུ་རྒྱ་བོད་མེ་ཉག་དང་གསུམ་དུ་གྲོལ་བར་བསྡེབས་སོ། །ཡང་ཡུལ་དབུ་རུ་ཤུག་གཅིག་ཏུ་དཔོན་སྐྱེ་བ་དྲན་པ་ནམ་མཁའ་ཡིས་རྒྱལ་པོ་བོན་སྤངས་ཆོས་ལ་བཞུགས་པའི་དུས་སུ་གྲུབ་པ་མཐའ་བཟུང་གི་ཚུལ་གྱིས་ཚིག་དང་དོན་དུ་གཅིག་པའི་དོན་དུ་བསྡེབས་སོ། །ཡུལ་བྱེ་མ་ལ་གཡུང་དྲུང་མཁར་གད་ཀྱི་བྱིལ་མཁར་དུ་དཔོན་མཁས་པ་མི་བཞི་བཀའ་གྲོས་ནས་ཞང་ཞུང་ལས་བོད་དུ་སྒྱུར་བའི་དུས་སུ་ལོ་པཎ་བྱད་དང་མེ་ལོང་གི་ཚུལ་གྱིས་ལོ་པཎ་རྒྱུན་མི་ཆད་པའི་དོན་དུ་བསྡེབས་སོ།'༡༩ །ཞེས་འཁོད་ཡོད་པས། དེ་ལྟར་ན་མཛོད་འགྲེལ་ལའང་སུམ་པ་ཁ་ཡམ་མེ་འབར་གྱི་མཛོད་འགྲེལ་དང༌། ཤ་རི་དབུ་ཆེན་གྱིས་གཉའ་ཁྲིའི་སྐབས་མཛད་པའི་མཛོད་འགྲེལ། ལྷ་བདག་སྔགས་དྲོ་ཡིས་གྲི་གུམ་དུས་སུ་མཛད་པའི་མཛོད་འགྲེལ། དྲན་པ་ནམ་མཁས་རྒྱལ་པོ་བོན་སྤངས་ཆོས་ལ་ཞུགས་དུས་སུ་མཛད་པའི་མཛོད་འགྲེལ། མཁས་པ་མི་བཞིས་མཛད་པའི་མཛོད་འགྲེལ་སོགས་ཡོད་པར་གཞུང་འདིར་ཤིན་ཏུ་གསལ་ན་ཡང༌། ད་ལྟ་མཇལ་སྐལ་དུ་གྱུར་པའི་མཛོད་འགྲེལ་ནི་མཁས་པ་མི་བཞིས་མཛད་པའི་མཛོད་འགྲེལ་༢༠དང༌། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་མཛོད་འགྲེལ།༢༡ འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་མཛོད་འགྲེལ།༢༢ མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་མཛོད་འགྲེལ་༢༣བཅས་ཡིན། འོན་ཀྱང་འདི་དག་ལས་མཁས་བཞིའི་མཛོད་འགྲེལ་མ་གཏོགས་མཛོད་འགྲེལ་གཞན་རྣམས་མཛོད་སྒྲ་འགྲེལ་ནང་འཁོད་མེད་པ་དེས་མཁས་བཞིའི་མཛོད་འགྲེལ་དེ་ཉིད་ཆེས་རྙིང་གྲས་ཤིག་ཡིན་པར་རྟོགས་ཐུབ་བོ། །ནམ་རྒྱུན་མཛོད་ལྷ་འགྲེལ་དེ་འགྲེལ་སྔ་ཤོས་སུ་བརྩིས་ཀྱང་གཞུང་དེའི་ནང་མ་འཁོད་ཅིང༌། མཛོད་འགྲེལ་དེ་ཉིད་དེང་སང་མཇལ་རྒྱུའང་མེད་པས་དེ་ཉིད་ཇི་ལྟར་ཡོད་མེད་ལའང་འཕྱང་མོ་ཉུག་གོ། །
          གཞུང་འདིའི་ནང་དཔོན་དྲན་པ་ནམ་མཁས་རྒྱལ་པོ་བོན་སྤངས་ཆོས་ལ་བཞུགས་པའི་དུས་སུ་གྲུབ་པ་མཐའ་བཟུང་གི་ཚུལ་གྱིས་མཛོད་འགྲེལ་ཞིག་མཛད་ཡོད་པར་འཁོད་ཅིང༌། རྒྱལ་པོ་བོན་སྤངས་ཆོས་ལ་ཞུགས་པའི་དུས་ནི་ཕལ་ཆེར་ཁྲི་སྲོང་སྐབས་སུ་ཡིན་པས། དེ་དུས་དྲན་པ་ནམ་མཁའ་ནི་རྗེ་འབངས་ཉེར་ལྔའི་གྲལ་དུ་ཞུགས་ཡོད་པར་བོན་བན་གྱི་ལོ་རྒྱུས་དག་ལས་གསལ། དེས་ན་མཛོད་འགྲེལ་དེ་ནི་དྭགས་པོ་དྲན་པས་མཛད་པ་ཞིག་ཡིན་དགོས་པར་སྣང་མོད། འོན་ཀྱང༌། དེ་ལྟར་དྭགས་པོ་དྲན་པས་མཛད་ཅེས་བརྗོད་པར་ཡང་དཀའ་བར་གྱུར། གང་ལྟར་དེ་ཉིད་ཁྲི་སྲོང་གི་རྗེས་སུ་བྲིས་པ་ཞིག་ཡིན་པ་ནི་ཤིན་ཏུ་གསལ་ཏེ། དེ་ཉིད་ལས། 'སྤྱིར་ས་གཡོ་བ་ནི་ལོ་སྙིང་གཟའ་སྐར་དུས་ཚོད་ངན་པ་གཡོས་ན་སྐྱེས་དར་མ་ལ་ངན་ནོ། །དེ་རྣམས་བཟང་པོ་ལ་གཡོས་ན་བན་བོན་དགེ་བཤེས་དང༌། །རྒྱལ་པོ་མངའ་ཐང་སྐྱེ་ཡིན་ལས་དགེ་བ་འཕེལ་བར་འགྱུར་རོ།'༢༤ །ཞེས་པའི་ནང་'བན་བོན་དགེ་བཤེས་'ཞེས་གསལ་ཡོད་པས། བན་དེའི་ཆོས་ལུགས་ཀྱི་དར་ཁ་ཤུགས་ཆེ་ཤོས་ནི་ཁྲི་སྲོང་གི་སྐབས་ནས་མར་མཆེད་པ་ཡིན་སྟབས། མཛོད་འགྲེལ་དེའི་བཅུད་བསྟན་པའི་སྐབས་ལས་ཀྱང༌། 'རེས་ཤིག་མེ་ཉག་ནེ་རྒྱུང་གིས་ཁྱེའུ་སྐྱེ་བ་དྲན་པ་ལ་ཞུས་པ། ཀྱེ་སྐྱེས་བུ་ཆེན་པོ་ཞབས་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པས། ཀུན་ཏུ་ཁྱབ་པ། སེམས་བྱང་བའི་ཆོ་འཕྲུལ་གྱིས་གཞན་མངོན་པར་ཤེས་པ་ལགས་ན། བསམ་གཏན་གྱི་ལྷ་ཞེས་བྱ་བ་རང་ལས་སྐྱེས་པའི་བསམ་གཏན་ལགས་སམ། དྲན་པ་ན་རེ། དེ་ནི་གཞན་ལས་གནང་སྦྱངས་པའི་བསམ་གཏན་མ་ཡིན་ཏེ། རང་ལ་སྐྱེས་པ་ལ་ཆགས་པས། སྐྱེ་འཕེལ་གྱི་རྒྱུ་རུ་སོང་བའོ། །དེ་དེ་ལྟར་རོ། །དེ་བཞིན་དུ་རྩང་གཙང་མ་རིགས་ཀྱི་ལྷ་ལྔ་ཅི་ལྟར་རྩང་གཙང་ཞེ་ན། ཏིང་ངེ་འཛིན་རྒ་དགའ་རྟོག་གཡོ་བར་མ་སོང་སྟེ། འཛིན་པ་དང་བྲལ་བས་རྩང་བ་དང༌། དུག་ལྔའི་ཟག་པ་དང་མ་བྲལ་ཀྱང༌། སྐྱེ་གནས་ཀྱི་འདོད་པ་མེད་པས་སྐྱེ་འཕེལ་མེད་པའོ་གསུངས་སོ། །དེ་ཡང་དྲན་པས་གསོ་གསོལ་གསུངས་གསོལ་དེ་ལྟར་ལགས།'༢༥ ཞེས་དྲན་པ་ནམ་མཁའ་དང་ནེ་རྒྱུང་བར་གྱི་གླེང་མོལ་འདིའི་ལུང་ཚིག་ལ་གཞིགས་ན། གཞུང་འདི་ཉིད་ཁོད་སྤུངས་དྲན་པས་མཛད་མེད་པ་གསལ་པོར་གྱུར་འདུག་སྙམ།
          ཡང་དེ་ཉིད་ལས། 'གཞན་ཡང་གཤེན་ཕྲན་གྲངས་མེད་པ་རྣམས་ཀྱིས་བཤོས་ཀྱི་ལྷ་བོན་དང༌། གྲོང་གི་ལྷ་བོན་དང༌། ཡང་དག་པའི་སེམས་དོན་དང་གསུམ་ལ་སྤྱོད་ཀྱིན་བོན་དར་བར་གྱུར་རོ། །དེ་ལ་མཛད་པའི་བོན་སྡེ་གཏེར་ཁ་གཞན་དུ་ཤེས་པར་བྱའོ།'༢༦ །ཞེས་དང༌། ནང་བཅུད་ཀྱི་ལུས་ཚད་དང་ལས་དང་སྤྱོད་པ་སྟོན་པའི་སྐབས། 'གཤེན་བྱམས་པ་གསལ་ལོན་གྱིས་དྲང་སྲོང་རྒྱལ་བ་ལ་གསོལ་པ་སོགས་ཀྱི་ལུང་འདྲེན།'༢༧ ཞེས་དང༌། 'ས་དང་གནས་ནི་གསུམ་'ཞེས་པའི་སྐབས་སུ་ཚངས་པ་དང་གཤེན་རབ་བར་གྱི་གླེང་མོལ་༢༨སོགས་ཀྱང་འཁོད་ཡོད་དོ། །
          གཞུང་དེ་ཉིད་ཀྱི་མཇུག་སྡོམ་ལས། 'དུས་དེར་སྐྱེ་བ་དྲན་པའི་ནམ་མཁའ་ཞེས་ཀྱང་བྱ། རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཞེས་ཀྱང་བྱ་བ་དེས། མཁས་པ་ཆེན་པོ་རྣམས་ཀྱི་ནང་ནས་ད་མི་ཐད་ཀེ་ལ་གསུངས་པ། སྤྱིར་དེ་ལྟར་ལྟ་སྤྱོད་ཐམས་ཅད་རྣམ་པར་དག་པ་ལགས་ན་མཛོད་གནས་བཅུ་བདུན་གང་དང་གང་དུ་རྣམ་པར་དག་པ་ལགས་ཞེས་གསོལ་པས། ད་མིས་གསུངས་པ། ཁྱེའུ་དྲན་པས་གསུངས་པ་ལེགས་སོ།'༢༩ །ཞེས་མཛོད་གནས་བཅུ་བདུན་རྣམས་རྣམ་པར་དག་ཚུལ་རྣམས་མར་གསུངས་ནས་གཞུང་འདི་མར་མཇུག་བསྒྲིལ་ཡོད། དེ་མིན་གཞུང་འདིའི་ནང་རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཀྱི་ལོ་རྒྱུས་སོགས་གསལ་བར་བྲིས་གནང་ཡོད་པས། སྤྱིར་རང་རྣམ་སོགས་བྲིས་སྲོལ་ཡོད་མོད་ཀྱང༌། གཞུང་འདིའི་ནང་ཕལ་ཆེར་ལུང་འདྲེན་གྱི་ཚུལ་དུ་བཀོད་པར་སྣང༌། དེས་ན་གཞུང་འདི་ཉིད་བླ་ཆེན་གྱི་རྗེས་འཛིན་ཆེ་གེ་མོ་ཞིག་གིས་བྲིས་ཡོད་པར་སེམས།
          མཛོད་སྒྲ་འགྲེལ་དེ་ཉིད་ལས། 'དེ་ནས་ཁྱེའུ་དྲན་པས་གསུངས་པ། ཀྱེ་མ་ལྷ་སྲིན་གཉིས་ཀྱི་ས་མཚམས་ན། །ཡ་མཚན་ཆེ་བའི་མཁར་ཞིག་གདའ།' ཞེས་པ་ནས་ '།གཟེ་འཇུམས་ལྡེ་མིག་གང་ནས་འཚོལ། །འབྱེད་པའི་སྒྱུར་ཐབས་དུ་ཞིག་གདའ། །ཞེས་གསུངས་སོ། །དེ་ལ་ད་མིས་སྐྱེས་སྐྱེ་དྲན་པ་ནམ་མཁའ་ཡང༌། །རང་གསལ་གཞན་ལ་གལ་པོར་གླེང༌།' ཞེས་པ་ནས་ '།མཁར་བདག་ཡེ་སྲིད་རྒྱལ་པོ་ཡིན། །འཆའ་འཁན་སྟོན་པ་གཤེན་རབ་ཡིན། །མགར་བ་རིག་པའི་རྒྱལ་པོ་ཡིན། །ལྡེ་མིག་འཚོལ་ནས་དེ་ནས་འཚོལ།'༣༠ །ཞེས་སོགས་གསུངས་འདུག་མོད། འོན་ཀྱང༌། ཡོངས་འཛིན་རིན་པོ་ཆེས། 'ཁྱེའུ་དྲན་པས་གསུངས། ཀྱེ་ལོ་པཎ་ཆེན་པོ་བཞི་གཉིས་བརྒྱད། །ཁྱེད་ཀྱིས་ལྟ་སྟངས་རེ་རེ་སོ་སོར་བཞག་གོ། །བདག་ལ་ཞུ་དོན་འབུལ་རྒྱུ་མཆིས། །ཀྱེ་མ་ཕེ་ཤ་ཡ་མཚན་ཆེ། །ཕྱི་རྟེན་སྣོད་ནི་འབྱུང་བཞིའི་གནས། །ནང་རྟེན་སྲོག་ནི་སེམས་ཅན་སྲོག །དེ་ལ་ལྟུང་འཁོར་སྡུག་བསྔལ་རྒྱུ། །འཁྲུལ་གཞིའི་རྩ་བ་གཅོད་པ་ལ། །ཚིག་གི་ལོ་མ་གྲངས་མང་ཡང༌། །ཉོན་མོངས་གཞི་རྩ་ཅུང་ཆོད་དམ། །ཉོན་མོངས་རྩ་བ་གཅོད་པ་ལས། །ལས་ཀྱི་གོ་རིམ་ཇི་ལྟར་ལགས། །དེ་ལ་ད་མིས་གསུངས་པ། ཀྱེ་ཀྱེ་བླ་ཆེན་ཁོད་སྤུངས་གསོན། །ལོ་པཎ་ཆེན་པོ་བཞི་གཉིས་ཀྱིས། །ལྟང་འབུལ་སོ་སོར་མཛད་པ་ལ། །ཁོད་སྤུངས་ཚིག་ལ་མ་མཉེས་པ། །རང་གསལ་གཞན་ལ་རྩོད་པར་གླེང༌། །ཚིག་གི་ལོ་མ་གྲངས་མང་ཡང༌། །དོན་གྱི་རྩ་བ་མ་བཅད་ན། །ཐར་པའི་བདེ་གནས་གང་ནས་ཐོབ། །སྔ་མ་ལས་ཀྱི་འཕྲོ་ལེན་པའི། །མཁའ་འགྱིང་ཁྲོ་བོ་དོན་གྱི་བཅུད། །སྤྱི་སྤུངས་གསང་བའི་སྙིང་པོ་ལ། །དོན་དུ་མན་ངག་སྟོབས་ཀྱིས་བསྒྲུབ། །སྒྲུབ་པ་ཀ་དག་དོན་ལ་ཞུགས། །མ་ནོར་དོན་གྱི་སྙིང་པོ་ནི། །དབང་རྣམས་རྫོགས་ན་འབྲས་བུ་ཐོབ། །ཅེས་གསུངས་སོ།'༣༡ །ཞེས་ལུང་དྲངས་འདུག་པས། དེས་ན་མཛོད་སྒྲ་འགྲེལ་གྱི་ཚིག་དངོས་དང་ཡོངས་འཛིན་རིན་པོ་ཆེས་དྲངས་པའི་ལུང་ཚིག་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་ཡོད་པར་མཐོང་ངོ། །
བཞི་པ། དམུ་གཤེན་གྱི་གདུང་ལས་གྲོལ་བའི་དྲན་པ་ནམ་མཁའི་སྐོར།
          དམུ་རིགས་གཤེན་གྱི་གདུང་རྒྱུད་ནི་བོན་ཕྱོགས་སུ་ཆེས་རྩ་འགངས་མཐོ་བའི་གདུང་རྒྱུད་ཅིང་རེད། རྒྱུ་མཚན་ནི། བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་མཆོག་གདུང་རྒྱུད་དེ་ལས་སྐུ་བལྟམས་པས་ཡིན། འདིར་དྲན་པ་ནམ་མཁའ་དམུ་རིགས་གཤེན་གྱི་གདུང་ལས་གྲོལ་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ཡང་ཐབས་ཆེན་མཁའ་ཡི་རྒྱུད་ལས། 'སྔོན་ཞང་ཞུང་གི་ཡུལ་གྲོང་ཁྱེར་རྒྱལ་བ་མཉེས་པ་ཡུལ་གྱི་དབུས། མཁར་ཁྱུང་ལུང་དངུལ་མཁར་གྱི་ནང་ནས། སྟག་གཟིག་ཡུལ་ནས་དམུ་རིགས་འཐེན་དགུའི་གདུང་ལས་གྲོལ་བའི་དམུ་རྒྱལ་ཁྲི་ཝེར་གུང་ནམ་བྱ་བ་དང༌། ཡུམ་ཞང་ཞུང་གི་ལྕམ་མོ་ཏིང་འཕྲུལ་བྱ་བ་གཉིས་བཤོས་པ་ལ་སྲས་གཅིག་བལྟམས་ཏེ། ཞང་ཞུང་གི་གཤེན་པོ་ཕ་བ་ཁྲི་སྙ་རྒྱལ་ཆུང་གིས་རྒྱུང་ཡར་མུ་ཁོད་བྱ་བ་རུ་བཏགས་སོ། །དེ་དང་ཕྱ་རྒྱལ་ལོ་སྲས་ཀྱི་བུ་མོ་ཕྱ་བཙུན་གོང་མ་གཉིས་ལ་མཁས་པ་ལོ་པཎ་གཤེན་བརྒྱད་ཀྱི་ཐུགས་རྗེ་བྱིན་རླབས་ལས་དྲན་པ་ནམ་མཁའ་སྲས་སྐལ་དུ་ཐོབ།'༣༢ ཅེས་བྱུང་ཞིང༌། ཁོད་སྤུངས་མདོ་རྒྱུད་གྲགས་པའི་རྣམ་ཐར་ལས། 'ཞང་ཞུང་གི་ཡུལ་དུ་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་ལ་སོགས་པ་རྒྱལ་ཁབ་ཆེན་པོ་བཅོ་བརྒྱད་ཀྱི་ནང་གསེས་ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཡུལ་ན་སླིག་ཀྲ་གུ་གེ་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དང༌། རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན། ཀྱི་ལེ་གུ་གེ་རྒྱལ་པོ་མུ་མེན་དུང་གི་བྱ་རུ་ཅན་དང་གསུམ་ལས། རྒྱུང་ཡར་མུ་ཁོད་རྒྱལ་པོ་ནི། འོལ་མོའི་གླིང་གི་རྒྱལ་རིགས་དྲ་མ་ཆེན་པོ་དམུ་རིགས་རྒྱལ་པོ་ཀོང་ཚ་གཡུང་དྲུང་དབང་ལྡན་གྱི་སྲས་བཞི་ལས། འབྲིང་བ་ཐོག་གི་རྒྱལ་པོའི་གདུང་རྒྱུད་ལས་ཆད་པ་སྟེ། དེའི་སྲས་སུ་ཁོད་སྤུངས་དྲན་པ་ནམ་མཁའ་བྱོན་པ་ཡིན།'༣༣ ཞེས་དང༌། མཁས་དབང་དཔལ་ཚུལ་གྱིས། 'གཤེན་དང་བྲུ་ཞུ་སྤ་རྨེའུ་ཁྱུང་དྲུག་གི། །གདུང་རབས་བྱུང་ཚུལ་དེར་བྱོན་རྣམ་ཐར་བཅས། །མདོར་བསྡུས་བཀོད་ལས་ཐོག་མར་བོད་ཡུལ་དུ། །རྒྱལ་རིགས་གཤེན་གྱི་གདུང་རབས་འབྱུང་ཁུངས་ནི། །སྟག་གཟིག་གཤེན་སྲས་ཀོང་ཚ་དབང་ལྡན་ལ། །སྲས་བཞི་འོད་ཀྱི་རྒྱལ་དང་ཐོག་གི་རྒྱལ། །འབྲུག་གི་རྒྱལ་པོ་འགར་བུ་ཆུང་དང་བཞི། །འོད་ཀྱི་རྒྱལ་ལས་དམུ་བོན་ཨ་རུ་རིང༌། །དམུ་རྗེ་ཐུམ་ཐུམ་དམུ་རྗེ་རྒྱལ་གསུམ་ནས། །ནམ་མཁའ་སྣང་མདོག་ལ་སོགས་ཆེ་རྒྱུད་བྱོན། །ཐོག་གི་རྒྱལ་པོར་འབྲིང་རྒྱུད་དྲན་པ་ཡན། །ཆུང་གོང་འབྲུག་གི་རྒྱལ་པོ་ལས་བོད་ཡུལ་གྱི། །དམུ་གཤེན་གདུང་བྱུང་དེ་ཡང་འབྲུག་རྒྱལ་སྲས།'༣༤ །ཞེས་གསུངས་ཤིང༌། འདིར་དམུ་གཤེན་ལྷ་ཡི་གདུང་རབས་ནང་གི་ལུང་ཚིག་དེ་དག་དྲངས་ན་ལེགས་པར་སྙམ།༣༥ ཞེས་དང༌། 'གཤེན་གྱི་གདུང་མཛོད་དང་ཁྲོ་འགྲེལ་སོགས་ལས་གསལ་བར་བཞེད་པ་ལྟར་'ཞེས་ལུང་དྲངས་པའི་དཔེ་ཆ་ཞིག་ལས། 'ཀོང་ཚ་དབང་ལྡན་དང་སྨན་བཙུན་མོ་ལ་མི་ཕོ་ཆེ་གསུམ་བྱུང་བ་ལས། ཏ་ཟིག ཞང་ཞུང༌། བོད་གསུམ་གྱི་དམུ་གཤེན་དེ་ལས་གྲོལ། ཅེས་དང་ཡང༌། དེ་ལས་འོད་ཀྱི་རྒྱལ་པོ། ཐོག་གི་རྒྱལ་པོ། འབྲུག་གི་རྒྱལ་པོ་གསུམ་མོ། །ཐོག་གི་རྒྱལ་པོའི་སྲས་རྒྱུད་རྣམས་ཞང་ཞུང་གི་དམུ་གཤེན་ཏེ། ཡབ་དམུ་རྒྱལ་གསལ་བ་རྗེ། སྣང་བ་མདོག་ཅན་སོགས་ནས་བླ་ཆེན་པོ་གྱེར་སྤུངས་དྲན་པ་ཡབ་སྲས་ཡན་ཆད་ཀྱིས་རྫོགས།'༣༦ ཞེས་གསུངས་པའི་ལུང་འདྲེན་ཡུལ་གྱི་དཔེ་ཆ་གཤེན་གྱི་གདུང་མཛོད་དང་ཁྲོ་འགྲེལ་བྱ་བ་དེ་ཉིད་གང་ཡིན་མ་ངེས་ཀྱང༌། དེ་གཉིས་ལས་སྣང་བ་མདོག་ཅན་འབྲིང་རྒྱུད་ལས་གྲོལ་ཚུལ་བཤད་ཡོད་འདུག་པས། གོང་སོང་ཆེ་རྒྱུད་ནས་གྲོལ་ཚུལ་བཤད་པ་རྣམས་དང་ཅུང་མ་མཐུན་ཞིང༌། དཔལ་ཚུལ་གྱིས་ཀོང་ཚ་དབང་ལྡན་ལ་སྲས་བཞི་བཤད་ཡོད་པར་གསུངས་པའང་བོན་དཔེ་གཞན་རྣམས་ལས་གསུམ་གསུངས་པ་དང་མ་མཐུན་ལ། གཡུང་དྲུང་གསང་བའི་མཛོད་ཆེན་གྱི་ནང་ཀོང་ཚ་གཡུང་དྲུང་དབང་ལྡན་དང་བཙུན་མོ་བཀྲ་ཤིས་བདེ་ལྡན་མ་གཉིས་ལ་ནམ་མཁའ་སྣང་བ་མདོག་ཅན་འཁྲུངས་ཚུལ་བཤད་ཡོད་པ་དེ་དང་གཤེན་གྱི་གདུང་མཛོད་སོགས་ཀྱི་ནང་སྣང་བ་མདོག་ཅན་གྱི་ཡབ་དམུ་རྒྱལ་གསལ་བ་རྗེ་ཡིན་པར་བྲིས་ཡོད་པ་རྣམས་ཕན་ཚུན་ཅུང་ཟད་མི་འདྲ་བའི་ཁྱད་པར་འདུག་སྙམ་མོ། །
          གང་ལྟར་ཡང་དྲན་པ་ནམ་མཁའ་གང་ཉིད་དམུ་གཤེན་གྱི་གདུང་རྒྱུད་ལས་གྲོལ་ཚུལ་བཤད་པའི་བོན་གཞུང་ཇི་སྙེད་ཅིག་ལག་སོན་བྱུང་བ་མཐའ་དག་ལ་གཞིགས་ན། ཡབ་རྒྱུང་ཡར་མུ་ཁོད་དང༌། ཡུམ་ཕྱ་བཙུན་གུང་མ་གཉིས་ཀྱི་སྲས་སུ་གྱུར་པའི་ཞང་ཞུང་དྲན་པ་ནམ་མཁའ་དེ་ཉིད་ནི་དམུ་རིགས་གཤེན་གྱི་གདུང་ལས་གྲོལ་བ་ཞིག་ཡིན་ཚུལ་ཤིན་ཏུ་གསལ་པོར་གྱུར་རོ། །