༄༅། །བོད་ལྗོངས་ལྷ་མི་ཡོངས་ཀྱིས་དད་མོས་རྩེ་གཅིག་གིས་ལུགས་གཉིས་ཀྱི་འདྲེན་པ་མཆོག་ཏུ་མངའ་གསོལ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཆེན་པོའི་ཕྱག་ཐམ།

སེམས་འཚོར་དམར་པོ།

སེམས་འཚོར་དམར་པོ།
འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།

ཟིན་བྲིས་རྣམས་གྲངས།

དྲང་སྲོང་རྒན་པོའི་ལྟ་གྲུབ།

ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།།སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།།སུ་དང་གང་གིས་འཇུ་ཡང་མི་ཟིན་པ།།བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།
ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།།དེ་རིང་གཡའ་དག་མཁའ་ནས་ཉི་གཞོན་འཛུམ།།གནམ་སའི་གཤིས་ལུགས་ངེས་མེད་འགྱུར་བ་འདི།།འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།
འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།།རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།།གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།།དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།
བྱང་ཐང་བྱེ་མ་སྤུངས་པའི་ཇག་ལམ་ན།།མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།།ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།།གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།
གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།།ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།།སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།།སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།
2007/3/26/བྲིས།

གདུང་བའི་སྨྲེ་ངག


གཉིད་ནི་རྨོངས་དང་འཐོམ་པའི་ཆ་ལག་ཕྱིར།།སུ་དང་གང་གིས་བསྟོད་པ་མི་བྱེད་མོད།།རྨི་ལམ་གྲོང་ཁྱེར་འགྲིམས་པའི་ལྟད་མོ་ལ།།གཟིགས་ན་གཉིད་ལ་མི་བསྟེན་མཐུ་མེད་ཡིན།།ངོས་འཛིན་གཏོད་སོ་མེད་པའི་བར་སྣང་གི།།མཛེས་མཚོན་ཁ་དོག་བཀྲ་བའི་འཇའ་རིས་སྣེ།།འཁྲུལ་སྣང་ཨ་ཐས་ཟབ་པའི་བོད་རྒན་ཚོས།།རེ་བས་ཤི་འཐམ་བྱས་པའི་རྨི་ལམ་རིང༌།།གཞན་འཚང་སྔོག་པའི་ཕག་གི་མཆུ་ཏོ་ལ།།རང་འཚང་སྐྱག་པ་འགོས་པའི་དྲི་ངན་གྱིས།།དངོས་དོན་བདེན་པའི་དྲི་བསུང་འཐུལ་བ་ལ།།ཕན་པའི་རེ་བ་བཅོལ་པའི་འཁྲུལ་སྣང་ཟབ།།ཟླ་འོད་མུན་པས་ཟོས་པའི་མཚན་མོ་ན།།ནག་ཅན་རྐུན་མའི་གྲིབ་གཟུགས་མ་མཐོང་བར།།འབ་སྒྲས་གནམ་ས་དབྲལ་བའི་ཁྱི་རྒན་ལ།།རེ་བའི་བློ་གཏོད་བྱས་པའི་ལྷ་སྒྲུང་སྙན།།སྤང་རྒྱན་མེ་ཏོག་བཀྲ་བའི་གླིང་ཁ་ན།།ཕྱེ་མ་ལེབ་ཀྱིས་འཕུར་ལྡིང་རྩེན་པའི་རྗེས།།བསམ་མེད་བྱིས་པ་རྒྱུག་པའི་རྡོག་སྣེ་ནས།།གཡང་སའི་རྡོ་ལ་བརྡབས་པའི་ངུ་རྒྱངས་ཐོས།།ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་དུ།།འཁྱགས་པས་ས་གཞི་བསྡམས་པའི་སྲུབ་ཀ་ནས།།ལྗང་མདོག་མྱུ་གུ་འབུས་པའི་རེ་བ་འདིས།།མེས་པོའི་སྙིང་ལ་འཇའ་ཡི་ཁང་བཟང་བསྐྲུན།།བསམ་གཞིགས་འཁྱགས་ལ་འབྱར་བའི་གྲང་ལྷག་གསེབ།།རྣམ་རྟོག་བུ་ཡུག་འཚུབ་པའི་དུར་ཁྲོད་ན།།ཕ་མེས་སྟོང་གི་རྣམ་ཤེས་ཐིམ་པའི་ཤུལ།།རེ་བའི་ལྷག་མ་འཇགས་རྩྭ་སྐམ་པོ་ཙམ།། ༢༠༠༧.༣.༢༠ ལ་བྲིས།

ཕྱིར་དྲན།

རི་རྩེ་ཁ་བས་ཉིན་རེ་ཉིན་རེར་བསྟིམས།།ནགས་ཀྱི་ཤིང་ལོ་རིམ་གྱིས་རིམ་གྱིས་ལྷུང༌།།ད་ནི་ཁོར་ཡུག་མཛེས་པའི་རྣམ་ཤེས་འདིའང༌།།དགུན་འཁྱགས་ལྷགས་པའི་རུམ་དུ་འབྱར་བར་ངེས།།ད་ནངས་བྱེ་འུའི་གསུང་སྙན་མ་ཐོས་གོང༌།།ཞོགས་རླུང་བསིལ་མོས་ཕྲ་ཡོལ་ཁད་ཀྱིས་ཕྱེས།།མགོ་བོ་སྔས་ལ་འབྱར་བའི་རྨི་ལམ་ཡང༌།།གཟུགས་མེད་རླུང་བུ་ལྡང་བས་ཧད་ཀྱིས་དཀྲོགས།།དབྱར་དགུན་སྟོན་དཔྱིད་ཤོག་ལྷེ་བསྒྱུར་བ་བཞིན།།དུས་བཞི་ཤུགས་ཀྱིས་ལོ་ཡི་འཁོར་ལོ་བསྐོར།།མི་ལོ་བཅུ་བདུན་ས་མཐར་དལ་གྱིས་རྫོགས།།དྲན་ཤེས་བསྣོལ་མས་སེམས་ཀྱི་ཚོར་འདུ་བཀྲུགས།།ལྟེ་ཁྲག་གང་དུ་འཕོས་པའི་ཕ་ཡུལ་དང༌།།བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་ཕ་མ་ཟུང༌།།ཤ་ཁྲག་གཅིག་པའི་སྤུན་ཉེ་གྲོགས་པོ་སོགས།།རི་ཁྲི་ཆུ་སྟོང་བརྒལ་བའི་ཕ་རོལ་ལུས།།མི་ཡུལ་འཁྱམས་པ་མི་ཡི་ལས་དབང་སྟེ།།ལྷ་ཡུལ་སླེབས་པའི་རེ་བ་བདག་ལ་མེད།།རང་ལུས་རང་ལ་དབང་བའི་ལས་དབང་ཞིག།མི་མངོན་གནམ་གྱི་དབྱིངས་ནས་གནང་རོགས་གྱིས།།
Powered by Blogger.

འཁྲུལ་སྣང༌།


ཡ་ཀི་རྩ་གསུམ་ལྷ་ཡུལ་མན་ཆད་ནས།།མ་ཀི་རྡོ་རྗེའི་དམྱལ་ཁམས་ཡན་ཆད་ན།།བྱ་བྱེད་བསྣོལ་མ་འཐབ་པའི་འཁྲུལ་སྣང་འདི།།སྒྱུ་རྩལ་སྙན་ངག་སྨྲ་བའི་ལྟད་མོ་ཞིག།
ཕ་རྒན་མུ་གེས་ཤི་བའི་དུར་ས་ན།།བུ་རྒྱུད་ཕྱུག་པོས་ཐུགས་སྤྲོ་བཏང་བྱས་ཏེ།།རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་པ་ཡིས།།རྣམ་ཤེས་འཁྱམས་པོ་འགུག་པའི་མགྲོན་བརྡར་སྨྲ།།
མ་རྒན་ཆང་སར་ཆས་པའི་རྟེན་འབྲེལ་ཐོག།བུ་མོས་བྲོ་གར་ཁྲབ་པའི་གླུ་གཞས་ཀྱིས།།ཆང་དང་སྦི་རག་མཆོད་པའི་སྐུ་མགྲོན་ཚོར།།སེམས་ཁམས་རླུང་གིས་བཀྱགས་པའི་འཁྲུལ་སྣང་སྟེར།།
ཡོད་ཚད་མཇེ་ཡིས་ཕུང་པའི་སྔགས་རྒན་དང༌།།དད་རྫས་སྟུ་རིན་སྤྲོད་པའི་གྲུབ་རྫུན་གཉིས།།རྨོངས་དད་བྲག་གི་བཙན་རྫོང་བརྩེགས་པའི་ནང༌།།བག་མེད་ཤ་ཆང་རོལ་བའི་འཁོར་ཚོགས་རྒྱས།།
སྔགས་ནག་གཅོད་པས་ལྷ་འདྲེ་གཡབ་མོ་བྱེད།།བསམ་མེད་བྱིས་པས་ཁྱི་སྨྱོན་རྡོ་ཡིས་རྡུང༌།།རྙོག་འཛིང་གཡབ་མོ་བྱེད་སའི་གྲུ་ག་འདིར།།ལྷིང་འཇགས་རེ་བ་མཚན་མོའི་རྨི་ལམ་ཙམ།།

སེམས་ཚོར་དམར་པོ།

རི་སུལ་ཁ་བས་བསྟིམས་པའི་ལྷག་རླུང་གསེབ།།རྣམ་ཤེས་རླུང་དང་འགྲོགས་པའི་བ་དོའི་ལུས།།གོས་མེད་གཅེར་བུར་འགྲིམས་པའི་སྐྱོ་གར་ལ།།བརྩེ་སེམས་གོས་བཟང་སྐོན་པའི་བྱམས་ལྡན་སུ།།མེ་མདའི་བུ་ཡུག་འཚུབ་པའི་གཡུལ་ས་ན།།ཚེ་སྲོག་རླུང་གིས་བདས་པའི་ཉམས་ཐག་འབུམ།།ཟུངས་ཁྲག་ཡུར་ཆུ་འཐེན་པའི་གཤིན་ཐང་ནས།།བདག་མེད་བམ་རོས་ཁེངས་པར་སུ་ཡིས་གཟིགས།།ལས་དབང་སྔས་སུ་བྱས་པའི་ལྷོ་མཐའ་ནས།། མིག་ཆུས་གདོང་རིས་བརླན་པའི་ངུ་རྒྱངས་ཀྱིས།།བྱང་བརྒྱུད་ཁ་བས་གཡོག་པའི་དུར་ས་ན།།རྒྱང་རིང་མིག་གིས་ཅེར་བ་སུ་ཡིས་གཟིགས།།གཞན་གནོད་བཞི་ལས་ལྡོག་པའི་སྲིད་དོན་གྱིས།།ཐར་པའི་ཁང་བཟང་མཛེགས་པའི་ལམ་ཟུར་ནས།།ཕ་ས་དོན་དུ་གཉེར་བའི་རྨི་ལམ་ལ།།རེ་བའི་རྨི་ཐག་འཕྱངས་པ་སུ་ཡིས་གཅོད།།ཡར་གི་གསེར་གྱི་ཉི་མའི་འོད་སྣང་འོག།མར་གི་འདུ་ལོང་འཚུབ་པའི་ལྷིང་འཇགས་སྣེ།།རྟག་བརྟན་ཐེར་ཟུག་འཛིན་པའི་འཁྲུལ་སྣང་ལ།།མི་རྟག་སྒྱུ་མའི་རང་ངོ་སུ་ཡིས་སྤྲོད།།མི་ཡུལ་སྔས་སུ་བྱས་པའི་གྲུ་ཁ་ན།།མི་ལོ་ལྔ་བཅུ་ཟིན་པའི་མཇུག་སྣེ་ནས།།མི་ནུས་གདམ་བྱ་མང་བའི་མིག་འཁྲུལ་གྱིས།།བྱིས་པའི་སེམས་ཁམས་བསླུས་པ་སུ་ཡིས་དཀྲོགས།།དགྲ་ལ་ཞི་མོལ་རེ་བའི་འཛུམ་མདངས་ཕག།གཉེན་ལ་རྒྱུག་རྡུང་ཕོག་པའི་ན་ཚ་ཡིས།།ཀི་ཅོས་གནམ་ས་དབྲལ་བའི་ཁོར་ཡུག་ན།།གཉིས་ཕན་འབྲས་བཟང་སྨིན་པ་སུ་ཡིས་རེ།།ནམ་མཁའི་འཇའ་རིས་མིག་གི་ལྟད་མོར་མཛེས།།སྤྲང་པོའི་གླིང་བུ་ཕྱུག་པོའི་རྣ་བར་སྙན།།ཞི་བའི་ལྟ་གྲུབ་བྱིས་པའི་བུ་རམ་གྱིས།།བཀྲེས་ལྟོགས་སེལ་བའི་ལོག་རྟོག་སུ་ཡིས་བཟློག།ཕ་རྒན་བསད་ནས་ཞགས་གསུམ་མ་ལོན་གོང༌།།ཕ་མེད་དྭ་ཕུག་འཁྱམ་པོས་ཁ་བཏགས་སྣེ།།ཕ་བསད་དགྲ་བོའི་མགུལ་ལ་འཐེན་པ་འདི།།ཕ་བཟང་བུ་ཡི་གྲལ་གསེབ་སུ་ཡིས་བཞག།ཁ་འདི་འཕྲེད་དུ་ཕྱེས་པའི་རྟེན་འབྲེལ་གྱིས།།འཕྲེད་འཕྲེད་གཏམ་ལ་རྫོགས་མཐའ་མི་འདུག་པས།།སེམས་ཀྱི་ཁྱེའུ་ཆུང་ངུས་པའི་མིག་ཆུ་རིས།།འཕྲེད་དུ་འབབ་པའི་སྙན་ཚིག་འདི་ཉིད་སྤེལ།།
སྤྱི་ལོ་༢༠༠༨ཟླ་བ་༣ཚེས་༧ཉིན་བྲིས།

དྲན་པའི་སྐྱོ་གདུང༌།


འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།སྐྱིད་པའི་ཕ་ཡུལ་སླེབས་པའི་སྐལ་བ་དེ་མེད་འདྲ།།དྲིན་ཅན་ཕ་མ་མཇལ་བའི་ལས་འཕྲོ་དེ་མི་འདུག།དྲན་གདུང་སེམས་ཀྱི་མིག་ཆུ་ཁོག་པ་ལ་གཞུར་ནས།།མི་ཚེ་ས་མཐར་བསྐྱལ་བའི་ལས་དབང་འདི་སྐྱོ་བ།།སྤུན་མཆེད་གཉེན་ཚན་དུ་མའི་ཞལ་པར་ཙམ་ཐོས་བྱུང༌།།སྐབས་འགར་པར་དང་བརྙན་ཕབ་ལྟད་མོ་ཙམ་མཐོང་ཡང༌།།ཕན་ཚུན་ལྷན་དུ་འཛོམས་པའི་གོ་སྐབས་དེ་བརླགས་ནས།།མི་ཚེ་ཕལ་ཆེར་མི་ཡུལ་ལུང་པ་ལ་རྫོགས་སོང༌།།སྐྱེས་ས་འཚར་ས་བསིལ་ལྡན་བོད་ལྗོངས་ལ་ཡིན་ཡང༌།།རྒ་ས་ཤི་ས་ལྷོ་མཐའི་ཚ་བ་ནང་ངེས་པས།།རྒྱུས་མེད་མི་ཡུལ་འཁྱམས་པའི་ཉམ་ཆུང་གི་གྲྭ་རྐྱང༌།།བསམ་ཞིང་བསམ་ཞིང་སེམས་སྡུག་ན་བུར་བཞིན་འཐུལ་སོང༌།།མི་བཟད་སྐྱོ་བའི་ཚོར་རླབས་སེམས་ཁོང་ནས་འཕྱུར་ཡང༌།།གདོང་གི་བཤུ་སྐོག་མཉེད་པའི་འཛུམ་ཀོང་འདི་བསྟན་བཞིན།།མི་ཚོགས་འདྲ་མིན་གསེབ་ཏུ་འགྲོ་ཁུལ་རང་བྱེད་པ།།འཇིག་རྟེན་མི་ལུས་ལེན་པའི་ཡ་ཚུལ་ཙམ་ལོས་ཡིན།།
༢༠༠༨.༥.༡༧ཉིན་དགེ་འོས་B.edའཛིན་གྲྭའི་ནང་གནན་ཐབས་མེད་པའི་སྐྱོ་སྣང་ཞིག་གིས་རྐྱེན་བྱས་ཏེ་དཀར་པང་ཐོག་ཐོལ་བྱུང་དུ་བྲིས།

Followers


དྲྭ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Saturday, December 17, 2011

རྩོམ་པ་པོ་ཕུར་བུ་ཚེ་རིང་ལ་ཕུལ་བའི་མགོ་གླེང་།

སྙན་ངག་པ་དང་སྙན་ངག་གི་ཆེ་བ་སྤྱི་བཤད།

རྟོག་པའི་རླུང་གིས་ཚོར་བའི་དྲིལ་ཆུང་ལ༎
བདས་པ་ཙམ་གྱིས་གནམ་ས་དབྲལ་བྱེད་པའི༎
ངག་རིག་འཕྲུལ་གྱི་སྒྲ་རླབས་ཆེས་གཡོ་བས༎
རྨོངས་པའི་གཉིད་ཀྱི་འཇིག་རྟེན་གཏོར་གྱུར་ཅིག༎
            འཇིག་རྟེན་ཧྲིལ་པོ་འདི་ཇི་ཙམ་ཆེ་ན་ཡང་། སྙན་ངག་པའི་རྟོག་འཆར་གྱིས་སྐྲུན་པའི་འཇིག་རྟེན་གྱི་གྲུ་ཟུར་ཆུང་ཆུང་ཞིག་གི་ཚོད་ལའང་བཞལ་བར་མི་ནུས་ལ། གནམ་སྔོན་པོ་འདི་ཇི་ཙམ་ཡངས་ནའང་སྙན་ངག་པའི་སྒྱུ་རྩལ་གྱི་གཤོག་ཟུང་བརྐྱངས་ན་བུ་གའི་ནམ་མཁའི་ཚད་ཙམ་ལས་མེད་ཅེས་བཤད་ན། ཚོར་བའི་ཟབ་མཚམས་ལ་སྒྱུ་རྩལ་གྱི་སྒོ་བྱང་བརྐོས་པ་མ་མྱོང་ཞིང་། ཉམས་འགྱུར་གྱི་ལང་ཚོ་བརྟས་པའི་སྙན་འཇེབས་ཀྱི་གླུ་སྒྲ་ཐོས་མྱོང་མེད་པའི་སྐྱེ་བོ་ཁྱུ་གཅིག་གི་རྣ་བའི་རྒྱ་སྒོ་ན་ཤོངས་ཐབས་མེད་པའི་ཕ་བང་ཞིག་སྒྲིལ་བ་དང་འདྲ་ལ། བྲང་སྲུབ་ན་དམར་ལྷེམ་མེར་འཁྱིལ་བའི་སྙིང་ཆུང་གི་རྒྱ་རྫོང་ན་ཁྲོ་ལྕགས་ལས་གྲུབ་པའི་འགད་རྫས་དོ་བོ་ཞིག་བཞག་པ་དང་མཚུངས།
            གལ་ཏེ་ཀློག་པ་པོ་ཁྱེད་ཉིད་ཚོར་བའི་སྒོ་གླེགས་ན་སྒྱུ་རྩལ་གྱི་མྱོང་བྱང་བརྐོས་མྱོང་མཁན་གྱི་བསམ་བློ་བའམ། ཡང་ན་འཆར་ཡན་གྱི་སེམས་ངོར་རྟོག་པའི་པིར་རིས་བཀོད་མྱོང་མཁན་གྱི་སྒྱུ་རྩལ་བ་ཞིག་ཡིན་ན། རྟོག་འཆར་གྱི་རྒྱ་ཁྱོན་དང་ཚོར་བའི་ཟབ་མཚམས་ལ་འཇིག་རྟེན་ཕལ་བའི་མིག་སྔར་གྲུབ་པའི་ནམ་མཁའ་དང་རྒྱ་མཚོའི་ཚད་ལ་བཞག་ནས་བཤད་ན་ཆོག།
            ཨང་ཚད་བརྒྱ་ཕྲག་གི་འཐེན་ཤུགས་ལྡན་པའི་ཆེ་ཤེལ་ལ་བརྟེན་ནས། མིག་སྔོ་སྔོ་དང་སྣ་འབིག་འབིག་གི་ཚན་རིག་པ་ཚོས། རྟ་རྔ་བརྒྱ་གཤགས་བཏང་བའི་ཕྲ་ཚད་ལ་དཔུང་པས་མི་ཁྱུད་པའི་ཤིང་སྡོང་ནང་བཞིན་མཐོང་ཆོག་ན། སྙན་ངག་པའི་རྟོག་པའི་སྒྱུ་འཕྲུལ་གྱི་རྩལ་ལ་བརྟེན་ནས། ཁ་གོར་གོར་དང་ལྕེ་ནར་ནར་འདིས་ཁྱི་ཤིག་གི་རྐང་པ་ལ་འབྲོང་གཡག་གསོན་པོའི་ཚོད་ཐིག་བཞལ་ནས་བཤད་མི་ཆོག་པ་ཅི་ལ་སྲིད།
            དེས་ན་སྙན་ངག་པ་ནི། འཇིག་རྟེན་ཕུང་གསུམ་པ་སྨྲ་བའི་ཤིང་རྟ་བ་ཡིན་ཞེས་བརྗོད་ན། མཚོ་དང་མཚེའུ་དུ་མས་དུམ་བུ་ཆ་བགོས་ཡ་བགོས་སུ་བཏང་བའི་འཛམ་གླིང་ཤར་ནུབ་ཀྱི་བསམ་བློ་བ་དང་སྒྱུ་རྩལ་བ་ཕལ་ཆེ་བ་ཁ་མཐུན་པའི་བརྡ་ལ་མགོ་བོ་གུག་གུག་མཛུབ་མོ་ཀེར་ཀེར་བྱེད་ངེས་ཡིན།
            སྙན་ངག་ནི་རྩོམ་རིག་གི་ཆ་ལག་ཅིག་ཡིན་ལ་ཚོར་བའི་ཚབ་མཚོན་ནུས་པའི་ངག་རིག་གི་སྒྱུ་རྩལ་ཞིག་ཀྱང་ཡིན། སྒྱུ་རྩལ་འདིས་ཚོར་བའི་ཟབ་མཚམས་ནས་སྔོགས་ན། དགའ་སྐྱོ་ཁྲོ་ཆགས་ཀྱི་སྣང་བརྙན་རེ་རེ་བཞིན་རྨི་ལམ་ནང་གི་རྟ་རྒྱུགས་དང་། གློག་བརྙན་ཁྲོད་ཀྱི་དམག་འཐབ་བཞིན་ཐོན་འོང་ལ་། རྟོག་པའི་སྣང་བརྙན་དེ་དག་གདོང་ངོས་སུ་འཕོས་ཐེངས་རེ་རེར། སྐབས་འགར་དགོད་སྒྲའི་ཐིག་པ་རེ་རེ་བཞིན་འཛུབ་ཀོང་དུ་འཁྱིལ་ཞིང་། ལན་རེར་ངུ་སྒྲའི་མིག་ཆུ་རེ་རེ་བཞིན་འགྲམ་ངོས་ནས་ལྷུང་བ་རྣམས། སྙན་ངག་པས་སྨྱུག་རྩེ་ལ་སྐོན་ནས་གོ་ལའི་ངོགས་སུ་དར་ལྟར་འཕྱར་ཞིང་དུང་ལྟར་འབུད་དེ། འཇིག་རྟེན་ཧྲིལ་པོ་གཡོ་འགུལ་བྱེད་ནུས་པས། ངག་རིག་གི་སྒྱུ་རྩལ་ལས་གྲུབ་པའི་སྙན་ངག་གི་རླུང་རླབས་སྣེར། འཇིག་རྟེན་ཧྲིལ་པོ་འདི་ཉིད་བྱ་སྤུའི་ལྗིད་ཚད་ཙམ་ལས་མེད།
            དོན་ལྔ་སྣོད་དྲུག་གི་དབང་རྩ་ལ་ཁྲ་གླག་སྤྱང་གསུམ་གྱི་ཟུངས་ཁྲག་རྒྱུ་བའི་འགྲོ་བ་མིའི་ཀླད་རྩ་ལ། ཟབ་ཅིང་རྣོ་བའི་ཚོར་བའི་ཕྲ་ཕུང་ཇི་ཙམ་ལྡན་པ་དེ་ཙམ་གྱིས་སྙན་ངག་པ་དང་སྙན་ངག་གི་རིན་ཐང་ཤེས་ནུས་མོད། རྔ་མ་སྒལ་པར་བཀལ་ནས་རྒྱུག་མཁན་དང་། མཆུ་ཏོ་ས་ལ་དྲུད་ནས་གོག་མཁན་ཁྱི་ཕག་གི་རིགས་མཐུན་ཚོས་རིན་ཐང་འདི་ནམ་ཡང་རྟོགས་མི་སྲིད།
སྙན་རྩོམ་འདིའི་ཆེ་བ་རགས་བཤད།
            ནུབ་ཕྱོགས་པའི་རྩོམ་རིག་གི་དབྱེ་སྒོ་ལྟར་བྱས་ན། སྙན་ངག་གཅིག་པུར་ཡང་དབྱེ་བའི་རྣམ་གྲངས་དུ་མ་ལྡན། ཇི་བཞིན་བརྗོད་པའམ་དངོས་བརྗོད། དོན་བརྗོད་དང་ཟུར་བརྗོད། ཟུར་ཟ་དང་སྐྱོན་བརྗོད། འཆར་ཡན་དང་དྲང་བརྗོད་ཀྱི་རྣམ་བཞག་མང་ལ། རྒྱ་གར་བའི་ཤར་ལུགས་དང་ནུབ་ལུགས། བོད་ལ་གདོད་མ་དང་སྲོལ་རྒྱུན་སོགས་ཀྱི་དབྱེ་སྒོ་མང་མོད། རྒྱ་མཚོ་དང་རི་བོས་ཆོད་ཀྱང་གནམ་གྲུ་དང་མཚོ་གྲུས་འཇིག་རྟེན་ཤར་ནུབ་བརྒལ་ནས་གོ་ལ་འདི་སྲན་རྡོག་གཅིག་གི་ཚད་ལས་སྣང་བ་མི་གཏོང་བའི་དུས་རབས་འདིར། སྙན་ངག་གི་དབྱེ་མཚམས་ཀྱང་གཅིག་ཏུ་འདྲེས་ནས་དབྱེ་འབྱེད་མི་ནུས་ལ། ལྷག་དོན་སྙན་ངག་པ་སོ་སོའི་སྨྱུག་འོག་ནས་འཚར་བའི་སྒྱུ་རྩལ་གྱི་སྣང་བརྙན་རེ་རེ་བཞིན་སུས་ཀྱང་ཚད་ཐིག་འཇལ་བ་མི་ནུས་པས། ངས་ཀྱང་འབྲུག་པ་ཀུན་ལེགས་ལྟ་བུའི་གྲུབ་པའི་གོ་འཕང་ལག་འཐིལ་དུ་མ་ལྷུང་བར་དུ་ཨུ་ཚུགས་དེ་བྱེད་རྩིས་མེད།
            སྙན་རྩོམ་འདིའི་སྤྱི་ཁོག་ནས་བལྟས་ན། གནམ་ས་ཁད་ཀྱིས་གཤོག་པའི་རལ་གྲི་དང་། རྒྱ་མཚོ་གནམ་ལ་སྐྱོམ་པའི་རླུང་ཤུགས་ཀྱིས་བར་སྣང་འུད་ཀྱིས་བཀང་། རྟོག་པ་དང་འཆར་ཡན་འདྲེས་མཚམས་ནས་སྒྱུ་རྩལ་གྱིས་གར་སྟབས་རྩེན་པའི་རྐང་མཛུབ་རེ་རེས་མི་བུའི་སྒལ་གཞུང་ལས་གྲུབ་པའི་ས་ཆེན་འདི་ཤིང་ལོ་བཞིན་གཡོ་ཞིང་རྩྭ་ལོ་བཞིན་སྒུལ། ཡོད་ཚད་སྙན་ངག་པའི་ཕུང་གསུམ་ལས་སྐྲུན་པའི་འཇིག་རྟེན་དུ་དྲངས་ནས། གཤིན་རྗེའི་སྤུ་གྲི་ལས་རྣོ་བའི་ཚོར་སྣང་གི་སོ་མཚམས་ན། བར་དོའི་རྣམ་ཤེས་ལྟར་འཁྱམས་པའི་བརྗོད་གཞིའི་འོད་ལུས་རེ་རེ་བཞིན། གནས་ལུགས་ཀྱི་འབག་སྐུའི་མདུན་སར་དམར་མཆོད་ལྟར་གཤམ་ནས་ཁྲག་མཆོད་ལྟར་གཏོར། ཆེས་ཕུལ་དུ་བྱུང་བའི་སྒྱུ་རྩལ་དང་མཛེས་དཔྱོད་ཀྱི་ཚིག་སྦྱོར་རེ་རེ་བཞིན་གནམ་རྒན་མོའི་བྲང་གཞུང་ན་རུ་བསྟར་བསྒྲིག་པའི་ཁྲུང་ཁྲུང་བཞིན་རྒྱུ་བས། སྒྱུ་རྩལ་གྱི་རིན་ཐང་ཤེས་པའི་མི་བུ་ཚོའི་མིག་ཡིད་རྣ་བ་གསུམ་ཀའི་དབང་རྩ་སྦྲིད་པའི་བཟི་ཁ་སྟེར་ངེས་སྙམ།
            གཉའ་གནོན་དང་གདུག་རྩུབ་ལ་རྒོལ་བའི་དྲག་རྩོམ་གྱི་ལེ་ཚན་རྣམས་ནི། རྩོམ་པ་པོའི་གློ་སྙིང་བྲང་གསུམ་འཚིག་ལ་ཉེ་བའི་མེ་རི་དུ་མ་དུས་གཅིག་ལ་འབར་བ་ལྟར་བུའི་འུར་སྒྲ་དང་ཚག་སྒྲའི་སྣང་བརྙན་ཀློག་པ་པོའི་མིག་སྔར་ཚ་ལྷམ་མེར་འཆར་འོང་།
            ལ་རྒྱ་དང་རྩ་དོན་ལ་བསྙད་པའི་ཆེད་རྩོམ་རེ་རེ་བཞིན་སྤྲིན་ནག་གསེབ་ཀྱི་འབྲུག་སྐད་བཞིན་ལྡིར་ཞིང་གློག་ཞགས་ཁྲོད་ནས་ཐོག་ལྕེ་བཞིན་འབབ་པས། རྩོམ་པ་པོའི་ཚོར་ཤུགས་ཡོད་ཚད་དབྱར་གཞུང་གི་རྒྱ་མཚོ་ལྟར་འཕྱུར་ཞིང་རྦ་རླབས་ལྟར་གཡོ་བའི་སྣང་བརྙན་དེས་ཀློག་པ་པོའི་སེམས་ངོགས་ན་མི་རིགས་ཤིག་གི་ཁྲག་རྒྱུན་དེད་པའི་བག་ཆགས་གདོང་སྤྲུགས་ཀྱི་སྒྲ་རླབས་ཤིག་རྣ་ལམ་དུ་འགད་པའི་ཚོར་སྣང་སྟེར།
            ཞི་བདེ་དང་བྱམས་བརྩེ་མཚོན་པའི་སྙན་རྩོམ་རེ་རེ་བཞིན་སྟོན་ཀའི་ཟླ་འོད་ལྟར་འཆར་ཞིང་གངས་ཆུའི་འབབ་སྒྲ་ལྟར་བཞུར་བས། རྩོམ་པ་པོའི་དབང་རྩའི་མ་ལག་ཡོངས་སུ་ཕྱིན་དྲུག་བསྡུ་བཞིའི་ཁྲག་རྒྱུན་འཕྱོ་བའི་འཛུམ་མདངས་ཀྱི་སྣང་བརྙན་གདོང་ངོས་སུ་འཕོས་པ་དེས་ཀློག་པ་པོའི་སེམས་ངོགས་ཀྱི་འཇིག་རྟེན་ན་འོད་ཁྱིམ་དང་དྲོད་འཁོལ་འཁྱིལ་བའི་འཛུམ་ཀོང་རེ་རེ་བཞིན་ངོ་གདོང་ལ་སྐོན་འོང་པའི་ཚོར་བ་ངང་གིས་བསྐྲུན།
            བརྩེ་དུང་དང་འདོད་པས་ཁྱུད་པའི་སྙན་ངག་རེ་རེ་བཞིན་གཞོན་ནུ་མའི་བྲང་ཤ་ལྟར་འཇམ་ཤིང་། དབྱངས་ཅན་མའི་པི་ཝང་ལྟར་སྙན་པས། རྩོམ་པ་པོའི་སོར་རྩེ་གསུམ་གྱིས་བཏེགས་པའི་སྨྱུག་རྩེ་འོ་ཐིགས་དང་སྦྲང་ཆང་གཞིབ་པའི་ལྡེ་མིག་བཞིན་ཀློག་པ་པོའི་ལྕེ་ཐོག་ནས་འཕྱུར་བའི་བརྡ་རླབས་ཀྱིས་ཚོར་འདུའི་གསེབ་ན་འཚང་བའི་སེམས་ཁམས་བཟི་རུ་འཇུག་པ་སྟེ།
མདོར་ན་གནའ་རབས་ཀྱི་སྡེབ་སྦྱོར་སྒྲོས་དམ་པ་དང་། དེང་རབས་ཀྱི་བརྗོད་གཞིའི་གནད་འཁེལ་བ། གནའ་རྩོམ་གྱི་སྲོལ་རྒྱུན་ལ་དེང་རབས་མཛེས་དཔྱོད་བཀོད་པས་གསོན་ཉམས་ལྡན་པ། ཆོས་དང་མི་འགལ་བར་འཇིག་རྟེན་ཕལ་བའི་སེམས་ངོགས་ལ་འཇུག་བདེ་བ། འཆར་ཡན་གྱི་སྨྱུག་རྩལ་ཆེས་ལྷུག་པས་རྒྱ་གར་གྱི་ནག་མོ་ཁོལ་དང་། བོད་ཀྱི་ཞང་ཞུང་པའི་མཚན་སྙན་ཁད་ཀྱིས་སྒྲིབ་པ། ནང་ཆོས་ཀྱི་གོ་རྟོགས་དང་ཚད་མའི་རིགས་ལམ་ལས་འཕོས་པས་ལྟག་འོག་འགལ་འདུ་དང་རྟགས་ཁྱབ་མ་ངེས་པའི་བླུན་སྐྱོན་མེད་པ། སྲོལ་རྒྱུན་གྱི་འགྲོས་དང་དེང་རབས་ཀྱི་རྩལ་གཉིས་ཡ་མ་བྲལ་བས་རྩོམ་རིག་གི་ཐང་ཆེན་འགྲིམས་པར་སྒྱུ་རྩལ་གྱི་རྐང་པ་ཟུང་དང་ལྡན་པ། རྩོམ་རིག་གསར་པའི་སྣང་བརྙན་དག་ཀྱང་གནའ་དེང་གི་ཤེས་བྱའི་ཚད་གཞི་ལག་མཐིལ་ཙམ་ཡང་མེད་པའི་མི་བུ་འགའ་རེའི་མཐོ་རྒྱག་དམའ་རྒྱག་དང་། མགོ་གླེང་མཇུག་ཆད། གོ་མེད་ཚོར་མེད། ཆང་བཟིའི་སྐྱུར་འགོང་དང་བྱིས་པའི་ངུ་སྐད་ལྟར་འཛེར་བའི་འཆལ་རྩོམ་དང་སྒྲིག་རྩོམ་དག་དང་མི་འདྲ་བར། རྩོམ་ཚན་རེ་རེ་ལ་གླེང་བསླངས་པ་ནས་མཇུག་སྡོམ་པའི་བར་དོན་གྱི་གོ་རིམ་ལྡན་ལ་ཚིག་གི་མཛེས་དཔྱད་སྙན་པས། དེང་རབས་ཀྱི་རྗེས་སྙེགས་པ་དང་། སྔོན་ཐོན་གྱི་འགྲོས་འགྱོགས་པའི་ཁྱད་ཆོས་ལྡན་འདུག ཅེས་དཔྱད་བརྗོད་པས་སྐེ་སྲང་སྲང་དང་མཆུ་འཇོང་འཇོང་བྱས་ནས་བཤད་ན། གློ་སྙིང་བྲང་གསུམ་ལ་སྒྱུ་རྩལ་གྱི་ཁྲག་རྒྱུན་མ་བསྐམ་པ་ཞིག་ཡིན་ཕྱིན་ཆད་ཅིས་ཀྱང་བདེན་ཁ་སྦྱིན་ངེས་ཡིན་སྙམ།
            དེས་ན་དཔྱད་བརྗོད་པས། ཚིག་རྒྱན་རླབས་ལྟར་འཕྱུར་བའི་སྙན་ངག་པ། སྐྱོན་ཚང་གནད་ལ་རྒོལ་བའི་རྩོམ་པ་པོ། ཉམས་འགྱུར་གློག་ལྟར་རྩེན་པའི་སྒྱུ་རྩལ་བ། གདན་སའི་རིགས་ལམ་སྨྲ་བའི་རྟོག་གེ་བ། གནས་ལུགས་ཕུ་དེད་གཏོང་བའི་བསམ་བློ་བ། དེང་རབས་སྨྱུག་ཐོགས་ཁྲོད་ཀྱི་གདོང་མཆོང་པ་སྟེ།  (  དེབ་མིང་)གྱི་རྩོམ་པ་པོ་ཕུར་བུ་ཚེ་རིང་ལ་བསྟོད་པའི་དར་བོ་ཆེ་འཕྱར། བསྔགས་པའི་དུང་མོ་ཆེ་འབུད། བཀུར་བའི་རྔ་བོ་ཆེ་བརྡུང་ན། ཀློག་པ་པོ་ཚོས་དུངས་པ་ཟབ་ཅིང་སྤྲོ་བ་བརྟས་པ་ཡང་ཐེ་ཚོམ་མི་དགོས་སྙམ།
            དེ་ལྟ་ནའང་སྐྱེ་བོའི་སེམས་ཁམས་ནི་བཟོ་གྲྭ་གཅིག་ནས་ཐོན་པའི་དངོས་རྫས་བཞིན་མིན་པས། རིང་ཐུང་མཐོ་དམན་དང་། དཀར་སེར་དམར་ལྗང་གི་སྤུ་རིས་ཤིན་ཏུ་མང་བས། ཀློག་པ་པོ་སོ་སོའི་སེམས་ན་རྩོམ་ཆོས་འདི་དག་མགྲོན་པོ་བཞིན་འཛུལ་འོང་ལ། ཆར་རྒྱུན་བཞིན་འབབ་འོང་བས། དེ་དུས་རང་སྣང་གི་འཆར་སྒོ་ལ་གཞིགས་པའི་དཔྱད་བརྗོད་དང་དགོངས་འཆར་རེ་དུས་དེབ་དང་དྲ་ངོས་ལ་འགོད་རྒྱུའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན། མཐའ་དོན་རྩོམ་པ་པོ་རྒྱལ་གྱུར་ཅིག རྩོམ་རིག་རྒྱལ་གྱུར་ཅིག སྒྱུ་རྩལ་དང་ཚོར་བ་བརྡར་བའི་རྩོམ་རིག་རྒྱལ་གྱུར་ཅིག།

སྙིང་གི་ཁྲག་མཚོ་གཤོག་པའི་རལ་གྲི་ཡིས།།
ཚོར་བའི་ཁྲག་ཆར་བསྟར་པའི་འགྱུར་བག་ལ།།
དོན་ལྔ་སྣོད་དྲུག་བསྟིམས་པའི་སྙན་ངག་པ།།
འཇིག་རྟེན་འདི་ན་ནམ་ཡང་འཚོ་གྱུར་ཅིག།

            སྙན་ངག་པ་བེ་རི་འཇིགས་མེད་ཀྱིས་གནས་མཆོག་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བའི་ནགས་འདབ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་རང་ཤག་ཏུ།
སྤྱི་ལོ  ༢༠༡༡། ༡༢། ༢། ཉིན་བྲིས་པ་དགེའོ།