༄༅། །བོད་ལྗོངས་ལྷ་མི་ཡོངས་ཀྱིས་དད་མོས་རྩེ་གཅིག་གིས་ལུགས་གཉིས་ཀྱི་འདྲེན་པ་མཆོག་ཏུ་མངའ་གསོལ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཆེན་པོའི་ཕྱག་ཐམ།

སེམས་འཚོར་དམར་པོ།

སེམས་འཚོར་དམར་པོ།
འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།

ཟིན་བྲིས་རྣམས་གྲངས།

དྲང་སྲོང་རྒན་པོའི་ལྟ་གྲུབ།

ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།།སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།།སུ་དང་གང་གིས་འཇུ་ཡང་མི་ཟིན་པ།།བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།
ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།།དེ་རིང་གཡའ་དག་མཁའ་ནས་ཉི་གཞོན་འཛུམ།།གནམ་སའི་གཤིས་ལུགས་ངེས་མེད་འགྱུར་བ་འདི།།འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།
འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།།རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།།གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།།དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།
བྱང་ཐང་བྱེ་མ་སྤུངས་པའི་ཇག་ལམ་ན།།མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།།ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།།གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།
གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།།ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།།སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།།སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།
2007/3/26/བྲིས།

གདུང་བའི་སྨྲེ་ངག


གཉིད་ནི་རྨོངས་དང་འཐོམ་པའི་ཆ་ལག་ཕྱིར།།སུ་དང་གང་གིས་བསྟོད་པ་མི་བྱེད་མོད།།རྨི་ལམ་གྲོང་ཁྱེར་འགྲིམས་པའི་ལྟད་མོ་ལ།།གཟིགས་ན་གཉིད་ལ་མི་བསྟེན་མཐུ་མེད་ཡིན།།ངོས་འཛིན་གཏོད་སོ་མེད་པའི་བར་སྣང་གི།།མཛེས་མཚོན་ཁ་དོག་བཀྲ་བའི་འཇའ་རིས་སྣེ།།འཁྲུལ་སྣང་ཨ་ཐས་ཟབ་པའི་བོད་རྒན་ཚོས།།རེ་བས་ཤི་འཐམ་བྱས་པའི་རྨི་ལམ་རིང༌།།གཞན་འཚང་སྔོག་པའི་ཕག་གི་མཆུ་ཏོ་ལ།།རང་འཚང་སྐྱག་པ་འགོས་པའི་དྲི་ངན་གྱིས།།དངོས་དོན་བདེན་པའི་དྲི་བསུང་འཐུལ་བ་ལ།།ཕན་པའི་རེ་བ་བཅོལ་པའི་འཁྲུལ་སྣང་ཟབ།།ཟླ་འོད་མུན་པས་ཟོས་པའི་མཚན་མོ་ན།།ནག་ཅན་རྐུན་མའི་གྲིབ་གཟུགས་མ་མཐོང་བར།།འབ་སྒྲས་གནམ་ས་དབྲལ་བའི་ཁྱི་རྒན་ལ།།རེ་བའི་བློ་གཏོད་བྱས་པའི་ལྷ་སྒྲུང་སྙན།།སྤང་རྒྱན་མེ་ཏོག་བཀྲ་བའི་གླིང་ཁ་ན།།ཕྱེ་མ་ལེབ་ཀྱིས་འཕུར་ལྡིང་རྩེན་པའི་རྗེས།།བསམ་མེད་བྱིས་པ་རྒྱུག་པའི་རྡོག་སྣེ་ནས།།གཡང་སའི་རྡོ་ལ་བརྡབས་པའི་ངུ་རྒྱངས་ཐོས།།ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་དུ།།འཁྱགས་པས་ས་གཞི་བསྡམས་པའི་སྲུབ་ཀ་ནས།།ལྗང་མདོག་མྱུ་གུ་འབུས་པའི་རེ་བ་འདིས།།མེས་པོའི་སྙིང་ལ་འཇའ་ཡི་ཁང་བཟང་བསྐྲུན།།བསམ་གཞིགས་འཁྱགས་ལ་འབྱར་བའི་གྲང་ལྷག་གསེབ།།རྣམ་རྟོག་བུ་ཡུག་འཚུབ་པའི་དུར་ཁྲོད་ན།།ཕ་མེས་སྟོང་གི་རྣམ་ཤེས་ཐིམ་པའི་ཤུལ།།རེ་བའི་ལྷག་མ་འཇགས་རྩྭ་སྐམ་པོ་ཙམ།། ༢༠༠༧.༣.༢༠ ལ་བྲིས།

ཕྱིར་དྲན།

རི་རྩེ་ཁ་བས་ཉིན་རེ་ཉིན་རེར་བསྟིམས།།ནགས་ཀྱི་ཤིང་ལོ་རིམ་གྱིས་རིམ་གྱིས་ལྷུང༌།།ད་ནི་ཁོར་ཡུག་མཛེས་པའི་རྣམ་ཤེས་འདིའང༌།།དགུན་འཁྱགས་ལྷགས་པའི་རུམ་དུ་འབྱར་བར་ངེས།།ད་ནངས་བྱེ་འུའི་གསུང་སྙན་མ་ཐོས་གོང༌།།ཞོགས་རླུང་བསིལ་མོས་ཕྲ་ཡོལ་ཁད་ཀྱིས་ཕྱེས།།མགོ་བོ་སྔས་ལ་འབྱར་བའི་རྨི་ལམ་ཡང༌།།གཟུགས་མེད་རླུང་བུ་ལྡང་བས་ཧད་ཀྱིས་དཀྲོགས།།དབྱར་དགུན་སྟོན་དཔྱིད་ཤོག་ལྷེ་བསྒྱུར་བ་བཞིན།།དུས་བཞི་ཤུགས་ཀྱིས་ལོ་ཡི་འཁོར་ལོ་བསྐོར།།མི་ལོ་བཅུ་བདུན་ས་མཐར་དལ་གྱིས་རྫོགས།།དྲན་ཤེས་བསྣོལ་མས་སེམས་ཀྱི་ཚོར་འདུ་བཀྲུགས།།ལྟེ་ཁྲག་གང་དུ་འཕོས་པའི་ཕ་ཡུལ་དང༌།།བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་ཕ་མ་ཟུང༌།།ཤ་ཁྲག་གཅིག་པའི་སྤུན་ཉེ་གྲོགས་པོ་སོགས།།རི་ཁྲི་ཆུ་སྟོང་བརྒལ་བའི་ཕ་རོལ་ལུས།།མི་ཡུལ་འཁྱམས་པ་མི་ཡི་ལས་དབང་སྟེ།།ལྷ་ཡུལ་སླེབས་པའི་རེ་བ་བདག་ལ་མེད།།རང་ལུས་རང་ལ་དབང་བའི་ལས་དབང་ཞིག།མི་མངོན་གནམ་གྱི་དབྱིངས་ནས་གནང་རོགས་གྱིས།།
Powered by Blogger.

འཁྲུལ་སྣང༌།


ཡ་ཀི་རྩ་གསུམ་ལྷ་ཡུལ་མན་ཆད་ནས།།མ་ཀི་རྡོ་རྗེའི་དམྱལ་ཁམས་ཡན་ཆད་ན།།བྱ་བྱེད་བསྣོལ་མ་འཐབ་པའི་འཁྲུལ་སྣང་འདི།།སྒྱུ་རྩལ་སྙན་ངག་སྨྲ་བའི་ལྟད་མོ་ཞིག།
ཕ་རྒན་མུ་གེས་ཤི་བའི་དུར་ས་ན།།བུ་རྒྱུད་ཕྱུག་པོས་ཐུགས་སྤྲོ་བཏང་བྱས་ཏེ།།རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་པ་ཡིས།།རྣམ་ཤེས་འཁྱམས་པོ་འགུག་པའི་མགྲོན་བརྡར་སྨྲ།།
མ་རྒན་ཆང་སར་ཆས་པའི་རྟེན་འབྲེལ་ཐོག།བུ་མོས་བྲོ་གར་ཁྲབ་པའི་གླུ་གཞས་ཀྱིས།།ཆང་དང་སྦི་རག་མཆོད་པའི་སྐུ་མགྲོན་ཚོར།།སེམས་ཁམས་རླུང་གིས་བཀྱགས་པའི་འཁྲུལ་སྣང་སྟེར།།
ཡོད་ཚད་མཇེ་ཡིས་ཕུང་པའི་སྔགས་རྒན་དང༌།།དད་རྫས་སྟུ་རིན་སྤྲོད་པའི་གྲུབ་རྫུན་གཉིས།།རྨོངས་དད་བྲག་གི་བཙན་རྫོང་བརྩེགས་པའི་ནང༌།།བག་མེད་ཤ་ཆང་རོལ་བའི་འཁོར་ཚོགས་རྒྱས།།
སྔགས་ནག་གཅོད་པས་ལྷ་འདྲེ་གཡབ་མོ་བྱེད།།བསམ་མེད་བྱིས་པས་ཁྱི་སྨྱོན་རྡོ་ཡིས་རྡུང༌།།རྙོག་འཛིང་གཡབ་མོ་བྱེད་སའི་གྲུ་ག་འདིར།།ལྷིང་འཇགས་རེ་བ་མཚན་མོའི་རྨི་ལམ་ཙམ།།

སེམས་ཚོར་དམར་པོ།

རི་སུལ་ཁ་བས་བསྟིམས་པའི་ལྷག་རླུང་གསེབ།།རྣམ་ཤེས་རླུང་དང་འགྲོགས་པའི་བ་དོའི་ལུས།།གོས་མེད་གཅེར་བུར་འགྲིམས་པའི་སྐྱོ་གར་ལ།།བརྩེ་སེམས་གོས་བཟང་སྐོན་པའི་བྱམས་ལྡན་སུ།།མེ་མདའི་བུ་ཡུག་འཚུབ་པའི་གཡུལ་ས་ན།།ཚེ་སྲོག་རླུང་གིས་བདས་པའི་ཉམས་ཐག་འབུམ།།ཟུངས་ཁྲག་ཡུར་ཆུ་འཐེན་པའི་གཤིན་ཐང་ནས།།བདག་མེད་བམ་རོས་ཁེངས་པར་སུ་ཡིས་གཟིགས།།ལས་དབང་སྔས་སུ་བྱས་པའི་ལྷོ་མཐའ་ནས།། མིག་ཆུས་གདོང་རིས་བརླན་པའི་ངུ་རྒྱངས་ཀྱིས།།བྱང་བརྒྱུད་ཁ་བས་གཡོག་པའི་དུར་ས་ན།།རྒྱང་རིང་མིག་གིས་ཅེར་བ་སུ་ཡིས་གཟིགས།།གཞན་གནོད་བཞི་ལས་ལྡོག་པའི་སྲིད་དོན་གྱིས།།ཐར་པའི་ཁང་བཟང་མཛེགས་པའི་ལམ་ཟུར་ནས།།ཕ་ས་དོན་དུ་གཉེར་བའི་རྨི་ལམ་ལ།།རེ་བའི་རྨི་ཐག་འཕྱངས་པ་སུ་ཡིས་གཅོད།།ཡར་གི་གསེར་གྱི་ཉི་མའི་འོད་སྣང་འོག།མར་གི་འདུ་ལོང་འཚུབ་པའི་ལྷིང་འཇགས་སྣེ།།རྟག་བརྟན་ཐེར་ཟུག་འཛིན་པའི་འཁྲུལ་སྣང་ལ།།མི་རྟག་སྒྱུ་མའི་རང་ངོ་སུ་ཡིས་སྤྲོད།།མི་ཡུལ་སྔས་སུ་བྱས་པའི་གྲུ་ཁ་ན།།མི་ལོ་ལྔ་བཅུ་ཟིན་པའི་མཇུག་སྣེ་ནས།།མི་ནུས་གདམ་བྱ་མང་བའི་མིག་འཁྲུལ་གྱིས།།བྱིས་པའི་སེམས་ཁམས་བསླུས་པ་སུ་ཡིས་དཀྲོགས།།དགྲ་ལ་ཞི་མོལ་རེ་བའི་འཛུམ་མདངས་ཕག།གཉེན་ལ་རྒྱུག་རྡུང་ཕོག་པའི་ན་ཚ་ཡིས།།ཀི་ཅོས་གནམ་ས་དབྲལ་བའི་ཁོར་ཡུག་ན།།གཉིས་ཕན་འབྲས་བཟང་སྨིན་པ་སུ་ཡིས་རེ།།ནམ་མཁའི་འཇའ་རིས་མིག་གི་ལྟད་མོར་མཛེས།།སྤྲང་པོའི་གླིང་བུ་ཕྱུག་པོའི་རྣ་བར་སྙན།།ཞི་བའི་ལྟ་གྲུབ་བྱིས་པའི་བུ་རམ་གྱིས།།བཀྲེས་ལྟོགས་སེལ་བའི་ལོག་རྟོག་སུ་ཡིས་བཟློག།ཕ་རྒན་བསད་ནས་ཞགས་གསུམ་མ་ལོན་གོང༌།།ཕ་མེད་དྭ་ཕུག་འཁྱམ་པོས་ཁ་བཏགས་སྣེ།།ཕ་བསད་དགྲ་བོའི་མགུལ་ལ་འཐེན་པ་འདི།།ཕ་བཟང་བུ་ཡི་གྲལ་གསེབ་སུ་ཡིས་བཞག།ཁ་འདི་འཕྲེད་དུ་ཕྱེས་པའི་རྟེན་འབྲེལ་གྱིས།།འཕྲེད་འཕྲེད་གཏམ་ལ་རྫོགས་མཐའ་མི་འདུག་པས།།སེམས་ཀྱི་ཁྱེའུ་ཆུང་ངུས་པའི་མིག་ཆུ་རིས།།འཕྲེད་དུ་འབབ་པའི་སྙན་ཚིག་འདི་ཉིད་སྤེལ།།
སྤྱི་ལོ་༢༠༠༨ཟླ་བ་༣ཚེས་༧ཉིན་བྲིས།

དྲན་པའི་སྐྱོ་གདུང༌།


འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།སྐྱིད་པའི་ཕ་ཡུལ་སླེབས་པའི་སྐལ་བ་དེ་མེད་འདྲ།།དྲིན་ཅན་ཕ་མ་མཇལ་བའི་ལས་འཕྲོ་དེ་མི་འདུག།དྲན་གདུང་སེམས་ཀྱི་མིག་ཆུ་ཁོག་པ་ལ་གཞུར་ནས།།མི་ཚེ་ས་མཐར་བསྐྱལ་བའི་ལས་དབང་འདི་སྐྱོ་བ།།སྤུན་མཆེད་གཉེན་ཚན་དུ་མའི་ཞལ་པར་ཙམ་ཐོས་བྱུང༌།།སྐབས་འགར་པར་དང་བརྙན་ཕབ་ལྟད་མོ་ཙམ་མཐོང་ཡང༌།།ཕན་ཚུན་ལྷན་དུ་འཛོམས་པའི་གོ་སྐབས་དེ་བརླགས་ནས།།མི་ཚེ་ཕལ་ཆེར་མི་ཡུལ་ལུང་པ་ལ་རྫོགས་སོང༌།།སྐྱེས་ས་འཚར་ས་བསིལ་ལྡན་བོད་ལྗོངས་ལ་ཡིན་ཡང༌།།རྒ་ས་ཤི་ས་ལྷོ་མཐའི་ཚ་བ་ནང་ངེས་པས།།རྒྱུས་མེད་མི་ཡུལ་འཁྱམས་པའི་ཉམ་ཆུང་གི་གྲྭ་རྐྱང༌།།བསམ་ཞིང་བསམ་ཞིང་སེམས་སྡུག་ན་བུར་བཞིན་འཐུལ་སོང༌།།མི་བཟད་སྐྱོ་བའི་ཚོར་རླབས་སེམས་ཁོང་ནས་འཕྱུར་ཡང༌།།གདོང་གི་བཤུ་སྐོག་མཉེད་པའི་འཛུམ་ཀོང་འདི་བསྟན་བཞིན།།མི་ཚོགས་འདྲ་མིན་གསེབ་ཏུ་འགྲོ་ཁུལ་རང་བྱེད་པ།།འཇིག་རྟེན་མི་ལུས་ལེན་པའི་ཡ་ཚུལ་ཙམ་ལོས་ཡིན།།
༢༠༠༨.༥.༡༧ཉིན་དགེ་འོས་B.edའཛིན་གྲྭའི་ནང་གནན་ཐབས་མེད་པའི་སྐྱོ་སྣང་ཞིག་གིས་རྐྱེན་བྱས་ཏེ་དཀར་པང་ཐོག་ཐོལ་བྱུང་དུ་བྲིས།

Followers


དྲྭ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Tuesday, November 8, 2011
སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་བསམ་ཚུལ་རགས་ཙམ་གླེང་བ། 

བེ་རི་འཇིགས་མེད།
སྔོན་དུ་བརྗོད་པ།

བྱང་རྒྱུད་མུན་པའི་དོ་ར་ན།།
ཉི་ཟླའི་འོད་སྣང་འདྲེན་མཛད་པ།།
སྔོན་བྱོན་དམ་པའི་སྐྱེ་བོ་རྣམས།།
འདྲེན་པའི་མགོན་དུ་སུ་ཡིས་བཤུངས།།

འདི་ན་སྲོལ་རྒྱུན་རིག་པ་ཡི།།
ངོ་བོ་ཕན་ནུས་ཐབས་ལམ་བཅས།།
གང་དྲན་ཤ་ཟིན་སྤུ་ཟིན་གྱིས།།
འགོད་པའི་ངལ་བ་རགས་ཙམ་བརྟེན།།
བྱེས་འབྱོར་འཕགས་པའི་ཡུལ་དུ་ཆོས་དང་ལྷག་དོན་ཐ་སྙད་རིག་པའི་གནས་ལ་འབུར་དུ་ཐོན་པའི་རླབས་ཆེན་གྱི་བྱ་བཞག་ཅན། ཀིརྟི་བྱེས་པ་གྲྭ་ཚང་ཞེས་ྋརོང་ཆེན་བསྟན་ པའི་སྒྲོན་མེའི་ཐུགས་བསྐྱེད་བླ་ན་མེད་པའི་མཐུ་ལ་བརྟེན་ནས་གསར་འཛུགས་བྱས་པ་ ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་ནས། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད། དུས་ཚོད་མི་རིང་བ་ཞིག་གི་ནང་བཅུ་ཕྲག་རིག་པའྀ་གནས་ཀྱི་གཞུང་ལུགས་དུ་མ་གསར་རྩོམ་དང༌། ཕྱོགས་སྒྲིག་ཅི་རིགས་ཀྱིས་དེབ་གྲངས་གོ་དགུ་ལོངས་ཟིན་ཅིང༌། འདི་ལོ་བོད་གཞུང་དམངས་བཙན་བྱོལ་དུ་ཕེབས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་བརྩི་སྲུང་གནང་རྒྱུའི་ཆ་ཤས་སུ་དམིགས་ཏེ། རིང་མིན་དེབ་གྲངས་བརྒྱ་ཏག་ཏག་ལོངས་པའི་དམིགས་བསལ་གྱི་མཛད་སྒོ་ཞིག་ཚུགས་རྒྱུའི་ལས་རིམ་ཁོངས། མི་ལོ་ལྔ་བཅུའི་རིང་གཞིས་བྱེས་བོད་མིའི་ཤེས་ཡོན་དར་རྒུད་ཀྱི་གནས་བབ་ལ་བསྐྱར་ཞིབ་དང་འབྲེལ། འབྱུང་འགྱུར་དུས་རབས་ནང་མུ་མཐུད་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་འདི་ཉིད། མི་ཉམས་རྒྱུན་འཛིན་བྱེད་པའི་དགེ་མཚན་དང་དེའི་ཐབས་ལམ་སྐོར། བོད་ཕྱི་ནང་གི་རྩོམ་ཡིག་མཁས་ཅན་རྣམ་པས་ཆེད་རྩོམ་འགྲན་བསྡུར་གནང་སའི་སྟེགས་བུ་ཞིག་ཀྱང་གནང་འདུག་ཐོག། རྩོམ་པ་པོ་རྒན་གྲས་རྣམས་འགྲན་བསྡུར་ནང་ ཞུགས་མི་དགོས་པར་བརྗོད་གཞི་དེའི་སྐོར་ལ་ཆེད་རྩོམ་རེ་གནང་ཐུབ་ན་དགེ་ཕན་ཆེ་ ཚུལ་གྱི་རྩོམ་སྐུལ་ཡིག་ངག་གཉིས་ཐོག་ནས་གནང་དོན་བཞིན། གདན་ས་འདི་ཉིད་བྱེས་འབྱོར་ཁྲོད་དུ་སྲོལ་རྒྱུན་རིག་གནས་འཛིན་སའི་ལྟེ་གནས་ལྟ་བུ་དེ་ཡིན་པ་མ་ཟད། ད་ཕན་བྱེས་འབྱོར་ཁྲོད་དོན་སྙིང་ལྡན་པའི་རྩོམ་དེབ་འདྲ་མིན་སྤེལ་གྲངས་མང་ཤོས་ཀྱང་ཡིན་ལ། གདན་ས་འདི་ནས་ཐོན་པའི་བོད་ཀྱི་རིག་གནས་པ་རྣམས་ཁུངས་ལྡན་གྱི་སྲོལ་རྒྱུན་མཁས་པ་རང་དུ་ངོས་འཛིན་ཆོག་ངེས་ཀྱི་ཁྱད་ཆོས་དང་མཛད་རྗེས་ལྡན་པས། ཆེས་གུས་ཞབས་དང་ཆེས་ཡིད་རང་བྱ་བའི་ཡུལ་དུ་སྐུར་བའི་ཐོག རྩོམ་སྐུལ་འཕྲིན་ཡིག་ཏུའང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་མི་ཉམས་རྒྱུན་འཛིན་དང༌། དར་སྤེལ་གྱི་ཕྱོགས་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་གཞི་ཞེས་འཁོད་དོན་ལྟར་དང་བ་ཆེན་པོས་ལྷུར་བླངས་ནས་གང་དྲན་ཞིག་འབྲི་བར་འདོད་དོ།།

༡༽ སྲོལ་རྒྱུན་རིག་གནས་ཀྱི་གོ་དོན།

སྲོལ་རྒྱུན་ཞེས་པའི་ཚིག་འབྲུ་སྐམ་པོ་གཉིས་ཀྱི་ཐོག་ནས་འགྲེལ་བརྗོད་མདོ་ཙམ་ཞུ་ན། མི་རིགས་ཤིག་ཆོས་ལུགས་དང་སྐད་ཡིག་གང་ཞིག་གི་འཚོ་བའི་ཡུལ་དུ། གནའ་ནས་ལུགས་སྲོལ་གང་ཞིག་ཡོད་པ་དེའི་རྒྱུན་རང་ཆས་སུ་གནས་པ་དེ་ལ་གོ་རྒྱུ་རང་རེད། འདིའི་ཁྱབ་ཚད་ནི། སྒོམ་སྒྲུབ་ཉམས་ལེན་དང་དགྲ་འདུལ་གཉེན་སྐྱོང༌། མཐའ་ན་གཉེན་སྒྲིག་མཛད་སྒོ་དང༌། དུར་འཇུག་ཆོ་ག་ཚུན་ཆད་ལ་ཁྱབ་ཡོད། འོན་ཀྱང་མཁས་པའི་དགོངས་ཀློང་ནས་འཕྱུར་བའི་ལྟ་གྲུབ་ཀྱི་རྨང་གཞི་ལྡན་པའི་འགྲེལ་བརྗོད་ཅིག་ཞུ་ན། སྲོལ་རྒྱུན་ཞེས་པ་འདི་གནའ་རབས་ནས་གོམས་གཤིས་སུ་འཇགས་པའི་རྒྱུན་ཡོད་ཙམ་ཐམས་ཅད་ལ་མི་ཟེར་བར། འབྱུང་ཁུངས་ཡང་དག་པ་ལས་བྱུང་བ། རྒྱུད་པ་བར་མ་ཆད་དུ་གནས་པ། རིགས་པ་ཡང་དག་ལ་བརྟེན་པ་སྟེ། ཁྱད་ཆོས་གསུམ་ལྡན་གྱི་གོམས་སྲོལ་ཞིག་ལ་ངོས་འཛིན་ཞུ་དགོས། དེ་ལྟར་སྲོལ་རྒྱུན་གྱི་དོན་ལ་སྒྲ་ཡངས་པ་དང་དོག་པ་གཉིས་སམ། ཡང་ན་ཁྱབ་ཆེ་བ་དང་ཆུང་བ་གཉིས་སུ་ཕྱེས་ནས་འགྲེལ་བརྗོད་ཞུ་ནའང་འགྲིགས་པ་སྙམ་ལ། ཡང་ན་སྔ་མར་སྤྱིར་སྲོལ་རྒྱུན་དང༌། ཕྱི་མར་ཡང་དག་པའི་སྲོལ་རྒྱུན་ཞེས་སྦྱར་ནའང་འཐད་པ་སེམས་སོ། །དེ་ལ་ཡང་དག་པའི་སྲོལ་རྒྱུན་ནི་དུས་དང་ གནས་སྐབས་ཀྱི་འགྱུར་འགྲོས་ལ་མི་ལྟོས་པར་རྟག་ཏུ་ཕན་བདེའི་འབྱུང་གནས་སུ་གནས་ པའི་རིགས་པའི་རྒྱུད་ཅིག་ལ་གོ་དགོས།[1][1] སྲོལ་རྒྱུན་ཤེས་ཡོན་ནི་འཛམ་གླིང་སྤྱི་ཁྱབ་གཅིག་གྱུར་གྱི་རང་བཞིན་ལྡན་པའམ་སྤྱིའི་རིགས་ཅན་ཞིག་མིན་པར་རྒྱལ་ཁབ་སོ་སོ་དང༌། མི་རིགས་སོ་སོ་ལ་ངོ་བོ་དང་ཁྱད་པར་མི་འདྲ་བའི་རྣམ་པ་སྣ་ཚོགས་ཡོད་པ་དེ་བཞིན་དུ། རྒྱལ་ཁབ་དེ་དང་དེར། མི་རིགས་དེ་དང་དེར་ལྷན་སྐྱེས་ཀྱི་ངོ་བོ་ཉིད་དུ་གྲུབ་པའི་ཆོས་ཉིད་ཀྱི་རང་བཞིན་ཅན་ཞིག་ཡིན། འོན་ཀྱང་ཆོས་ཉིད་ཀྱི་རང་བཞིན་ལྡན་པའི་ལྷན་ སྐྱེས་ཀྱི་སྲོལ་རྒྱུན་རིག་པའི་གནས་དེ་དག་མ་འབད་པ་དང་མ་བརྩོན་པར་ལྷན་སྐྱེས་ ཀྱི་ངོ་བོ་དེ་ཉིད་ལྷན་སྐྱེས་སུ་རྒྱུན་ཆགས་ནུས་པ་ཞིག་མ་ཡིན་ཏེ། ཤེས་པའི་རང་བཞིན་གསལ་བ་དང་རིག་པའི་ངོ་བོར་ལྷན་སྐྱེས་སུ་གྲུབ་པའི་ཆོས་ཉིད་ཀྱི་རང་བཞིན་ལྡན་ཡང༌། མ་བརྩོན་མ་འབད་པར་གསལ་རིག་གི་རང་ངོ་མི་འཕྲོད་པ་ནང་བཞིན་ཡིན་ནོ།།
བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་ནི། ཆུ་མགོ་གངས་དང་ཆོས་མགོ་སངས་རྒྱས་ཀྱི་དཔེ་ ལྟར་ཆུ་བརྒྱའི་འབྱུང་ཁུངས་དང་ཤིང་བརྒྱའི་རྩ་བ་ལྟ་བུ་མི་རིགས་རང་གི་གདོད་ མའི་སྤྱི་ཚོགས་ནས་བྱུང་བའི་ཆོས་ལུགས་ལྟ་གྲུབ་ཀྱི་བག་ཆགས་དང་ཁ་བྲལ་ཐབས་མེད་ པའི་བསམ་བློའི་ཁ་ཕྱོགས་ལ་བརྟེན་ནས། ཐེག་པ་རིམ་འཛེགས་དང་གོམ་པ་རིམ་སྤོས་ཀྱིས་ བྱུང་པའི་གཡུང་དྲུང་བོན་དང་ནང་པ་སངས་རྒྱས་པའི་ནང་དོན་རིག་པའི་གཞི་ལམ་འབྲས་ གསུམ་དང་ལྟ་སྒོམ་སྤྱོད་གསུམ་ནི་སྲོལ་རྒྱུན་ཤེས་ཡོན་གྱི་སྲོག་རྩ་དེ་ཡིན། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་ལ་ངོ་བོའི་སྒོ་ནས་དབྱེ་ན། ནང་དོན་རིག་པའི་ཐོག་ཡན་ལག་གི་སྲོལ་རྒྱུན་སྒྲ་ཚད་གསོ་བཟོ་བཞི་ཡང་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་ཆ་ལག་གལ་ཆེའི་རང་བཞིན་ལྡན་པ་ཁོ་ན་ཡིན།

༢༽ སྲོལ་རྒྱུན་རིག་གནས་ཀྱི་ཁྱབ་ཚད།


འོ་ན་མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་མི་རིགས་རང་གི་བྱ་སྤྱོད་དང༌། མི་རིགས་རང་གི་ངོ་བོའི་ཐོག་ཁྱབ་ཚད་ཀྱི་ནུས་པ་ཇི་ཙམ་ལྡན་ཡོད་ཅེ་ན། མི་རིགས་འདིའི་མི་ལོ་སྟོང་ཕྲག་ཡར་སྔོན་ནས་ཞོགས་པ་སྔས་མགོ་ནས་མགོ་བོ་གྱེན་ལ་བཏེགས་པ་དང་བླ་མ་ལ་སྐྱབས་སུ་འཆི་བའི་སྐྱབས་འགྲོ་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པའི་སེམས་བསྐྱེད་ཀྱི་ཞལ་འདོན་རང་ཆས་སུ་ཞུགས་པ་ནས། སེམས་ཀྱི་འཆར་སྒོ་དང་ངག་གི་འགྱུར་ཁུག་ཙམ་མ་ཟད། ལུས་ཀྱི་ཆ་བྱད་ཀྱང་རྒྱུན་ལྡན་ནས་ལུས་ཀྱི་ གོས་ཆས་ཀྱི་བཟོ་དབྱིབས་ཚུན་ཆད་མི་རིགས་གཞན་དང་མ་འདྲེས་པའི་ཆ་སྤྱད་ཕ་མྱེས་ ཀྱི་སྐབས་ནས་ཡོད་པ་དེ་རང་གྱོན་པ། ཞོགས་ཇ་ལ་ཞུགས་པ་དང་བོད་ཀྱི་རྩམ་པ་དང་ཇ་ སོགས་གདོད་མའི་མི་ལོ་སྟོང་ཕྲག་ཡར་སྔོན་ནས་མི་རིགས་རང་ཉིད་ཀྱིས་སྤྱོད་པའི་ ཟས་རིགས་དེ་དག་ལ་གོམས་ཤིང་སྤྱོད་པ། དེ་བཞིན་ས་ཞིང་འདེབས་ལས་དང་ཁང་ཁྱིམ་བརྩིགས་བཟོ། རྫི་བོའི་ལ་གཞས་དང་མ་ཎི་རྒྱངས་འབོད། གླུ་གཞས་བྲོ་འཁྲབ། ཕོ་མོས་བརྩེ་གཞས་སོགས། ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཕལ་བོ་ཆེ་ མི་རབས་བརྒྱ་ཕྲག་གི་ཡར་སྔོན་ནས་བྱུང་བའི་སྲོལ་རྒྱུན་རིག་པའི་རྗེས་ཤུལ་འབད་ མེད་དུ་འཛིན་ཅིང་སྐྱོང་བའི་ཐོག ལྟ་གྲུབ་ཀྱི་རྨང་གཞི་ལྡན་པ་དང་སྒྲིག་ལམ་གྱི་གཞི་རྩ་བརྟན་པ། བྱ་སྤྱོད་ཀྱི་ཆ་ལག་ཡོངས་སུ་ཚང་བའི་སྲོལ་རྒྱུན་རིག་གནས་ནི། བསྟོད་མངའ་རིས་གངས་སྒོ་མན་ཆད་ནས་སྨད་མདོ་ལ་རིང་མོ་མན་ཆད་དུ། ས་དགེ་བཀའ་རྙིང་བོན་དང་བཅས་པའི་ཆོས་སྡེ་ ཆེན་ཆུང་ཅི་རིགས་ངེས་མེད་གྱིས་རང་རང་གིས་ཆོས་ལུགས་གྲུབ་མཐའི་བཤད་སྒྲུབ་ལས་ གསུམ་གྱི་སྲོལ་རྒྱུན་གྲ་མ་ཉམ་པ་དང་གྲུ་མ་ཞིག་པའི་སྒོ་ནས་འཛིན་སྐྱོང་ཇི་ལྟར་ བྱས་དང་བྱེད་བཞིན་པ་ནི་བཤད་པས་རྫོགས་མཐའ་དང༌། བྲིས་པས་ཚར་བ་ཞིག་མིན། དེ་བཞིན་དགོན་སྡེ་དེ་དག་གི་ནང་ནས་མི་ཉུང་ཞིག་ཏུ་ནང་དོན་གྱི་ལྟ་གྲུབ་ཙམ་དུ་མ་ཟད། ད་དུང་སྨན་དང་རྩིས་གྱི་གྲྭ་ཚང་ཟུར་འཛུགས་ ཀྱིས་ཐུན་མོང་རིག་པའི་གནས་དེ་དག་ལའང་བརྩོན་པའི་སྨན་རམས་པ་དང་རྩིས་རམས་པའི་ མཁས་པའི་ལག་རྗེས་ལྡན་པའང་ཡོད་ལ། དུས་ཕྱིས་གཞུང་རང་གིས་བཙུགས་པ་དང་དེ་མིན་ སྒེར་པས་བཙུགས་པའི་སྨན་རྩིས་ཀྱི་སློབ་གྲྭ་གང་ཙམ་ཡོད་པ་དེ་དག་ནས་ལྟ་གྲུབ་ ཀྱི་རྨང་གཞི་ལྡན་པའི་སྨན་རྩིས་ཀྱི་རིག་པའི་ཁྱབ་ཚད་ཀྱང་ཆུང་ཆུང་དང་ཉུང་ཉུང་ རྩ་བ་ནས་མིན།
དེ་བཞིན་དགོན་སྡེ་གྲྭ་ཚང་དེ་དག་ཏུ་དཀྱིལ་འཁོར་གྱི་ཐིག་དང་རྡུལ་ཚོན། གཙུག་ལག་ཁང་དང་ལྷ་ཁང༌། མཆོད་རྟེན་སོགས་བཞེངས་པའི་ལག་རྩལ་ཐད། གཞུང་ལུགས་དང་མཐུན་པའི་བཟོ་རིག་སྲོལ་རྒྱུན་རིག་གནས་ཀྱི་ཁྱབ་ཚད་ཀྱང་ཆུང་ཆུང་མིན། མདོ་དབུས་སྐོར་གསུམ་གྱིས་བསྡུས་པའི་བོད་ས་སྟོད་སྨད་གང་སར་དགོན་པ་དང་ལྷ་ཁང༌། མཆོད་རྟེན་སོགས་ཁྲི་ཕྲག་ལོངས་པ་དེ་ཚོ་སྲོལ་རྒྱུན་གྱི་བཟོ་རིག་མཛེས་བཀོད་ཁྱད་དུ་འཕགས་པ་ཤས་གཅིག་ཡིན།
ད་དུང་དགོན་སྡེ་གྲྭ་ཚང་མི་ཉུང་བ་ཞིག་གི་ནང་དགུན་འཆམ་དང་འབྲེལ་བའི་འབག་བཟོ་དང་གོས་བཟོ། དེ་བཞིན་འདོན་རྟ་དབྱངས་དང་བཅའ་རྡུང་འབུད་གསུམ། གར་ཐིག་དབྱངས་གསུམ། རྟ་འདུར་དབྱངས་གསུམ། མདོར་ན་བཤད་སྒྲུབ་ལས་གསུམ་གྱིས་བསྡུས་པའི་རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་ལྡན་པའི་བོད་རིག་པའི་སྲོལ་རྒྱུན་གྱི་ཁྱབ་ཚད་ནི། ཆུང་ཆུང་དང་ཉུང་ཉུང་ཞིག་གཏན་ནས་མིན་པར་བོད་ས་སྟོད་སྨད་ཡོངས་སུ་ལྷན་སྐྱེས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད།
མི་དམངས་དཀྱུས་མའི་ཁྲོད་དུ་མཚོན་ནའང་བོད་རིགས་ཞིང་པ་ཚོ་གནའ་ནས་ད་བར་འཚོ་སྡོད་བྱེད་ས། ས་ཁང་དང༌། རྡོ་ཁང༌། ཤིང་ཁང་སོགས་མི་རིགས་རང་ཁོངས་ནས་རིགས་པའི་གཞུང་ལུགས་ཀྱིས་གཏན་ལ་ཕབ་པའི་དཔེ་དེབ་དང་གཞུང་ལུགས་ཡོད་མིན་ཇི་ལྟར་ཡང་ཆེ་ཆུང་དང་བཟོ་དབྱིབས། བཀོད་སྒྲིག་སོགས་དཔལ་འབྱོར་གྱི་འཁོས་བབ་དང་བསྟུན་ནས་བཟོ་བ་དང༌། འབྲོག་པ་ཚོས་རང་ཉིད་ཀྱི་ཐོན་ཁུངས་དང་འབྲེལ་བའི་གཡག་རྩིད་ཀྱིས་སྦྲ་གུར་བཟོ་བ། ཚོང་པ་དང་གནས་སྐོར་བ་སོགས་ཀྱིས་རང་དང་འཚམ་པར་ཕུབ་ན་བདེ་བའི་རས་གུར་བཟོ་དབྱིབས་འདྲ་མིན་ཚེམས་དྲུབ་བྱེད་པ། མི་རིགས་རང་ཉིད་ལ་དགོས་ཤིང་མི་རིགས་རང་ཉིད་ཀྱི་ཐོན་ཁུངས་དང་འབྲེལ་ཆགས་པའི་རྡོ་བཟོ་དང༌། ཤིང་བཟོ། སྤོས་བཟོ། ལྕགས་བཟོ། གསེར་བཟོ། དངུལ་བཟོ། རྫ་བཟོ། ཀོ་བཟོ། སྣམ་བཟོ་སོགས་མི་རིགས་རང་ཉིད་ལ་མེད་ཐབས་མེད་པའི་སྲོལ་རྒྱུན་གྱི་རིག་པ་ཤིན་ཏུའང་མང༌།[2][2]
དེ་ལས་གཞན་སྤྱི་ཚོགས་ནང་མཁས་པར་བགྲང་སའི་འབབ་སྟེགས་འཆད་རྩོད་རྩོམ་གསུམ་ལས། རྩོམ་རིག་གི་ཁྱབ་ཚོད་འབུར་དུ་བཏོན་ནས་ཅུང་ཟད་ཞུ་ན། ད་ལྟའི་ཆར་བོད་ཀྱི་རྩོམ་རིག་ལ། གནའ་རྩོམ་དང༌། དེང་རྩོམ། སྒྲུང་རྩོམ། སྙན་རྩོམ། དཔྱད་རྩོམ། ལྷུག་རྩོམ། དགག་རྩོམ། སྒྲུབ་རྩོམ་སོགས་རྣམ་གྲངས་འདྲ་མིན་ཤིན་ཏུ་མང་ཡང༌། མདོར་བསྡུས་ན། གདོད་མའི་རྩོམ་རིག་དང༌། སྲོལ་རྒྱུན་རྩོམ་རིག རྩོམ་རིག་གསར་པ་གསུམ་དུ་ངེས་ལ། དེ་ཡང་དང་པོ་གཉིས་ནི་བོད་རང་གི་གདོད་མའི་སྤྱི་ཚོགས་སྐབས་ནས་ཡོད་པ་དང་མི་རིགས་གཞན་ནས་བསྒྱུར་བའི་རྒྱུད་རིམ་གྱི་ཁྱད་པ་ཙམ་ལས། བོད་རང་གི་སྲོལ་རྒྱུན་གྱི་ཁོངས་སུ་གཏོགས་པར་ཁྱད་པ་གང་ཡང་མེད། ནང་དོན་རིག་པ་གཙོ་བོར་གྱུར་པའི་ཤེས་བྱ་ རིག་གནས་ལྔའི་བརྗོད་གཞི་དང་འབྲེལ་བའི་སྲོལ་རྒྱུན་རྩོམ་རིག་གི་གླེགས་བམ་གྱི་ གྲངས་ཚོད་ཉུང་ཉུང་མིན་ལ། བརྗོད་གཞི་ཆ་ལག་ཀྱང་དེ་བས་ཉུང་ཉུང་དང་ཆུང་ཆུང་མིན། རང་རེའི་སྤྱི་ཚོགས་ནང་གནའ་ནས་ད་བར་ནང་ཆོས་ཐེ་བའི་ཤེས་བྱ་གང་ཞིག་ལ་མཁས་པ་ཞིག་ཡིན་ཕྱིན་ཆད། རྩོམ་པ་པོ་དང་སྙན་ངག་པ་ཡང་ཡིན་པས་ཁྱབ་པ་བགྲང་སྲོལ་ཡང་ཡོད་མོད། མཐའ་གཅིག་ཏུ་ཁྱབ་པ་ངེས་མིན་ཇི་ལྟར་ཡང་ཕལ་ཆེ་བ་ནི་ཅིས་ཀྱང་དེ་ལྟར་ཡིན་པའི་འགྲེལ་བརྗོད་བྱེད་ན་མི་འཚམ་པ་མེད།

༣༽ སྲོལ་རྒྱུན་རིག་གནས་ཀྱི་ཕན་ཡོན།


བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་བྱེད་པའི་དགེ་མཚན་སྐོར། མདོ་བསྟན་བཅོས་དང་ལམ་རིམ་བླ་མ་ཚོས་ཚོགས་བཤད་ཟབ་ཅིང་རྒྱས་པ་གནང་སྲོལ་ཡོད་པ་དེ་རིགས་འདིར་བགྲངས་ན། གནས་ལུགས་ཟབ་ཅིང་དོན་ལ་འབྱོར་ཡང༌། ཡུལ་དུས་ལ་ལྟོས་པའི་ཕན་ཐོགས་དེ་ཙམ་ཡོད་མེད་མི་ཤེས། དེ་བས་ཁ་ཚ་དགོས་གཏུགས་ལྡན་པའི་ཡུལ་དུས་གནས་བབ་དང་འཚམ་པ། མཐོང་ཐོས་མྱོང་གསུམ་གྱིས་བརྟག་ཐུབ་པ། ལག་ཏུ་བླང་ན་བདེ་ཞིང་འཆོར་ན་ཕོངས་པ། མི་རིགས་རང་གི་བླ་སྲོག་གི་རྩ་བ་ཟུག་ས་དང༌། དབང་རྩ་ཡི་ལོ་འདབ་རྒྱས་ས། ཟུངས་ཁྲག་གི་འགྲོ་འོངས་རྩེན་ས་ཉག་གཅིག །བོད་ཀྱི་སྲོལ་རྒྱུན་རིག་གནས་ཆེ་ཆུང་ཁག་ད་བར་འཛིན་སྐྱོང་གནང་བའི་དགེ་མཚན་གྱི་ཆ་ཤས་ཤིག་ནི། ས་ཕག་དུས་འགྱུར་གྱི་ཡོ་ལོངས་ས་ཆེན་གཡོ་བ་དང་མཚོ་ཆེན་འཕྱུར་བ་ལྟར་འཁྲུགས་ནས། བྱུང་མྱོང་མེད་པའི་བོད་མི་རིགས་ཀྱི་ལས་དབང་འུ་ཐུག་ཐབས་ཟད་ཀྱི་མཚམས་སུ་སླེབས་ནས། གནམ་ས་ཆུ་གསུམ་དང༌། ཟ་གཏུང་གོས་གསུམ། འགྲོ་འདུག་སྤྱོད་གསུམ་གང་ལའང་ཆ་རྒྱུས་ཉམས་མྱོང་སྤུ་རྩེ་ཙམ་ཡང་མེད་པར་མི་ཡུལ་ལུང་པའི་ནང་བྱིས་པ་ཐང་དཀྱིལ་དང༌། གྲོག་མ་བྱེ་ཐང་དུ་ལུས་པ་ལྟར་གྱུར་པའི་སྐབས། ྋགོང་ས་མཆོག་གི་ཐུགས་བསྐྱེད་སྨོན་ལམ་འོག །བོད་ཀྱི་ཆོས་ལུགས་ལྟ་གྲུབ་དང་སྐད་ཡིག་ རིག་གཞུང་གི་སྲོལ་རྒྱུན་རིག་པའི་སྲོག་ཤིང་བརྟན་པོ་དང་འབྲེལ་ཐག་མཁྲེགས་པོའི་ གཞུང་རྟ་གཅིག་གི་ནུས་ཤུགས་ལས་མི་རིགས་ཁ་འཐོར་དུ་མ་སོང་བར། ད་བར་བཙན་བྱོལ་རྒྱ་གར་ནང་ཁུལ་དུ་གཞིས་ཆགས་ཁག ༤༢ དང་སློབ་གྲྭ་ཁག ཆོས་སྡེ་ཁག་ ༡༢༣ བསྐྲུན་པ་མ་ཟད། གཞིས་ཕྱོགས་ནས་ཆོལ་གསུམ་བོད་རིགས་སུ་ཞིག་བཙན་བྱོལ་དུ་ཕེབས་ནའང༌། ཆོས་རིགས་སློབ་གསོ་དང་འཚོ་བའི་བརྟེན་གཞི་གསར་འཛུགས་ཐུབ་པའི་རྨང་གཞི་གང་ལེགས་ལྡན་པ། ད་བར་འཛམ་གླིང་ཤར་ནུབ་ཀྱི་གླིང་ཆེ་ཆུང་དུ་མའི་ནང་ཆོས་ཚོགས་ཁག་བརྒྱ་ལྷག་གསར་འཛུགས་ཐུབ་ཡོད་པ། དེ་དག་གི་བླ་མ་དགེ་བཤེས་ཚོའི་མཛད་འཕྲིན་ལས། ས་སྟེང་འདིར་བོད་ཅེས་པའི་མི་རིགས་ཤིག་ཡོད་པ་དང༌། དེ་ཡང་ལོ་རྒྱུས་ཀྱི་རང་བཞིན་ལྡན་ཞིང༌། ཆོས་རིག་གི་ཕུག་ནོར་ཕྱུག་པའི་མི་རིགས་ཤིག་ཡིན་པ་དང༌། ད་ལྟའི་ཆར་གཞན་གྱི་གཙན་གནོན་འོག་འུ་ཐུག་ཐབས་ཟད་དུ་གནས་ཡོད་པའི་གནས་ལུགས་ཤེས་གསལ་ཐུབ་པ་དང༌། མི་རིགས་འདིའི་རིགས་པའི་གཞུང་ལུགས་ནི་ཞི་བདེ་དང་འབྲེལ་བ་གཏིང་ཟབ་ལྡན་པའི་རིག་པའི་གཞུང་ལུགས་ཤིག་ཡིན་པ་ངེས་ཤེས་རྙེད་ནས། བོད་ཙམ་མིན་པར་འཛམ་གླིང་སྤྱི་ཡོངས་ནས་ཞི་བདེའི་གཞི་རྩ་དང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་གནད་དོན་ཐོག བོད་ཀྱི་སྲོལ་རྒྱུན་རིག་པའི་གཞུང་ལུགས་འདི་ནད་ཐོག་སྨན་དང༌། དུས་ཐོག་ཆར་ལྟར་བརྩིས་དང་རྩི་བཞིན་པ་འདི་ དག་ནི་བོད་ཀྱི་སྲོལ་རྒྱུན་རིག་པའི་གཞུང་ལུགས་འཛིན་སྐྱོང་བྱས་པའི་དགེ་མཚན་ དང་ཕན་ཡོན་གྱི་ཆ་ཤས་ཤིག་རེད་སྙམ། ད་དུང་བོད་ཀྱི་ཟློས་གར་གཅིག་པུར་མཚོན་ན། རིག་གཞུང་གཞན་གྱི་བསྲེ་ལྷད་མ་ཞུགས་པར། འབུད་རྡུང་དཀྲོལ་གསུམ་དང༌། གར་འཆམ་འཁྲབ་གསུམ། རྟ་འདུར་དབྱངས་གསུམ་གྱི་སྲོལ་རྒྱུན་གཙང་མའི་རྒྱུད་འཛིན་གྱིས་ད་བར་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་༣༠ ཙམ་ལ་སྔ་ཕྱིར་འཁྲབ་སྟོན་ ༡༠༠ ལྷག་བྱས་ཟིན་པ་དང༌། དེ་དག་གི་སྐབས་དང་བསྟུན་བོད་ཀྱི་ཆོས་རིག་ལ་དགའ་བསུའི་དོ་སྣང་དང༌། བོད་རྒྱའི་དཀའ་རྙོག་དང་བོད་དོན་བདེན་པའི་གནས་ལུགས་ལ་རྒྱབ་སྐྱོར་དང་གུས་རྩི་ཞུ་མཁན་ཉིན་རེ་ནས་ཉིན་རེ་ཇེ་མང་དུ་འགྲོ་བཞིན་པས་མཚོན། མདོར་ན་ད་ལྟའི་བར་བོད་མི་རིགས་འདི་མི་རིགས་གཞན་གྱིས་རྩ་མེད་གཏོང་ཐབས་དང༌། འབུར་འཇོམ་དང་རྡུང་བརྡེགས་ཇི་ཙམ་བྱས་དང་བྱེད་བཞིན་པ་དེ་ལྟ་ནའང༌། སུས་ཀྱང་ཁྱུར་མིད་གཏོང་ཐབས་མེད་པར་མ་ཟད། འཛམ་གླིང་ཧྲིལ་པོ་འདིའི་སྒང་ལ་ལྷན་སྐྱེས་ ཀྱི་རང་འོད་འཚེར་བཞིན་གནས་ཐུབ་པ་འདི་ནི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་འདི་ རང་གིབཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། དེར་བརྟེན་ང་ཚོས་ནམ་ཡང་ཁ་ཕོར་ནང་དུ་སྐྱག་པ་གཏོང་བ་དང་དྲིན་ཅན་ལག་པ་རྡོ་རྡུང་བྱེད་མི་ཉན།

༤༽ སྲོལ་རྒྱུན་རིག་གནས་འཛིན་སྐྱོང་གི་ཐབས་ལམ།
ཁྱད་ཆོས་དེ་ལྟར་ལྡན་པའི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་འདི་ཉིད་འཛིན་སྐྱོང་བྱེད་ཐབས་ཐད། ཆེས་གལ་ཆེ་རང་བཞིན་ལྡན་པ་ནི་རང་གཞུང་ལ་ཐུག་ཡོད། ས་ཕག་དུས་འགྱུར་བྱུང་བ་ནས་ད་ལྟའི་བར་བཀའ་ཤག་སྐབས་ ༡༣ དང་སྤྱི་འཐུས་སྐབས་ ༡༤ རིང་ལ། འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་ཚོ་ཤེས་ཡོན་གྱི་ཆུ་ཚད་མཐོ་དམན་ཅི་རིགས་ངེས་མེད་ཀྱིས་བྱོན་ཡོད་ནའང༌། བོད་རང་གི་ཆོས་དང་རིག་གཞུང་ལ་ཞེན་པ་ཨ་འཐས་ཅན་ཤས་གཅིག་བྱུང་བའི་བཀའ་དྲིན་དང༌། ལྷག་དོན་བཙན་བྱོལ་བོད་ཀྱི་བཅའ་ཁྲིམས་རིན་ པོ་ཆེའི་དགོངས་དོན་གཞི་བཟུང་གིས་ད་བར་ང་ཚོའི་སྲོལ་རྒྱུན་རིག་གཞུང་ལ་གེགས་ ཆག་གང་ཡང་ཕྱིན་མེད་པར་མ་ཟད། འཆར་གཞི་དང་སྒྲིག་འཛུགས་ལྡན་པའི་སྒོ་ནས་མདུན་བསྐྱོད་བྱས་དང་བྱེད་བཞིན་པ་འདི་ནི། བོད་ཀྱི་སྲོལ་རྒྱུན་རིག་གཞུང་འཛིན་སྐྱོང་གནང་བའི་ཐབས་ལམ་ཨང་དང་པོ་དེ་ཡིན་ཞིང༌། ཐབས་ལམ་དེ་ནི་སྲོལ་རྒྱུན་འཆི་གསོས་ཀྱི་སྲོག་རྩ་ཡང་ཡིན།
བོད་ཀྱི་སྲོལ་རྒྱུན་རིག་གཞུང་འཛིན་སྐྱོང་གནང་བའི་ཐབས་ལམ་གཉིས་པ་ནི། དགོན་སྡེ་ཁག་གི་སྒྲིག་འཛུགས་ཡིན། ས་ཕག་དུས་འགྱུར་བྱུང་བ་ནས་ད་བར་རྒྱ་བལ་འབྲུག་གསུམ་གཅིག་པོར་ས་དགེ་བཀའ་རྙིང་བོན་དང་བཅས་པའི་ཆོས་སྡེ་ ༡༢༣ ཙམ་གསར་འཛུགས་བྱས་ཤིང་དེ་དག་གི་ནང་དུ་རང་ རང་གི་བརྒྱུད་པའི་ཁ་རླངས་མ་ཡལ་བའི་ནང་ཆོས་རིག་པའི་གཞུང་ལུགས་གྲ་མ་ཉམས་ཤིང་ གྲུ་མ་ཞིག་པའི་ཐོག་དེ་དག་དང་ཉ་གཤིབ་ཆུ་གཤིབ་ཀྱི་ཚུལ་དུ་སྐད་ཡིག་གཞན་དང་ འདྲེས་ལྷོད་མ་ཞུགས་པའི་རང་སྐད་གཙང་མའི་སྲོལ་རྒྱུན་དང་རང་ཡིག་གཅིག་པོའི་ འབྲི་སྲོལ་གྱི་རྨང་གཞི་ཧ་ཅང་བརྟན་པོ་གནས་དང་གནས་བཞིན་པ་མ་ཟད། དེ་ཡང་སྒྲིག་སྲོལ་གཉིས་ལྡན་གྱི་ལམ་ནས་ རྒྱུན་འཁྱོངས་གནང་དང་གནང་བཞིན་པ་འདི་དག་ནི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ འཛིན་སྐྱོང་གནང་བའི་ཐབས་ལམ་གལ་ཆེ་ཤོས་ཤིག་ཡིན་ལ། གལ་ཆེའི་རང་བཞིན་ལྡན་པའི་ཐབས་ལམ་འདི་ཡང་ང་ཚོས་ཁ་བསབ་དང་ཁུ་བསྡུ་གང་ཡང་མི་དགོས་པར་གནས་ལུགས་ཙམ་ངོ་སྤྲད་བྱས་པ་དེས་འཐུས་སོ་སྙམ།
བོད་ཀྱི་སྲོལ་རྒྱུན་རིག་གཞུང་འཛིན་སྐྱོང་གནང་བའི་ཐབས་ལམ་གསུམ་པ་ནི། མ་འོངས་བོད་ཀྱི་སོན་རྩའི་བསྟི་གནས་སློབ་གྲྭ་ཁག་གྱི་འཛིན་སྐྱོང་དང་འབྲེལ་བའི་ཤེས་ཡོན་སྲིད་ཇུས་ཡིན། ས་ཕག་དུས་འགྱུར་བྱུང་བ་དང་ྋགོང་ས་མཆོག་གི་གཟིགས་རྒྱངས་བླ་ན་ཡངས་པའི་འཆར་འགོད་ལྟར། བཙན་བྱོལ་བོད་ཀྱི་སློབ་གྲྭ་ཟུར་འཛུགས་ཀྱིས་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་རྒྱུན་འཁྱོངས་ཀྱི་ཐབས་ཇུས་གཏིང་བའི་བཀའ་དྲིན་ལས། ད་ལྟའི་བར་རྒྱ་གར་གྱི་མི་འབོར་རྒྱ་མཚོ་ལྟ་ བུའི་ནང་བོད་རིགས་ཆུ་ཐིགས་གཅིག་གི་ཚད་ལས་མེད་ཀྱང་རང་གི་སྐད་ཡིག་གཉིས་ཐད་ནས་ འབྲི་ཀློག་བཤད་གསུམ་གྱི་སྲོལ་གནས་པ་ཙམ་རྒྱུན་འཁྱོངས་ཐུབ་པའི་སྲིད་ཇུས་ཀྱི་ སྒྲོམ་གཞི་འདི། བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་གནང་བའི་ཐབས་ལམ་གལ་ཆེ་རང་བཞིན་ལྡན་པའི་ཆ་ལག་ཅིག་རེད་སྙམ། ཐབས་ལམ་དེའི་རྒྱུད་རིམ་ཐོག །ཆུ་རླབས་ཀྱིས་གཡོ་བའི་མཚོ་གྲུ་དང༌། རླུང་རླབས་ཀྱིས་བསྐྱོད་པའི་དར་ཆེན་བཞིན་བཙན་བྱོལ་ཁྲོད་ཀྱི་མི་ལོ་ལྔ་བཅུའི་རིང་ཡར་ཡོར་འཁྱར་འཁྱོར་གྱིས་ལོ་ཟླ་རིམ་པར་བསྐྱལ་བའི་ཁྲོད། ཐོག་དང་པོ་མི་ཡུལ་ལུང་པར་སླེབས་དུས་མི་ སྐད་མི་གོ་བའི་དཀའ་ངལ་ལ་བརྟེན་རྒྱལ་ཁབ་གཞན་གྱི་སྐད་ཡིག་ལ་མཐོང་ཆེར་འཛིན་ པའི་ལྷན་སྐྱེས་ཀྱི་ལྟ་ཚུལ་ཞིག་གློ་བུར་དུ་སླེབས་པ་དང༌། གཉིས་ནས་སློབ་ཚན་ཆ་བགོས་སྐབས། དུས་རབས་སློབ་གྲྭའི་འགྲོ་སྲོལ་གྱི་སློབ་ཚན་དང་དུས་ཡུན་གྱི་གནས་སྟངས་མ་ཤེས་ནས། ཉིན་རེར་བོད་ཡིག་གི་སློབ་དུས་གཅིག་ཁོ་ན་ལེན་པ་ལས་ནང་གསེས་སྐད་ཡིག་བརྡ་སྤྲོད་དང༌། རྒྱལ་རབས་ལོ་རྒྱུས། རིགས་ལམ་ནང་ཆོས་ལྟ་བུའི་སློབ་ཚན་ཆ་བགོས་ཀྱི་སློབ་དུས་ལེན་དགོས་པ་མ་ཤེས་པའི་རྐྱེན་གྱིས། བོད་ཀྱི་སྐད་ཡིག །ལོ་རྒྱུས། རིགས་ལམ། ནང་ཆོས་དང་བཅས་པ་ཉིན་རེར་ཐེངས་རེ་ལས་ཁྲིད་ས་མེད་པའི་སྲོལ་རྒྱུན་རིམ་པར་བྱུང་བ་དང༌། དུས་ཕྱིས་གནས་སྟངས་དེ་ཡོངས་སུ་ཤེས་ནའང་དབུས་བོད་སློབ་འཛིན་ཚོགས་ཀྱི་སྒྲིག་གཞི་དང༌། ལོ་མང་སློབ་དགེ་བྱས་པའི་རྒྱ་གར་བའི་ཡུལ་མི་ཁག་གཅིག་གི་ལྟོ་གོས་དང་འབྲེལ་ཆགས་པ་བཅས་ལ་བརྟེན་ནས། ལེགས་བཅོས་དང་བསྐྱར་བཅོས་ཀྱི་བྱ་སྤྱོད་གཉིས་པ་ཞིག་སྤེལ་རྒྱུའི་བློ་ཁོག་དང༌། གོ་སྐལ་གཉིས་ཀ་ལྡན་ངེས་ཤིག་ད་ཕན་བྱུང་མྱོང་མེད་པས། ཁོར་ཡུག་འདི་དག་ནས་བོད་རང་གི་སྲོལ་རྒྱུན་གྱི་སྨྱུ་གུ་གསར་པ་ཞིག་འབུས་རྒྱུའི་གོ་སྐལ་ཤིན་ཏུ་ཕྲ། ད་དུང་བར་ལམ་ནས་སློབ་དགེ་ཕལ་པོ་ཆེ་བཙན་བྱོལ་གྱི་སློབ་གྲྭ་ཁག་ནས་འཚར་ལོངས་བྱུང་བའི་སློབ་ཐོན་པ་རྐྱང་རྐྱང་ཡོང་གི་ཡོད་པ་དང༌། དེ་རིགས་ཀྱིས་མཐའ་ན་བོད་སྐད་ཆ་ཚང་བ་ཞིག་མི་ཤེས་པའི་ཐོག དེ་སྔོན་སློབ་གྲྭར་ཡོད་སྐབས་འཛིན་རིམ་བཅུ་ གཉིས་ཐོན་རྗེས་མཐོ་སློབ་འགྲིམས་པའི་རིང་ལ་བོད་ཡིག་མིག་གིས་མཐོང་རྒྱུ་མེད་པ་ དང་བོད་སྐད་རྣ་བས་གོ་རྒྱུ་མེད་པའི་ནམ་ཟླ་རྒྱུན་རིང་བསྐྱལ་བས། བོད་ཀྱི་སྐད་ཡིག་གཉིས་ཀས་རང་རྐྱལ་མི་འཕེར་བ་སྨྲོས་མེད་རེད། ད་དུང་དེ་བས་སྟབས་ཉེས་པ་ཞིག་ནི། གོང་གསལ་གནས་སྟངས་ཐབས་སྐྱོ་བོ་དེ་ལས་སྐྱོབ་པའི་ཆེད་དུ་རོགས་དངུལ་འབོར་ཆེ་དང༌། སྐྱོབ་གསོ་རྒྱ་ཆེར་ཞུས་ནས་གསར་འཛུགས་བྱས་པའི་བུ་ཁྱིམ་ཁག་གི་མགོ་བྱེད་ལ། བོད་ཡིག་འབྲི་ཀློག་མི་འཕེར་བར་རྐུབ་ཀྱགས་མཐོན་པོ་སྒྲིག་གཤམས་བྱས་པ་ལས། བོད་ཀྱི་སྐད་ཡིག་གཉིས་ཀར་རིན་ཐང་གི་བྲོ་བ་མྱོང་མི་ཐུབ་པའི་གནས་སྟངས་འདི་བྱུང་ཞིང༌། བོད་པའི་སྲོལ་རྒྱུན་གྱི་སྐད་ཡིག་ལ་ཆག་གྲུམ་ཐེབས་པའི་རྨ་ཁ་གསོ་རྒྱུའི་ཚབ་ཏུ་བརྣག་དང་ཆུ་སེར་གྱི་ཚང་གསར་པ་ཞིག་བཅས་པ་རེད། མདུན་ལམ་ཆུང་ཁག་ལ་འཕྲེད་བཀག་གི་གདུང་མ་དང༌། མི་ཉམས་རྒྱུན་འཛིན་གྱི་ཁ་གཡང་སྙན་པོའི་འོག་མདུན་མཆོང་ལམ་ཆེ་ལ་བཀག་རྡོ་བརྩེགས་པའི་ལས་གྲྭ་བསམ་བཞིན་འཛུགས་པ་ཉུང་ཉུང་མིན།
གནས་སྟངས་དེ་རིགས་གཙང་སེལ་བྱེད་པའི་ཐབས་ལམ་ཡག་ཤོས། འོད་སྟོང་འབར་བའི་སྲོལ་རྒྱུན་ཤེས་ཡོན་རྒྱུན་འཛིན་ཚད་ལྡན་ཡོང་ཐབས་སུ་བཀའ་ཤག་སྐབས་བཅུ་གཉིས་པས། ཤེས་ཡོན་སྲིད་ཇུས་གཏན་འབེབས་གནང་བ་དེ་ནི། མ་འོངས་སོན་རྩ་ཚོའི་ཀླད་རྩ་དང་ཁྲག་རྒྱུན་ལ་ངེས་པར་དུ་འདྲེས་དགོས་པའི་བླང་བྱ་གལ་ཆེའི་རང་བཞིན་ལྡན་པ་ཞིག་ཡིན། དེས་ན་འདིར་རྒྱས་བཤད་མི་དགོས་པར། བཙན་བྱོལ་སློབ་གྲྭ་ཁག་གི་ནང༌། བོད་ཀྱི་སྲོལ་རྒྱུན་རིག་གཞུང་འཛིན་སྐྱོང་བྱེད་པའི་ཐབས་ལམ་ཉག་གཅིག་ནི། བཀའ་ཤག་གིས་འཆར་ཟིན་དང་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཤེས་ཡོན་སྲིད་ཇུས་དེ་རང་རེད།
ཤེས་ཡོན་སྲིད་ཇུས་ཀྱི་ནང་ནས་ཐེར་འདོན་བྱེད་དགོས་པའི་གལ་ཆེ་ཤོས་ཤིག་ནི་སློབ་དགེ་རེད། དེ་ནི་ང་ཚོས་གཞིས་ཕྱོགས་སུ་དཔེ་བལྟས་བྱས་ན་ཤེས་ནུས་པ་ཞིག་རེད། གཞིས་ཕྱོགས་ཀྱི་གཞོན་སྐྱེས་ཤེས་ཡོན་ངེས་ཅན་ལྡན་པ། མི་རིགས་རང་གི་ལ་རྒྱ་ཡང་ཆེན་པོ་ཡོད་པའི་སློབ་དགེ་ཁག་གཅིག་གི་བསམ་བློའི་ལྟ་གྲུབ་ནང༌། སྔོན་བྱོན་མཁས་པ་ཕལ་བོ་ཆེ་རྗེས་ལུས་པ་དང༌། དེ་དག་གི་མཛད་པ་འཕྲིན་ལས་ཡོངས་རྫོགས་ལ་དགག་པ་མཐའ་བསྐྱལ་བྱས་དང་བྱེད་བཞིན་པ་མ་ཟད། རང་ཉིད་ལ་ཁ་བརྟེན་པའི་སློབ་མ་ཚོ་ལའང་དེ་དོན་ལམ་སྟོན་ཤུགས་ཆེར་བྱས་པའི་རྒྱུད་རིམ་ལས། བོད་མི་རིགས་ཀྱི་སྲོག་རྩ་དང་ཟུངས་ཁྲག་ལྟ་ བུའི་སྲོལ་རྒྱུན་གྱི་རིག་གཞུང་འདི་གད་སྙིགས་གསེབ་ཏུ་གཡུག་རྐྱང་བྱེད་རྒྱུའི་ ཉེན་ཁ་ཉིན་རེ་ནས་ཉིན་རེར་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་མཐོང་ཆོས་སུ་ཡོད་པ་ རེད། ཉེ་ལམ་ནས་རང་རེའི་སློབ་གྲྭའི་ཁོར་ཡུག་འགའ་ཞིག་གི་ནང་དུའང༌། ན་མ་སོན་པའི་གཞིས་ཕྱོགས་ཀྱི་ལྟ་གྲུབ་གསར་པ་དེ་རིགས་འཛིན་མཁན་གྱི་གཞོན་སྐྱེས་ཁག་གཅིག་སླེབས་ནས། ཕྲུ་གུའི་ཚོའི་བསམ་བློའི་ནང་སྲོལ་རྒྱུན་ལ་ རིན་ཐང་མེད་པའི་ལྟ་གྲུབ་ཀྱི་བག་ཆགས་བསྒོ་ཐབས་ཅི་དྲག་གང་དྲག་བྱེད་བཞིན་པ་དེ་ རིགས་སྔོན་འགོག་བྱེད་རྒྱུ་ནི། སྲོལ་རྒྱུན་གྱི་ཚེ་སྲོག་ལ་སྨོན་པའི་ཐབས་ལམ་གལ་ཆེ་ཤོས་ཤིག་རེད་སྙམ། དེ་ལྟར་མ་བྱས་ན་དཔེར་ན་ཉེ་སྔོན་ས་རཱ་སློབ་གྲྭའི་ནང་སྙན་ངག་མེ་ལོང་མ་མེ་སྲེག་གཏོང་དགོས་ཟེར་མཁན་དང༌། དེ་ལ་དཔེ་བལྟས་ནས་གསོག་སྒར་སློབ་གླིང་དུ་ སྲིད་དོན་རྒྱལ་རབས་མེ་སྲེག་གཏོང་དགོས་ཟེར་མཁན་བྱུང་བ་དེ་རིགས་ཀྱི་བསམ་ བློའི་བག་ཆགས་རིམ་པ་བཞིན་སློབ་གྲྭ་ཁག་ཏུ་རྒྱ་ཁྱབ་ཏུ་སོང་ན། བར་ལམ་ཞིག་ནས་རྒྱལ་བའི་བཀའ་འགྱུར་དང་དགོངས་འགྲེལ་གྱི་བསྟན་བཅོས། བོད་ཀྱི་གསུང་འབུམ་ཁག་ཀྱང་མེ་སྲེག་གཏོང་དགོས་པའི་འབོད་སྒྲ་མི་སྒྲོགས་པའི་ངེས་པ་ག་ལ་ཡོད།
གལ་ཏེ་རང་ཉིད་གསར་གཏོད་བྱེད་མཁན་གྱི་སྐྱེས་བུ་སྙིང་སྟོབས་ཅན་ཞིག་ཡིན་ན། སྲོལ་རྒྱུན་གྱི་རིན་ཐང་ཤེས་པའི་ཤེས་ཚད་དགོས་ལ། གསར་གཏོད་ཀྱི་ཐབས་ལམ་ཤེས་པའི་རྣམ་དཔྱོད་ཀྱང་ངེས་པར་དུ་ལྡན་དགོས། དེ་སྔོན་བྱུང་ཟིན་པའི་གསར་གཏོད་པ་ཇི་ཙམ་གྲགས་ཅན་ཞིག་ཡིན་ནའང༌། སྲོལ་རྒྱུན་གྱི་གཞི་རྐང་ལ་ཤེས་མྱོང་གི་ཆུ་ཚོད་མཐོན་པོར་མ་སླེབས་པར་རྒྱུ་མེད་རྐྱེན་མེད་ཀྱི་གསར་གཏོད་པ་སུ་ཡང་བྱུང་མྱོང་མེད་ལ། ཕྱིན་ཆད་ཀྱང་འབྱུང་ཐབས་མེད་ངེས་ཡིན། ང་ཚོས་རྩོམ་རིག་གཅིག་པོའི་ལམ་ནས་བཤད་ནའང་རྒྱ་གར་གྱི་ར་ཝི་ཎ་ཌ་ཋེ་ཀོར་དང༌། བོད་ཀྱི་དོན་གྲུབ་རྒྱལ་སོགས་ཀྱིས་སྲོལ་རྒྱུན་རྩོམ་རིག་ལ་འགྲན་ཟླ་མེད་པའི་མཁས་པའི་ཉམས་མྱོང་བསགས་རྗེས། རྩོམ་རིག་གསར་གཏོད་ཀྱི་ལམ་བུར་ཞུགས་ཡོད། གནས་ལུགས་འདི་མི་ཤེས་པར་རང་རེའི་སྤྱི་ཚོགས་ནང་གི་རྐྱལ་སྟོང་ཁག་གཅིག་གིས། རང་ཉིད་སྤོ་སའི་ཁང་པ་གསར་པ་རྒྱག་རྒྱུ་ཕར་ཙམ་ཞོག སྒོ་དང་སྒེའུ་ཁུང་ཙམ་ཞིག་གསར་པ་བཟོ་རྒྱུའི་སྤོབས་པ་དང་གདེངས་ཚད་མེད་པར། ཕ་མེས་ཡང་མེས་ཀྱི་ཁང་རྙིང་གཏོར་སློག་གཏོང་དགོས་ཀྱི་དཔའ་སྐད་སྒྲོགས་པ་དེ་རིགས། བསམ་ཤེས་ཡོད་མཁན་ཞིག་གིས་བལྟས་ན་དངོས་གནས་ཤ་ཚ་དགོས་པ་དང་སྙིང་རྗེ་འོས་པ་རང་རེད། འོ་ན་ང་ཚོས་སྲོལ་རྒྱུན་འཛིན་སྐྱོང་བྱེད་ན་ ཚ་བ་ལུང་པའི་ནང་ལུས་ལ་ལུག་ལྤགས་གོན་པ་དང་མགོ་ལ་གཡུ་བྱུར་འདོགས་པ་ལྟ་བུའི་ ཨུ་ཚུགས་དགོས་སམ་ཞེ་ན། དེ་ནི་ང་ཚོས་ད་ལྟར་རྒྱུན་འཁྱོངས་བྱེད་ བཞིན་པ་ལྟར་སྔོན་གྱི་ཕྱུ་པ་དེ་རིགས་གནའ་རབས་ཀྱི་སྲོལ་རྒྱུན་མ་བརླགས་པའི་ ཐོག་དུས་རབས་དང་ཡང་འཚམ་པ་ཞིག་མཐོང་ཆོས་སུ་ཡོང་གི་ཡོད་པ་འདིར་རིགས་འོས་པ་ ཞིག་ལོས་ཡིན། དེས་ན་རང་ཉིད་ལ་རྣམ་པར་དཔྱོད་པའི་ཤེས་རབ་དང་གཞུང་མང་བསླབས་པའི་ཉམས་མྱོང་ལྡན་མཁན་ཞིག་ཡིན་ན། སྲོལ་རྒྱུན་གྱི་གཞི་རྐང་མ་བརླགས་པར་གསར་གཏོད་ཀྱི་ལྷུ་ལག་རྒྱས་ངེས་ཡིན་ལ། སྲོལ་རྒྱུན་གྱི་གར་སྟེགས་ལ་གསར་གཏོད་ཀྱི་གར་སྟབས་བསྒྱུར་བ་ནི་དེ་བས་བདེ་ངེས་ཡིན། ད་དུང་སྲོལ་རྒྱུན་གྱི་ས་བོན་ལ་གསར་གཏོད་ ཀྱི་མྱུ་གུ་སྨིན་པ་ནི་གོ་རིམ་དང་འཚམ་ལ་འཇུག་པ་དང་མཐུན་པའི་གནས་ལུགས་ར་ འཕྲོད་ཐུབ་པ་ཞིག་ཀྱང་ཡིན།

༥༽ སྲོལ་རྒྱུན་དགོས་མེད་དུ་ལྟ་བའི་འཁྲུལ་སེལ་འགའ་ཞིག
དེང་སང་སྲོལ་རྒྱུན་ལ་རྗེས་ལུས་དང་འཁྲུལ་བ། ཕན་མེད་དང་གད་སྙིགས་འཛིན་མཁན་མང་ཆེ་ཤས་ཤིག་ནི། བསམ་བློའི་ན་མ་སོན་གོང་ནས་གཞན་ལ་འགྲམ་ཆུ་ལྡང་པ། རང་གི་གཅེས་ནོར་དང་གཞན་གྱི་གད་སྙིགས་གོ་ནོར་མཁན། སྔ་རབས་མེས་པོ་ཚོ་རྡོག་རྫིས་གཏོང་ཐུབ་ན་འཇོན་པོ་དང༌། དེང་རབས་ནལ་ཕྲུག་པང་དུ་བླངས་ན་དཔའ་བོ་ཡིན་སྣང་ཤར་མཁན། དེ་དང་དེ་དག་ཁག་གཅིག་གི་བྱིས་བློའི་འཆར་སྒོ་ནང༌། རང་ཉིད་དང་རང་ཉིད་ཀྱི་མི་རིགས་འདི་འཛམ་གླིང་ནང་ཆེས་རྗེས་ལུས་དང་ཆེས་མུན་ནག་གི་གནས་སུ་ལྷུང་ཡོད་ཤག་དང༌། ནུབ་ཕྱོགས་པའི་སྤྱི་ཚོགས་གནས་བབ་དང་ལྟ་གྲུབ་བྱ་སྤྱད་ཡོངས་རྫོགས་ཆེས་སྔོན་ཐོན་དང༌། ཆེས་མཛེས་སྡུག་ལྡན་པའི་ཁོར་ཡུག་ཅིག་ཏུ་ངོས་འཛིན་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། ཁོང་ཅག་གིས་འགྲམ་ཆུ་ལྡང་ས་དང་ཡིད་སྨོན་བྱེད་ས་ཡང་ནུབ་ཕྱོགས་པའི་བྱ་སྤྱད་ཁོ་ནར་ཡིན། དེ་དག་གི་ནང་ནས་ཁ་ཅིག །བོད་ཀྱི་སྲོལ་རྒྱུན་ནི་དུས་ཚོད་བརྒལ་ཟིན་པའི་རིག་གཞུང་རྙིང་པ་ཡིན་པས་དུས་རབས་འདིར་ཕན་ཐོགས་མེད་ཟེར། ལ་ལ་ནི། མི་རིགས་དང་རྒྱལ་ཁབ་གཞན་ནས་བསྒྱུར་བའི་རིག་གཞུང་ཡིན་པས་རང་གི་རིག་གཞུང་མིན། དེས་ན་མི་རིགས་རང་ཉིད་ལ་འཚམ་པོ་མེད་ཟེར། དེ་དག་ནི་རང་ཉིད་ཀྱི་ཤེས་ཚད་དང་ཉམས་མྱོང་གི་ན་མ་སོན་པའི་རྣམ་པ་ཕྱིར་མངོན་བྱེད་ཙམ་ལས། དོན་དངོས་ཐོག་ཚུལ་གསུམ་གྲུབ་པའི་གཏན་ཚིགས་ཡང་དག་ཅིག་ཀྱང་མེད། རིག་གཞུང་རྙིང་པའི་ནང་དུས་རབས་གསར་པ་དང་མི་འཚམ་པའི་རིགས་རེ་གཉིས་ཡོད་པ་དེ་རིགས་དོར་ན་ལོས་འགྲིགས། དེ་ཉིད་རྒྱུ་མཚན་དུ་བྱས་ནས་རིག་གཞུང་རྙིང་པ་ཡོངས་རྫོགས་དོར་དགོས་པའི་རྒྱུ་མཚན་ག་ལ་ཡོད། ལྟོས་དང༌། བོད་ཀྱི་སྨན་རྩིས་གཅིག་པུར་མཚོན་ནའང་རིག་ གནས་གསར་བརྗེའི་སྐབས་ཀྱང་སྒོ་རྒྱག་མ་ཐུབ་པའི་ཕན་ཐོགས་བརྗེན་པ་ཁ་ཐུག་ར་ འཕྲོད་ཐུབ་པ་ཡོང་གི་ཡོད་པ་དེ་རིགས། མའོ་ཙེ་ཏུང་ལས་ཀྱང་འཇོན་པའི་ཕོ་རྒོད་ཅིག་མ་སྐྱེས་བར་དུ་བསྟོར་བཅོམ་ཐུབ་ཐབསམེད་ལ། རིག་གཞུང་རྙིང་པས་དུས་རབས་གསར་པར་ཕན་ཐོགས་མེད་པ་དེ་བས་སྒྲུབ་མི་ཐུབ། མི་རིགས་དང་རྒྱལ་ཁབ་གཞན་ནས་བསྒྱུར་བའི་རིག་གཞུང་ཡང༌། མི་རིགས་རང་སྐད་དུ་བསྒྱུར་ནས་བེད་སྤྱོད་ངེས་ཅན་སོང་རྗེས། མི་རིགས་རང་གི་རིག་གཞུང་དུ་ངོས་འཛིན་མི་ཞུ་ཐུ་མེད་ཡིན་པ་དང༌། མི་རིགས་རང་ཉིད་ལ་ཕན་ཐོགས་ལྡན་ན་གཞན་ནས་བསྒྱུར་ཡང་དེ་ལ་སྡང་ཟུག་དགོས་དོན་གང་ཡང་མེད།
ཨི་ཊ་ལིའི་རྒྱལ་ཁབ་ནང་སྤྱི་ལོ་ ༢༠༡༠ ནས་བོད་ཀྱི་ནང་ཆོས་རྒྱལ་ཡོངས་སློབ་ཚན་གྱི་ནང་དུ་བཞག་རྩིས་འདུག ཡར་རྒྱས་སོང་ནས་ཡུན་རིང་ཟིན་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཀྱང༌། རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་བསམ་བློ་དང་གནས་སྟངས་ལ་ཕན་ཐོགས་ཡོད་ན། རིག་གཞུང་རྙིང་པ་དང་མི་རིགས་གཞན་གྱི་སྐད་ཡིག་ནས་བསྒྱུར་པ་རྒྱུ་མཚན་དུ་བྱས་ནས་འགོག་རྐྱེན་གནང་གི་མི་འདུག་པ་མ་ཟད། གསར་འཛུགས་དང་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་གདིང་གི་འདུག ཨི་ཊ་ལི་རྒྱལ་ས་རོམ་དུ་ནུབ་ཕྱོགས་པའི་རིག་ གཞུང་རྙིང་པའི་ཁུངས་གཏུགས་ས་ལ་ཊིན་སྐད་ཡིག་གི་དཔེ་མཛོད་ཁང་ཆེན་པོ་ཞིག་ཡུབ་ སྒོར་ས་ཡ་མང་པོ་འགྲོ་འགྲེམས་གཏོང་ནས་འཛུགས་འདུག་པ་མ་ཟད། ཁུལ་དེ་རང་དུ་ལ་ཊིན་སྐད་ཡིག་གི་སློབ་གྲྭ་ཡོད་པ་དང༌། ལ་ཊིན་སྐད་ཡིག་གི་ཐོག་ནས་ཞིབ་འཇུག་སློབ་མ་ཐོན་མཁན་ཡང་ད་བར་ཡོང་དང་ཡོང་བཞིན་པ་རེད། དེ་ཚོར་རིག་གཞུང་རྙིང་པ་དང་དུས་ཚོད་བརྒལ་ཟིན་པ་རྒྱུ་མཚན་དུ་བཟུང་ནས་སྡུག་སྐད་རྒྱག་མཁན་མི་འདུག་ལ། ལ་ཊིན་སྐད་ཡིག་ཨི་ཊ་ལི་རང་སྐད་མིན་པས་ཆོ་མེད་དུ་རྩི་མཁན་མེད་པ་མ་ཟད། དེའི་སློབ་ཐོན་པ་ཚོར་དམིགས་བསལ་གྱི་རིག་ གཞུང་རྙིང་པའི་མཁས་དབང་ཞེས་མཐོང་ཆེན་གནང་གི་འདུག་པ་དེ་དག་རང་རེའི་རྐྱལ་ སྟོང་ཚོས་མཐོང་ཐོས་བྱུང་མྱོང་ཡོད་མི་སྲིད།
ཨ་རི་བའི་དུས་རབས་མཁས་ཅན་མང་པོས་ང་ཚོ་ཨ་རི་ལ་རིག་གཞུང་ཡོད་པ་མ་རེད་ཅེས། གཉའ་ཆགས་པའི་རྣམ་པ་བསྟན་ནས་ལབ་མཁན་ཕྲན་གྱིས་གོ་མྱོང་གཅིག་པོ་ཡང་ཉུང་ཉུང་མིན།
རྒྱ་གར་གྱི་གྲོང་ཁྱེར་རྙིང་ཤོས་ཝཱ་ར་ཎཱ་སི་ལེགས་སྦྱར་སློབ་གྲྭ་ཆེན་པོའི་ནང༌། ལེགས་སྦྱར་གྱི་སྐད་ཡིག་གཙོས་འཕགས་ཡུལ་གྱི་ སྐད་རིགས་བཞི་དང་རིག་གནས་ལྔའི་སྲོལ་རྒྱུན་འཛིན་སྐྱོང་ད་བར་གྲ་མ་ཉམས་ཤིང་ གྲུ་མ་ཞིག་པར་གནས་མུས་ཡིན་ལ། འཛིན་སྐྱོང་དེའི་ཆེད་དུ་ལོ་རེར་རྒྱ་གར་གཞུང་གིས་ཧིན་སྒོར་དུང་ཕྱུར་ལྷག་གི་འགྲོ་འགྲེམས་བཏང་དང་གཏོང་བཞིན་པ་རེད། དེའི་ཐོག་རྒྱ་གར་དབུས་གཞུང་འཛིན་སྐྱོང་དང་གྲོས་ཚོགས་སུས་ཀྱང་ད་བར་རིག་གཞུང་རྙིང་པ་དང༌། དུས་ཚོད་བརྒལ་ཟིན་པ། ཕན་ཐོགས་མེད་པ་བཅས་ཀྱི་གཏན་ཚིགས་བཀོད་ནས་འགོག་རྐྱེན་བཟོ་མཁན་བྱུང་མྱོང་མི་འདུག་ལ་ཕྱིན་ཆད་ཀྱང་ཡོང་དོགས་ཁ་ཕོ་མ་རེད། དེ་བཞིན་རྒྱ་གར་བའི་ཤེས་ཡོན་པ་སུས་ཀྱང་ཁོར་ཡུག་དེར་འགོག་རྐྱེན་བྱས་རབས་མེད་ལ་བྱས་ཀྱང་ཐུབ་ཐབས་ཡོད་པ་མ་རེད།
ཡར་རྒྱས་འགྲོ་ཟིན་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རང་རང་གི་སྲོལ་རྒྱུན་གྱི་རིག་གཞུང་ནི་ཤིན་ཏུ་གལ་ཆེ་རྩི་བཞིན་ཡོད་པ་མ་ཟད། སྲོལ་རྒྱུན་རིག་གཞུང་ཆུང་ཚགས་ཚུན་ཆད་ཀྱང་གཅེས་ཉར་དང་རྒྱུན་འཁྱོང་བྱེད་བཞིན་ཡོད། དཔེ་མཚོན་འགའ་ཞུ་ན། ཧཕ་རན་སི་རྒྱལ་ས་པེ་རི་སི་ནང་ཁང་པ་གསར་པ་ག་འདྲ་ཞིག་བརྒྱབ་ནའང༌། ཁང་པའི་བཟོ་བཀོད་ལྷན་ཚོགས་ཀྱིས་ཧཕ་རན་སི་ གནའ་བོའི་ཁང་པའི་སྒྲིག་བཀོད་གཞི་ལ་བཞག་ནས་དོ་བདག་སོ་སོའི་མ་རྩའི་འཁོས་བབ་ལ་ དཔོག་པའི་ཁང་པའི་བཟོ་བཀོད་གཏན་འབེབས་བྱེད་སྲོལ་གཞི་བཟུང་གིས་ཁང་ལས་བྱེད་ ཀྱི་ཡོད་པ་ལ་བརྟེན་ནས། ད་ལྟའི་དུས་རབས་ཉེར་གཅིག་པའི་སྐབས་སུ་འང་ཡུ་རོབ་སྟོབས་ཅན་རྒྱལ་ཁབ་ཧཕ་རན་སིའི་སྐད་གྲགས་ཆེས་ཆེར་ལྡན་པའི་རྒྱལ་ས་པེ་རི་སི་ནི། དུས་རབས་བཅུ་གཅིག་དང་བཅུ་གཉིས་ཡན་མན་གྱི་བཀོད་པ་དང་མཚུངས་པ་ཡོད་ལ། གྲོང་ཁྱེར་སྐད་གྲགས་ཅན་གཞན་སུས་ཀྱང་དོ་ཟླ་མི་ཆོག་པའི་བརྗིད་ཉམས་ལྡན་པ་མཐོང་ཆོས་སུ་ཡོད།
ཨི་ཊ་ལི་རྒྱལ་ས་རོམ་དུ་ཆེས་སྐད་གྲགས་ཡོད་པ་དང་ལོ་རྒྱུས་ཀྱི་འགྲེལ་བརྗོད་ཧ་ཅང་རིང་བའི་རྒྱལ་ཁང་དང༌། ལྷ་ཁང༌། དགོན་པ། རྡོ་བརྐོས་རིགས་སོགས་སྨྲོས་མེད་ཐོག མཐའ་ན་ལོ་རྒྱུས་ཀྱི་འགྲེལ་བརྗོད་ལྡན་པའི་ ཁྲོམ་གཞུང་གི་རྡོ་རྩིག་ཆུང་ངུ་ཚུན་ཆད་ཀྱི་ཆ་ཤས་ཕྲ་མོ་ཙམ་རེ་ཡང་གཏོར་བཅོམ་ མི་ཆོག་པར་གཅེས་ཉར་བྱེད་བཞིན་ཡོད།
འཛམ་གླིང་ཐོག་དམངས་གཙོའི་ཨ་མར་གྲགས་པ་[3][3]དབྱིན་ ཇི་དམངས་གཙོའི་སྲིད་གཞུང་གི་སྲིད་འཛིན་ཁྲི་འདོན་བྱེད་ས་དབྱིན་ཇི་རྒྱལ་ཁང་ ནང་གི་དེ་སྔོན་དབྱིན་ཇི་རྒྱལ་པོ་བཞུགས་སའི་ཁྲི་སྟེགས་དེ་ག་རང་ཡིན་ལ། དམ་འབུལ་བྱེད་སྐབས་ཀྱང་སྟོན་པ་ཡི་ཤུ་དཔང་དུ་བཙུགས་ནས་བྱེད་སྲོལ་ལས། རྒྱལ་ཁང་རྙིང་པ་དང་ཆོས་ལུགས་རྙིང་པ་རེད་ཅེས་སྐྱོན་འཛུགས་བྱེད་མཁན་དང་རྒོལ་རྡུང་བྱེད་མཁན་སུ་ཡང་མེད།
དུས་རབས་བཅུ་དྲུག་པའི་ནང་བྱུང་བའི་ཤེ་སི་ཕི་ཨས་[4][4]བྲིས་པའི་སྒྲུང་རྩོམ་དང༌། སྙན་ངག་རྣམས་ད་ལྟའི་བར་སྐད་རིགས་བཅུ་ཕྲག་དུ་མའི་ནང་བསྒྱུར་ནས་འཛམ་གླིང་གང་སར་ཁྱབ་བརྡལ་འགྲོ་དང་འགྲོ་བཞིན་པ་ཡིན་ལ། དབྱིན་ཇི་རང་གིས་ཀྱང་རྩོམ་རིག་དེ་རིགས་རྒྱལ་ཡོངས་སློབ་གྲྭའི་སློབ་ཚན་དུ་བཞག་པའང་ཉུང་ཉུང་མིན། ཁོང་རྒྱུན་རིང་བཞུགས་མྱོང་ས་དབྱིན་ཇི་རྒྱལ་ཁང་ནང་གི་ཁང་མིག་གཅིག་ཏུ་ཤེ་སི་ཕི་ཡ་བཞུགས་ནས་སྙན་ངག་དང་སྒྲུང་རྩོམ་མང་པོ་བྲིས་མྱོང་པ་རེད། ཅེས་ད་ལྟའང་ཆེ་མཐོང་བྱེད་པ་མ་གཏོགས། དེ་རིགས་ལ་མི་རྙིང་པ་དང༌། རྩོམ་རྙིང་པ། རྒྱལ་ཁང་རྙིང་པ་ཞེས་མཐོང་ཆུང་བྱེད་མཁན་སུ་ཡང་མེད། ངས་འདིར་ཆེད་གཉེར་གྱིས་ནུབ་ཕྱོགས་པའི་སྲོལ་རྒྱུན་དང་བྱ་སྤྱད་མང་པོ་ཞིག་ལུང་འདྲེན་དང་དཔེ་མཚོན་དུ་བགྲང་པའི་རྒྱུ་མཚན་ནི། སྲོལ་རྒྱུན་ལ་སྡང་བའི་རང་རེའི་བྱིས་པ་ན་མ་སོན་པ་ཁྱུ་གཅིག་གིས། རང་ཉིད་དང་རང་ཉིད་ཀྱི་མི་རིགས་རིག་གཞུང་དང་བཅས་པ་རྗེས་ལུས་ཡིན་པའི་རྒྱུ་མཚན་མཐའ་གཏུགས་ས་དེ། ནུབ་ཕྱོགས་པའི་བྱ་སྤྱོད་ལ་བལྟས་ནས་ཡིན་པས། འདིར་ནུབ་ཕྱོགས་པའི་གནས་སྟངས་ཀྱི་ཆ་ཤས་སྤུ་ཉག་གི་ཚད་ཙམ་རེ་གཉིས་བགྲངས་ནས་གསལ་བཤད་བྱས་པ་ཡིན།
                                                རང་རེའི་ཁྲོད་ནས་ཆེས་སྔོན་ཐོན་དང༌། ཆེས་རྩེ་ཏོག་ཏུ་འཇོག་སའི་མཁས་པ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་ལྟ་བུ་ཡང༌། རང་རེའི་སྲོལ་རྒྱུན་ཙམ་དུ་མ་ཟད། རྒྱ་གར་བའི་སྲོལ་རྒྱུན་སྤྱི་དང༌། ལྷག་དོན་ལེགས་སྦྱར་གྱི་སྐད་ཡིག་གཉིས་ལ་ཇི་ཙམ་གྱིས་དོ་སྣང་བྱས་འདུག ཐུགས་ཡིད་མི་ཆེས་ན་ཆོས་ཚིགས་སུ་བཅད་པའི་འགྱུར་བྱང་ལ་གཟིགས་དང༌། ཁོང་གི་ཕྱག་བྲིས་ཞིག་གི་ནང༌། དེང་སང་དགོས་པའི་ལེགས་སྦྱར་གྱི་སྐད་ཡིག་སྦྱོང་བཞིན་ཡོད་ལ། མི་དགོས་པའི་ཕྱི་གླིང་གི་སྐད་ཡིག་ཀྱང་སྦྱོང་གི་ཡོད་ཚུལ་བཀོད་འདུག་པ་འདིས། དགེ་ཆོས་ཁོང་ཉིད་སྐད་ཡིག་རྙིང་པ་དང་རིག་གཞུང་རྙིང་པ། མི་རིགས་གཞན་གྱི་སྐད་ཡིག་བཅས་ལ་རིན་ཐང་འཇོག་མཁན་ཞིག་རེད་འདུག་གམ། ཡང་ན་ཁྱོད་ཅག་གིས་འདོད་པ་ནང་བཞིན་གསར་གཏོད་པ་ཞིག་རེད་འདུག དེ་བས་རང་རེའི་མཁས་པ་དགེ་འདུན་ཆོས་འཕེལ་ནི་བསྙེན་རྫོགས་སྒྲུབ་ནས་གཞང་ཁང་འགྲིམས་པ་དང༌། ཆོས་གོས་གོན་ནས་ཆང་ཁང་ཉུལ་བའི་གསར་གཏོད་པ་ཞིག་རེད་ཟེར་ན་ཕལ་ཆེར་ཡིན་སྲིད། དེ་ལས་གཞན་གསར་གཏོད་ཀྱི་མཁས་པར་བགྲང་པ་ལས་སྲོལ་རྒྱུན་གྱི་མཁས་ཆེན་ཞིག་ཏུ་བརྩི་ན་གནས་ལུགས་དང་ཤིན་ཏུ་འཚམ་པ་སྣང༌།
ཚོན་རྩི་བཀྲ་བའི་འགྱིག་དང་ཤོག་བུ་ཡིས།།
མཚོན་ནུས་མ་ཡིན་རིན་ཆེན་གསེར་གྱི་ཁམས།།
གངས་ཅན་ལྔ་རིག་སྲོལ་རྒྱུན་གཙང་མའི་གཏེར།།
ནམ་ཡང་མི་ནུབ་བླ་ན་འབར་གྱུར་ཅིག།།
ཤིས་སྨོན་བཅས་རྒྱ་བོད་གཙུག་ལག་ཤེས་བྱ་རིག་པའི་གནས་ཕལ་བོ་ཆེ་ལ་འཆད་རྩོད་རྩོམ་པའི་བློ་གྲོས་ཀྱི་སྤོབས་པ་དགེ་ཡང༌། ཐོས་དོན་རྒྱུད་ལ་སྦྱར་བའི་ཉམས་ལེན་གྱི་སྐལ་བས་དབུལ་བ་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་བས། དྷ་ས་གངས་སྐྱིད་སྤྱི་ལྷན་དུ་དུས་སེང་ནམ་ཡོད་ལ་བྲིས་ཏེ། སྤྱི་ལོ་༢༠༡༠ཟླ་ ༡ ཚེས་ ༡༦  ཉིན་མཇུག་རྫོགས་པ་བྱས་པ་དགེ་ལེགས་འཕེལ།







[1][1] ཤེས་ཡོན་སྲིད་ཇུས་ནང་གསལ།

[2][2] སྲོལ་རྒྱུན་གྱི་བོད་བཟོ་ཕལ་པ་ལ། རྒྱུ་རྡོ་ལ་བརྟེན་པའི་རྡོ་ཁང་དང༌།   རྡོ་སྐས། རྡོ་ཟམ།   རྡོ་གཞོང༌། རྡོ་གཏུན། མཆིག   རྡོ་རིལ།   རྡོ་ཕོར། རྡར། རྡོ་ཕུར།   རྡོ་པར།   རྡོ་རིང༌། རྡོ་སྒྲོམ། རྡོ་ཁྲི། མཆོད་རྟེན། རྒྱ་རྡོ། ཉག་རྡོ། རྡོ་གཅལ། རྡོ་འབུམ།   ཕང་ལོ།   རྡོ་ཤོ། རྡོ་ཐབ། རྡོ་ཏིང༌།   རྡོ་ཐེམ་སོགས་དང༌། ཤིང་གི་རྒྱུ་ཆ་ལས། ཀ་བ་དང༌། གདུང་མ། ལྕམ། སྒོ། སྒེའུ་ཁུང༌། ཤིང་ཁང༌།   རྒྱག་དབྱུག   སྦར་མོ། སྐས། སྒམ།   ཁྲི། ཀུན་དགའ་ར་བ། ཤིང་ཟམ། ཤིང་ཕོར། ཟོ་བ། ཟེའུ།   མདོང་མོ།   ཤིང་སྡེར༌།   ཤིང་སྐྱོགས། ཤིང་གཏུན། ཁྲུས་གཞོང༌།   གླིང་བུ། རྒྱ་གླིང༌།   རྒྱ་མ།        ཅོག་ཙེ།   ཁེམ། ཤིང་པར།   ཤིང་བྱང༌། ཤིང་སྤུག   ཤིང་གཞུ།   ཐིག་ཤིང༌།   མདའ་ཤིང༌།   ཡུ་བ་སྣ་ཚོགས། ལྤགས་ཤད༌། འཐག་ཁྲི། ཁྱོགས།   རྐང་ཀྲབ།   ཕུར་བ།   ཆ་རུ།   སྣ་གཅུ།   སྒ གླེགས་ཤིང༌།   མཆོད་ཁྲི།   ཤིང་རྔ༌། ཤིང་སྨྱུག གྲུ་གཟིངས།   ཤིང་གྲི།   རྩིས་གཞོང༌།   གཙབ་གདན།   ཤིང་ཐེལ།   ཕང་སོགས་མང༌།   རྒྱ་ལྕགས་ལས་བྱས་པ་མདའ་གྲི་མདུང་གསུམ་དང༌།   ཁབ།   འབིག   བོའུ་རྭ་རིང༌།   ལྕགས་ཐག   འཛེར་མ།   ལྕགས་ཐབ། སྟ་རེ། སོག་ལེ། ཐོ་བ། གཟོང༌། གསོར། ལེན། གཙག་བུ། མེ་ཆ། ལྕགས་ཁེམ། ཟྭ། ལྡེ་མིག ཟོར་བ།   འཇོར། ལྕགས་ལུང༌། སག་རྡར།   ལྕགས་སྒྲོག   ལྕགས་སྦུག    ལྕགས་སྐོར། ལྕགས་ཚགས།   ལྕགས་གཞོང༌།   ལྕགས་སྒམ།   ལྕགས་ཐུར།   ལྕགས་གས་ཕོར།   ཁྲབ་རྨོག་སོགས།   གསེར་དངུལ་གྱི་མཆོད་ཆ་དང་རྒྱན་ཆ་སྣ་ཚོགས། ཀོང༌། འཁར་ཟངས།   འཁར་རྫེའུ། རག་དང་ཟངས་ཀྱི་ཁོག་མ། ཏིང༌། དུང་ཆེན། སྤྱོས། ཁེམ་བུ། ཀ་ཏོ་ར། ཀོང༌སོགས། རྫ་ཆས་ལས་རྫ་ཁོག་དང༌། རྫ་ཕོར། སྣག་གཞོང༌། འོ་རྫ། བུམ་པ། སྤོས་ཕོར། ཝ་ཁ།   གཡུ་རྫ། རྫ་པར། རྫ་སླང་སོགས་དང༌། རྒྱུ་རྩིད་པའི་རེ་ལྡེ་དང༌། ཕྱར་བ།   སྒྱེ། མིག་ར། སྦྲ། སྟན། ཐག་པ། རྩི་སྐུད།  འུར་ཆ། རྔ་ཐུག རྔ་གདུགས།   རྔ་གཡབ་སོགས་དང༌། བལ་ལས་སྣམ་བུ་དང༌།   ཐག་པ།   སྐུད་པ།   ཐེར་མ། གྲུམ་ཙེ།   ས་གདན།   སྟན།   རྐང་འབོལ། སྤུ་རུག   ཕྲུག   ཕྱིང་པ།   ཕྱིང་ཞྭ། ཕྱིང་ལྷམ།   བལ་ཕྱར།   ཐུལ་པ་སོགས་དང༌།   ཀོ་བ་ལ་བརྟེན་པའི་འབྲེང་པ་དང༌།   རྒྱུན་བུ།   ཀོ་ལྷམ། སྐེད་འཆིང༌།   སྒྲོ་བ། ཀོ་སྒམ། ཀོ་ཁུག ཀོ་གྲུ། རྐྱལ་པ།   ཀོ་ཚགས།   ཀོ་སྒྲོག   ལྕག་ཚན།   གྲི་ཤུབས། ཀོ་དམ།   ཀོ་གདན། ཀོ་རྡར།   ཀོ་སྡེར།   ཀོ་གཞོང༌།   ཀོ་སྤྱིན། ཀོ་ཕྱར།   ཀོ་འབོ་སོགས་དང༌།   པགས་པ་ལས་སློག་པ་དང༌།   སྲམ་སྐོར།   གཟིགས་སྐོར།   ལྤགས་ཞྭ། ལྤགས་ལྷམ། ཐུལ་པ། ལག་ཤུབས། ལྤགས་གདན། སྨད་གཡོག   རྔ་སོགས་དང༌།   གཞན་སྟག་གཟིག་སོགས་གཅན་གཟན་དང༌། ཝ་འཕྱི་སོགས་རི་དྭགས་ཀྱི་པགས་པའི་བཟོ་ཚོགས་ཀྱང་མང་ལ།   རྒྱུ་ས་ལ་བརྟེན་པའི་གྱོ་མོ་སོགས་དང༌། རྒྱུ་རྡོ་ལ་བརྟེན་པའི་རྩིག་བཟོ་དང༌།   རྡོ་རྐོ་སོགས། རྒྱུ་རྩི་ཤིང་ལ་བརྟེན་པའི་སྨན་དང་སྤོས་སྦྱོར། ཤོག་བུ་སོགས་དང༌། སྣམ་ཕྲུག རེའུ་ལྤགས་ལ་བརྟེན་པའི་བཟོ་སྣ་ཚོགས། རུས་པ་ལས་རྐང་གླིང་དང་གང་ཟག་རྭ་ལས་ཟོ་ཆུང་དང་ཁེམ་བུ། སྣ་རུ། ནུ་རྭ། ཆུ་རྭ།   རྭ་ཐེའུ།   གྲི་ཡུ། རྭ་དུང༌། རྭ་རྒོད་སྒྲ་སྙན། རྭ་མདུངས། མགྱོགས་རྭ། ཐ་ན་སྒྲོ་ལ་བརྟེན་ནས་བཟོས་པ་རྨ་བྱའི་སྒྲོ་གུར་དང༌། མདའ་རྒོད་སྒྲོ་མ་སོགས་དང༌།         ཟས་གཡོས་སྦྱོར་དང་གོས་འཚེམས་བཟོའི་ཁྲོད་ནའང་པ་ཏྲའི་གོ་རེ་དང༌།   ཁབ་སྐུད་ཀྱི་གཙགས་བཟོ་སོགས་མང་བ་ནི་རེ་རེ་བརྗོད་ཀྱི་མི་ལང་བའི་གནས་སོ། 

[3][3] དབྱིན་ཇི་སྲིད་གཞུང་ལ་འཛམ་གླིང་ཐོག་དམངས་གཙོའི་ཨ་མར་Matter of Democrscyཞེས་གྲགས་པ་ཡིན།

[4][4] ཤེ་སི་ཕི་ཨ་ShakesPeare 1564-1616.23.52ཁོང་གིས་དབྱིན་ཡིག་ཐོག་ཆེས་ཕུལ་དུ་བྱུང་བའི་ཟློས་གར་འཁྲབ་གཞུང་༣༨ དང༌། སྙན་ངག་ཕྱོགས་སྒྲིག་ཐིག་ཕྲེང་༡༤ཅན་༡༥༤ ཙམ་སྤེལ་ཡོད། འདི་དག་སྐད་རིགས་མི་འདྲ་བ་ཕལ་ཆེ་བའི་ནང་བསྒྱུར་ཟིན་པས། དེང་སང་བར་སྒྱུ་རྩལ་རྩོམ་རིག་ཐོག་འདིའི་རྩོམ་ཆོས་ལས་ཁྱབ་བརྡལ་ཆེ་བ་བྱུང་མྱོང་མེད། དབྱིན་ཡུལ་ལོན་ཌོན་གྲོང་ཁྱེར་གྱི་འགྲེམས་སྟོན་ཁང་ཕལ་ཆེ་བའི་ནང༌། ཁོང་གི་པར་རིས་དང་ཁོང་གི་ལོ་རྒྱུས། ཁོང་གི་རྩོམ་རིག་བཅས་ཡོད་པ་མ་ཟད། ཁོང་ཕེབས་མྱོང་སའི་དབྱིན་ཇི་རྒྱལ་ཁང་སོགས་སུ་ཆེད་མངགས་ཀྱི་ཁང་མིག་ཟུར་གཅོད་ཀྱི་འགྲེམས་སྟོན་ཁང་ཡང་འདུག