༄༅། །བོད་ལྗོངས་ལྷ་མི་ཡོངས་ཀྱིས་དད་མོས་རྩེ་གཅིག་གིས་ལུགས་གཉིས་ཀྱི་འདྲེན་པ་མཆོག་ཏུ་མངའ་གསོལ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཆེན་པོའི་ཕྱག་ཐམ།

སེམས་འཚོར་དམར་པོ།

སེམས་འཚོར་དམར་པོ།
འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།

ཟིན་བྲིས་རྣམས་གྲངས།

དྲང་སྲོང་རྒན་པོའི་ལྟ་གྲུབ།

ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།།སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།།སུ་དང་གང་གིས་འཇུ་ཡང་མི་ཟིན་པ།།བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།
ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།།དེ་རིང་གཡའ་དག་མཁའ་ནས་ཉི་གཞོན་འཛུམ།།གནམ་སའི་གཤིས་ལུགས་ངེས་མེད་འགྱུར་བ་འདི།།འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།
འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།།རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།།གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།།དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།
བྱང་ཐང་བྱེ་མ་སྤུངས་པའི་ཇག་ལམ་ན།།མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།།ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།།གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།
གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།།ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།།སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།།སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།
2007/3/26/བྲིས།

གདུང་བའི་སྨྲེ་ངག


གཉིད་ནི་རྨོངས་དང་འཐོམ་པའི་ཆ་ལག་ཕྱིར།།སུ་དང་གང་གིས་བསྟོད་པ་མི་བྱེད་མོད།།རྨི་ལམ་གྲོང་ཁྱེར་འགྲིམས་པའི་ལྟད་མོ་ལ།།གཟིགས་ན་གཉིད་ལ་མི་བསྟེན་མཐུ་མེད་ཡིན།།ངོས་འཛིན་གཏོད་སོ་མེད་པའི་བར་སྣང་གི།།མཛེས་མཚོན་ཁ་དོག་བཀྲ་བའི་འཇའ་རིས་སྣེ།།འཁྲུལ་སྣང་ཨ་ཐས་ཟབ་པའི་བོད་རྒན་ཚོས།།རེ་བས་ཤི་འཐམ་བྱས་པའི་རྨི་ལམ་རིང༌།།གཞན་འཚང་སྔོག་པའི་ཕག་གི་མཆུ་ཏོ་ལ།།རང་འཚང་སྐྱག་པ་འགོས་པའི་དྲི་ངན་གྱིས།།དངོས་དོན་བདེན་པའི་དྲི་བསུང་འཐུལ་བ་ལ།།ཕན་པའི་རེ་བ་བཅོལ་པའི་འཁྲུལ་སྣང་ཟབ།།ཟླ་འོད་མུན་པས་ཟོས་པའི་མཚན་མོ་ན།།ནག་ཅན་རྐུན་མའི་གྲིབ་གཟུགས་མ་མཐོང་བར།།འབ་སྒྲས་གནམ་ས་དབྲལ་བའི་ཁྱི་རྒན་ལ།།རེ་བའི་བློ་གཏོད་བྱས་པའི་ལྷ་སྒྲུང་སྙན།།སྤང་རྒྱན་མེ་ཏོག་བཀྲ་བའི་གླིང་ཁ་ན།།ཕྱེ་མ་ལེབ་ཀྱིས་འཕུར་ལྡིང་རྩེན་པའི་རྗེས།།བསམ་མེད་བྱིས་པ་རྒྱུག་པའི་རྡོག་སྣེ་ནས།།གཡང་སའི་རྡོ་ལ་བརྡབས་པའི་ངུ་རྒྱངས་ཐོས།།ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་དུ།།འཁྱགས་པས་ས་གཞི་བསྡམས་པའི་སྲུབ་ཀ་ནས།།ལྗང་མདོག་མྱུ་གུ་འབུས་པའི་རེ་བ་འདིས།།མེས་པོའི་སྙིང་ལ་འཇའ་ཡི་ཁང་བཟང་བསྐྲུན།།བསམ་གཞིགས་འཁྱགས་ལ་འབྱར་བའི་གྲང་ལྷག་གསེབ།།རྣམ་རྟོག་བུ་ཡུག་འཚུབ་པའི་དུར་ཁྲོད་ན།།ཕ་མེས་སྟོང་གི་རྣམ་ཤེས་ཐིམ་པའི་ཤུལ།།རེ་བའི་ལྷག་མ་འཇགས་རྩྭ་སྐམ་པོ་ཙམ།། ༢༠༠༧.༣.༢༠ ལ་བྲིས།

ཕྱིར་དྲན།

རི་རྩེ་ཁ་བས་ཉིན་རེ་ཉིན་རེར་བསྟིམས།།ནགས་ཀྱི་ཤིང་ལོ་རིམ་གྱིས་རིམ་གྱིས་ལྷུང༌།།ད་ནི་ཁོར་ཡུག་མཛེས་པའི་རྣམ་ཤེས་འདིའང༌།།དགུན་འཁྱགས་ལྷགས་པའི་རུམ་དུ་འབྱར་བར་ངེས།།ད་ནངས་བྱེ་འུའི་གསུང་སྙན་མ་ཐོས་གོང༌།།ཞོགས་རླུང་བསིལ་མོས་ཕྲ་ཡོལ་ཁད་ཀྱིས་ཕྱེས།།མགོ་བོ་སྔས་ལ་འབྱར་བའི་རྨི་ལམ་ཡང༌།།གཟུགས་མེད་རླུང་བུ་ལྡང་བས་ཧད་ཀྱིས་དཀྲོགས།།དབྱར་དགུན་སྟོན་དཔྱིད་ཤོག་ལྷེ་བསྒྱུར་བ་བཞིན།།དུས་བཞི་ཤུགས་ཀྱིས་ལོ་ཡི་འཁོར་ལོ་བསྐོར།།མི་ལོ་བཅུ་བདུན་ས་མཐར་དལ་གྱིས་རྫོགས།།དྲན་ཤེས་བསྣོལ་མས་སེམས་ཀྱི་ཚོར་འདུ་བཀྲུགས།།ལྟེ་ཁྲག་གང་དུ་འཕོས་པའི་ཕ་ཡུལ་དང༌།།བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་ཕ་མ་ཟུང༌།།ཤ་ཁྲག་གཅིག་པའི་སྤུན་ཉེ་གྲོགས་པོ་སོགས།།རི་ཁྲི་ཆུ་སྟོང་བརྒལ་བའི་ཕ་རོལ་ལུས།།མི་ཡུལ་འཁྱམས་པ་མི་ཡི་ལས་དབང་སྟེ།།ལྷ་ཡུལ་སླེབས་པའི་རེ་བ་བདག་ལ་མེད།།རང་ལུས་རང་ལ་དབང་བའི་ལས་དབང་ཞིག།མི་མངོན་གནམ་གྱི་དབྱིངས་ནས་གནང་རོགས་གྱིས།།
Powered by Blogger.

འཁྲུལ་སྣང༌།


ཡ་ཀི་རྩ་གསུམ་ལྷ་ཡུལ་མན་ཆད་ནས།།མ་ཀི་རྡོ་རྗེའི་དམྱལ་ཁམས་ཡན་ཆད་ན།།བྱ་བྱེད་བསྣོལ་མ་འཐབ་པའི་འཁྲུལ་སྣང་འདི།།སྒྱུ་རྩལ་སྙན་ངག་སྨྲ་བའི་ལྟད་མོ་ཞིག།
ཕ་རྒན་མུ་གེས་ཤི་བའི་དུར་ས་ན།།བུ་རྒྱུད་ཕྱུག་པོས་ཐུགས་སྤྲོ་བཏང་བྱས་ཏེ།།རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་པ་ཡིས།།རྣམ་ཤེས་འཁྱམས་པོ་འགུག་པའི་མགྲོན་བརྡར་སྨྲ།།
མ་རྒན་ཆང་སར་ཆས་པའི་རྟེན་འབྲེལ་ཐོག།བུ་མོས་བྲོ་གར་ཁྲབ་པའི་གླུ་གཞས་ཀྱིས།།ཆང་དང་སྦི་རག་མཆོད་པའི་སྐུ་མགྲོན་ཚོར།།སེམས་ཁམས་རླུང་གིས་བཀྱགས་པའི་འཁྲུལ་སྣང་སྟེར།།
ཡོད་ཚད་མཇེ་ཡིས་ཕུང་པའི་སྔགས་རྒན་དང༌།།དད་རྫས་སྟུ་རིན་སྤྲོད་པའི་གྲུབ་རྫུན་གཉིས།།རྨོངས་དད་བྲག་གི་བཙན་རྫོང་བརྩེགས་པའི་ནང༌།།བག་མེད་ཤ་ཆང་རོལ་བའི་འཁོར་ཚོགས་རྒྱས།།
སྔགས་ནག་གཅོད་པས་ལྷ་འདྲེ་གཡབ་མོ་བྱེད།།བསམ་མེད་བྱིས་པས་ཁྱི་སྨྱོན་རྡོ་ཡིས་རྡུང༌།།རྙོག་འཛིང་གཡབ་མོ་བྱེད་སའི་གྲུ་ག་འདིར།།ལྷིང་འཇགས་རེ་བ་མཚན་མོའི་རྨི་ལམ་ཙམ།།

སེམས་ཚོར་དམར་པོ།

རི་སུལ་ཁ་བས་བསྟིམས་པའི་ལྷག་རླུང་གསེབ།།རྣམ་ཤེས་རླུང་དང་འགྲོགས་པའི་བ་དོའི་ལུས།།གོས་མེད་གཅེར་བུར་འགྲིམས་པའི་སྐྱོ་གར་ལ།།བརྩེ་སེམས་གོས་བཟང་སྐོན་པའི་བྱམས་ལྡན་སུ།།མེ་མདའི་བུ་ཡུག་འཚུབ་པའི་གཡུལ་ས་ན།།ཚེ་སྲོག་རླུང་གིས་བདས་པའི་ཉམས་ཐག་འབུམ།།ཟུངས་ཁྲག་ཡུར་ཆུ་འཐེན་པའི་གཤིན་ཐང་ནས།།བདག་མེད་བམ་རོས་ཁེངས་པར་སུ་ཡིས་གཟིགས།།ལས་དབང་སྔས་སུ་བྱས་པའི་ལྷོ་མཐའ་ནས།། མིག་ཆུས་གདོང་རིས་བརླན་པའི་ངུ་རྒྱངས་ཀྱིས།།བྱང་བརྒྱུད་ཁ་བས་གཡོག་པའི་དུར་ས་ན།།རྒྱང་རིང་མིག་གིས་ཅེར་བ་སུ་ཡིས་གཟིགས།།གཞན་གནོད་བཞི་ལས་ལྡོག་པའི་སྲིད་དོན་གྱིས།།ཐར་པའི་ཁང་བཟང་མཛེགས་པའི་ལམ་ཟུར་ནས།།ཕ་ས་དོན་དུ་གཉེར་བའི་རྨི་ལམ་ལ།།རེ་བའི་རྨི་ཐག་འཕྱངས་པ་སུ་ཡིས་གཅོད།།ཡར་གི་གསེར་གྱི་ཉི་མའི་འོད་སྣང་འོག།མར་གི་འདུ་ལོང་འཚུབ་པའི་ལྷིང་འཇགས་སྣེ།།རྟག་བརྟན་ཐེར་ཟུག་འཛིན་པའི་འཁྲུལ་སྣང་ལ།།མི་རྟག་སྒྱུ་མའི་རང་ངོ་སུ་ཡིས་སྤྲོད།།མི་ཡུལ་སྔས་སུ་བྱས་པའི་གྲུ་ཁ་ན།།མི་ལོ་ལྔ་བཅུ་ཟིན་པའི་མཇུག་སྣེ་ནས།།མི་ནུས་གདམ་བྱ་མང་བའི་མིག་འཁྲུལ་གྱིས།།བྱིས་པའི་སེམས་ཁམས་བསླུས་པ་སུ་ཡིས་དཀྲོགས།།དགྲ་ལ་ཞི་མོལ་རེ་བའི་འཛུམ་མདངས་ཕག།གཉེན་ལ་རྒྱུག་རྡུང་ཕོག་པའི་ན་ཚ་ཡིས།།ཀི་ཅོས་གནམ་ས་དབྲལ་བའི་ཁོར་ཡུག་ན།།གཉིས་ཕན་འབྲས་བཟང་སྨིན་པ་སུ་ཡིས་རེ།།ནམ་མཁའི་འཇའ་རིས་མིག་གི་ལྟད་མོར་མཛེས།།སྤྲང་པོའི་གླིང་བུ་ཕྱུག་པོའི་རྣ་བར་སྙན།།ཞི་བའི་ལྟ་གྲུབ་བྱིས་པའི་བུ་རམ་གྱིས།།བཀྲེས་ལྟོགས་སེལ་བའི་ལོག་རྟོག་སུ་ཡིས་བཟློག།ཕ་རྒན་བསད་ནས་ཞགས་གསུམ་མ་ལོན་གོང༌།།ཕ་མེད་དྭ་ཕུག་འཁྱམ་པོས་ཁ་བཏགས་སྣེ།།ཕ་བསད་དགྲ་བོའི་མགུལ་ལ་འཐེན་པ་འདི།།ཕ་བཟང་བུ་ཡི་གྲལ་གསེབ་སུ་ཡིས་བཞག།ཁ་འདི་འཕྲེད་དུ་ཕྱེས་པའི་རྟེན་འབྲེལ་གྱིས།།འཕྲེད་འཕྲེད་གཏམ་ལ་རྫོགས་མཐའ་མི་འདུག་པས།།སེམས་ཀྱི་ཁྱེའུ་ཆུང་ངུས་པའི་མིག་ཆུ་རིས།།འཕྲེད་དུ་འབབ་པའི་སྙན་ཚིག་འདི་ཉིད་སྤེལ།།
སྤྱི་ལོ་༢༠༠༨ཟླ་བ་༣ཚེས་༧ཉིན་བྲིས།

དྲན་པའི་སྐྱོ་གདུང༌།


འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།སྐྱིད་པའི་ཕ་ཡུལ་སླེབས་པའི་སྐལ་བ་དེ་མེད་འདྲ།།དྲིན་ཅན་ཕ་མ་མཇལ་བའི་ལས་འཕྲོ་དེ་མི་འདུག།དྲན་གདུང་སེམས་ཀྱི་མིག་ཆུ་ཁོག་པ་ལ་གཞུར་ནས།།མི་ཚེ་ས་མཐར་བསྐྱལ་བའི་ལས་དབང་འདི་སྐྱོ་བ།།སྤུན་མཆེད་གཉེན་ཚན་དུ་མའི་ཞལ་པར་ཙམ་ཐོས་བྱུང༌།།སྐབས་འགར་པར་དང་བརྙན་ཕབ་ལྟད་མོ་ཙམ་མཐོང་ཡང༌།།ཕན་ཚུན་ལྷན་དུ་འཛོམས་པའི་གོ་སྐབས་དེ་བརླགས་ནས།།མི་ཚེ་ཕལ་ཆེར་མི་ཡུལ་ལུང་པ་ལ་རྫོགས་སོང༌།།སྐྱེས་ས་འཚར་ས་བསིལ་ལྡན་བོད་ལྗོངས་ལ་ཡིན་ཡང༌།།རྒ་ས་ཤི་ས་ལྷོ་མཐའི་ཚ་བ་ནང་ངེས་པས།།རྒྱུས་མེད་མི་ཡུལ་འཁྱམས་པའི་ཉམ་ཆུང་གི་གྲྭ་རྐྱང༌།།བསམ་ཞིང་བསམ་ཞིང་སེམས་སྡུག་ན་བུར་བཞིན་འཐུལ་སོང༌།།མི་བཟད་སྐྱོ་བའི་ཚོར་རླབས་སེམས་ཁོང་ནས་འཕྱུར་ཡང༌།།གདོང་གི་བཤུ་སྐོག་མཉེད་པའི་འཛུམ་ཀོང་འདི་བསྟན་བཞིན།།མི་ཚོགས་འདྲ་མིན་གསེབ་ཏུ་འགྲོ་ཁུལ་རང་བྱེད་པ།།འཇིག་རྟེན་མི་ལུས་ལེན་པའི་ཡ་ཚུལ་ཙམ་ལོས་ཡིན།།
༢༠༠༨.༥.༡༧ཉིན་དགེ་འོས་B.edའཛིན་གྲྭའི་ནང་གནན་ཐབས་མེད་པའི་སྐྱོ་སྣང་ཞིག་གིས་རྐྱེན་བྱས་ཏེ་དཀར་པང་ཐོག་ཐོལ་བྱུང་དུ་བྲིས།

Followers


དྲྭ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Friday, November 11, 2011

རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་བཤད་པ།

            གཉིས་ པ་རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་བཤད་པ་ལ་དྲུག ནི་སྒྲ་བཤད་པ། དང་སྒྲ་བཤད་པ། དེ་སྒྲ་བཤད་པ། སྤྱི་སྒྲ་བཤད་པ། བདག་སྒྲ་བཤད་པ། དགག་སྒྲ་བཤད་པའོ། །དང་པོ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          གང་མིང་མཐའ་དང་མཐུན་པ་ཡི། །
བཞི་པ་ལ་ནི་ཨི་སྦྱར་བ། །
དགར་དང་བརྣན་པའི་ཚིག་ཏུ་འགྱུར། །
ཞེས་ པ་སྟེ། གང་ཡང་རུང་བའི་མིང་ཚིག་གི་མཐའ་དང་མཐུན་པར་སྦྱར་དུ་རུང་བའི་ཕྲད་རྗེས་འཇུག་ བཞི་པ་ན་ཡིག་ལ་དབྱངས་ཨི་སྦྱར་བས། ནི་ཞེས་གྲུབ་པ་དེ་ནི། དགར་བ་དང་ནན་ཏན་དུ་བརྣན་པའི་སྒྲའམ་ཚིག་ཏུ་འགྱུར་རོ། །ཞེས་པའོ། །གཉིས་པ་ འགྲེལ་པ་ནི། ནི་ནི་དགར་དང་བརྣན་པའི་སྒྲ། །ཞེས་པ་སྟེ། དེ་ཡང་ནི་ཞེས་པའི་སྒྲ་དེ་ནི་དགར་གཞི་ལས་ཐ་དད་དུ་དམིགས་བསལ་ནས་དགར་བའི་དོན་ དང༌། དོན་གང་ཡིན་པ་དེ་ལ་ངེས་བཟུང་ངམ་ནན་ཏན་དུ་བརྣན་པའི་དོན་ལ་འཇུག་པའི་སྒྲ་ཡིན་ ཏེ། དེའི་ཚུལ་དང་མཐུན་པས་སོ། །དགར་བ་ལ་ལྔ་ལས། དང་པོ་མཆོག་ཏུ་དགར་བ་ནི། དཔེར་ན། བླ་མ་ནི་དཀོན་མཆོག་གསུམ་ལས་ཕུལ་དུ་བྱུང་བའོ། །དགེ་སློང་ནི་མིའི་ཁོངས་ནས་ ཚངས་པར་སྤྱོད་པའོ། །བློན་པོ་རྣམས་ཀྱི་ནང་ནས་འདི་ནི་མཆོག་གོ ། རྒྱ་གར་ནི་ཡུལ་གཞན་ལས་ལེགས་པའོ། །ཁྱབ་འཇུག་ནི་ལྷ་རྣམས་ལས་བརྟུལ་ཕོད་པའོ། ། ལྟ་བུའོ། །གཉིས་པ་དམན་པར་དགར་བ་ནི། དཔེར་ན། ཟངས་རག་སོགས་ཀྱི་ཁྲོད་ནས་ལྕགས་ནི་ཐ་མའོ།   །བྱ་རྣམས་ཀྱི་ནང་ ནས་སྤུབ་ཤུས་ནི་དྲི་ངན་པ་ཅན་ནོ། །ཆུ་རྣམས་ལས་བཙོག་ཆུ་ནི་དྲི་ང་བའོ།  །བྲེག་མཁན་ནི་མིའི་ཁོངས་ནས་རིགས་ངན་པའོ། །རིགས་རྣམས་ལས་ནི་གདོལ་པའི་རིགས་ ཐ་ཆད་དོ། །ལྟ་བུའོ།  །གསུམ་པ་ཐ་དད་ཙམ་དུ་དགར་བ་ནི། དཔེར་ན། སངས་རྒྱས་ནི་ཆོས་དང་དགེ་འདུན་མ་ཡིན་ནོ། །བུམ་པ་ནི་ཀ་བ་དང་མི་གཅིག་གོ །ལྡན་མིན་འདུ་བྱེད་ནི་བེམ་ཤེས་གཉིས་ཀ་ལས་གཞན་ནོ། །བ་ལང་དང་རྟ་ནི་མི་ འདྲའོ། །མཐིང་ག་ནི་སྔོ་བསངས་ལས་གཞན་ནོ། ལྟ་བུའོ། །བཞི་པ་དགར་གཞི་དངོས་སུ་སྨོས་པ་ནི། དཔེར་ན། གནས་བརྟན་རྣམས་ལ་ཆོས་འཆད་མཉམ་བཞག་བྱས་པ་ནི་བཟང་པོའོ།  །ཆོས་སྐྱོང་རྣམས་ལས་དྲེའུ་ལ་བཞོན་པ་ནི་ལྷ་མོའོ། །བུམ་པའི་ཁྲོད་ནས་དངུལ་ གྱི་ལྟོ་ལྡིར་བ་ནི་དངུལ་བུམ་མོ། །ལྷ་ཡི་ནང་ནས་མིག་སྟོང་དང་ལྡན་པ་ནི་བརྒྱ་ བྱིན་ནོ།  །ཀླུ་རྣམས་ལས་མགོར་ལྗང་པ་སྐྱེས་པ་ནི་ཨེ་ལའི་འདབ་ཀླུའོ། །ལྷ་རྣམས་ལས་གདོང་ བཞི་དང་ལྡན་པ་ནི་ཚངས་པའོ།  །ལྟ་བུའོ། །ལྔ་པ་དགར་གཞི་དངོས་སུ་མ་སྨོས་པ་ནི། དཔེར་ན། སྐུ་མདོག་གསེར་བཙོ་མའི་མདངས་དང་ལྡན་པ་ནི་བཅོམ་ལྡན་འདས་སོ། །ཕྱག་སྟོང་སྤྱན་ སྟོང་ཅན་ནི་སྤྱན་རས་གཟིགས་སོ།  །པཎ་ཞྭ་སྣེ་རིང་སེར་པོ་ཅན་ནི་རྗེ་ཙོང་ཁ་པའོ། །དཀར་པོ་བང་རིམ་ཡོད་པ་ནི་ མཆོད་རྟེན་ནོ། །མཆོད་སྦྱིན་བརྒྱའི་བདག་ཉིད་ནི་བརྒྱ་བྱིན་ནོ། །ལྟ་བུའོ། ངེས་བཟུང་ངམ་བརྣན་པ་ལ་འཇུག་པ་ནི། དཔེར་ན། ཇ་ནི་བྱུང༌། མར་ནི་ཡོད།  རྩམ་ པ་ནི་ཁུར། བག་ཕྱེ་ནི་བྱུང༌། ཡོ་བྱད་ནི་ཚང་ངོ༌། །ཞེས་དང༌། ཡང་བླ་མ་ནི་མཇལ། བཀའ་ཆོས་ནི་གསན། ཚེ་མདུད་ནི་བྱུང༌། སྨོན་ལམ་ནི་བཏབ། ཡོན་ནི་ཕུལ། ཞེས་དང༌། ཡང༌། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཐུགས་སུ་ཆུད། ཆོས་ཀྱི་འཁོར་ལོ་ནི་རབ་ཏུ་བསྐོར། སློབ་མའི་ཚོགས་དུལ་བ་མཐའ་ཡས་པ་ནི་མངའ། ལྟ་བུའོ། །དེ་ཡང་ཕྱོགས་སུ་འགྲོ་བ་ན་ཇ་དང་མར་སོགས་ཚང་མ་ཚང་ལྟ་བའི་ཚེ་དེ་དག་ རེ་རེ་ནས་ངེས་བཟུངས་བྱེད་པ་སོགས་ཡིན་ནོ། །ཚིག་གི་ཁ་སྐོང་དུ་འཇུག་པ་ནི། དཔེར་ན། འགལ་འབྲས་ལ་ཡང་ཡུལ་དང་ནི། །ཞེས་དང༌། སྡོམ་པ་ཐམས་ཅད་ལྡན་པར་ནི། །ཞེས་དང༌། མཁས་པ་རྣམས་ལ་རྟག་ཏུ་ནི། །ལེགས་བཤད་ལེན་པ་བརྩོན་པར་བྱ། །ཞེས་པ་ལྟ་བུ་སྟེ། དེ་དག་ཀྱང་བརྣན་པའི་སྒྲ་ཉིད་ལས་མ་འདས་སོ། །
            གཉིས་པ་དང་སྒྲ་བཤད་པ་ལ་གཉིས།  རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          མིང་གང་རུང་བའི་བར་མཚམས་སུ། །
གསུམ་པ་ལ་ནི་གཉིས་པ་སྦྱར། །
དེ་ནི་སྡུད་དང་འབྱེད་པ་དང༌། །
རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །
ཞེས་ པ་སྟེ། མིང་ཚིག་གང་ཡང་རུང་བའི་བར་མཚམས་རྣམས་སུ་རྗེས་འཇུག་གསུམ་པ་ད་ཡིག་ལ་གཉིས་པ་ང་ ཡིག་སྦྱར་བས། དང་ཞེས་གྲུབ་པ་དེ་ནི། སྡུད་པ་དང་འབྱེད་པ་དང་རྒྱུ་མཚན་དང་ཚེ་སྐབས་དང་གདམས་ངག་སྟེ་དོན་ལྔ་ལ་འཇུག་ པའོ། །ཞེས་པའོ། །
གཉིས་ པ་འགྲེལ་པ་ནི། དང་ནི་སྡུད་འབྱེད་རྒྱུ་མཚན་དང༌། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག ཅེས་པ་སྟེ། དེ་ལྟར་བཤད་པའི་དང་ཞེས་པའི་སྒྲ་དེ་ནི་ཚིག་སྔ་ཕྱི་ཕྱོགས་གཅིག་ཏུ་སྡུད་པ་དང༌། སོ་སོར་འབྱེད་པ་དང༌། རྒྱུ་མཚན་ཉིད་ཀྱི་དོན་དང༌། དུས་བརྗོད་པ་ཚེ་སྐབས་ཀྱི་དོན་དང༌། གཞན་ལ་བསླབ་བྱ་གདམས་ངག་བརྗོད་པ་སྟེ། དོན་ཚན་ལྔ་ལ་འཇུག་པ་ཡིན་ནོ། །དང་པོ་ཚིག་སྔ་ཕྱི་ཕྱོགས་གཅིག་ཏུ་སྡུད་པ་ནི། དཔེར་ན། ཚོགས་ལམ་དང༌། སྦྱོར་ལམ་དང༌། མཐོང་ལམ་དང༌། སྒོམ་ལམ་དང༌། མི་སློབ་ལམ་རྣམས་ནི་ལམ་མོ། །ཞེས་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ནི་འདོད་ཡོན་ནོ། །ཞེས་དང༌། མེ་ལོང་དང༌། གྷི་ཝཾ་དང༌། ཞོ་དང༌། དུར་བ་དང༌། བིལ་བ་དང༌། དུང་དཀར་གཡས་འཁྱིལ་དང༌། ལི་ཁྲི་དང༌། ཡུངས་ཀར་རྣམས་ནི་བཀྲ་ཤིས་པའི་རྫས་སོ། །ལྟ་བུའོ། །བྲ་ཏིས་སྔ་ཕྱི་སྡུད་པར་ཡང་ བཤད་པ་ནི། དཔེར་ན། བུམ་པ་མི་རྟག་སྟེ། ཀ་བ་དང་སྣམ་བུ་ཡང་ངོ༌། །བ་ལང་ནི་དུད་འགྲོ་སྟེ། རྟ་དང་བོང་བུ་ཡང་ངོ༌། །གཟིག་ནི་གཅན་གཟན་ཏེ། སེངྒེ་དང་སྟག་ཀྱང་ངོ༌། །ལྟ་བུ་དོན་སྔ་མར་སྦྱར་བའི་ཆོས་ཕྱི་མར་ཡང་སྦྱོར་བ་ སྡུད་པ་དང༌། བུམ་པ་དང་ཀ་བ་དང་སྣམ་བུ་ཡང་བདག་མེད་དོ། །ནས་དང་གྲོ་དང་སོ་བ་ཡང་འབྲུ་སྣའོ། ། སངས་རྒྱས་དང་ཆོས་དང་དགེ་འདུན་ཡང་དཀོན་མཆོག་གོ །ལྟ་བུ་ཕྱི་མའི་ཆོས་སྔ་མར་སྦྱོར་བ་སྡུད་པ་ཡིན་ནོ། །གཉིས་པ་གཞི་གཅིག་སོ་སོར་ འབྱེད་པ་ནི། དཔེར་ན། དབང་པོ་ནི། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་རྣམས་སོ། །ཞེས་དང༌། ཆོས་ནི། དགེ་བ་དང༌། མི་དགེ་བ་དང༌། ལུང་མ་བསྟན་པའོ། །ཞེས་དང༌། ཕར་ཕྱིན་ནི། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕར་ཕྱིན་རྣམས་སོ། །ལྟ་བུའོ། །གསུམ་པ་རྒྱུ་མཚན་ནི། དཔེར་ན། ལེགས་པར་བསླབས་པ་དང་མཁས་པར་འགྱུར་རོ། ནད་འཚེ་མེད་པ་དང་སྐྱིད་པོ་འབྱུང་ངོ༌། སྨན་ཟོས་པ་དང་ནད་སོས་སོ།  །ཆོས་མང་དུ་ཐོས་པ་དང་ལྷག་མཐོང་འཕེལ་ལོ། །དུ་བ་མཐོང་བ་དང་མེར་ཤེས་སོ།  །ཞེས་མཁས་པར་འགྱུར་བ་སོགས་ཀྱི་རྒྱུ་མཚན་ལེགས་པར་བསླབས་པ་སོགས་འགོད་པ་ལྟ་ བུའོ། །བཞི་པ་ཚེ་སྐབས་ལ་འཇུག་པ་ནི། དཔེར་ན། ནམ་ལངས་པ་དང་ཆོས་བྱེད། ཉི་མ་ཤར་བ་དང་ཆོས་སྟོན་དྲངས། ཟླ་བ་ནུབ་པ་དང་དོན་གྲུབ། སྐར་མ་ས་ག་འཆར་བ་དང་བསྐོར་བ་གྱིས། ལོ་གསར་ཚེས་པ་དང་དགའ་སྐྱིད་བྱས། ལྟ་བུའོ། །པྲ་ཏིའི་སུམ་ཊིཀ་ཏུ། རྒྱུ་མཚན་དང་ཚེ་སྐབས་ལ་འཇུག་པ་གཉིས་མི་འགལ་བར་མཐོང་སྟེ། ཚིག་གསལ་ལས། འདིར་སྐྱེ་བ་བཀག་པ་བསྒྲུབ་པར་བྱ་བའི་ཆོས་སུ་འདོད་པ་དེའི་ཚེ། ཞེས་པ་འདིའི་དོན་འཆད་པ་ན། ལམ་རིམ་ཆེན་མོར། དོན་དམ་པར་སྐྱེ་བ་བཀག་པ་དེ། ཆོས་ཅན་དེ་དག་ལ་བསྒྲུབ་བྱའི་ཆོས་སུ་བསྟན་པ་དེའི་ཚེ་སྟེ། དེའི་ཕྱིར་ཞེས་གསུངས་པས། ཚེའི་ཚིག་ཕྲད་རྒྱུ་མཚན་ལ་འཇུག་ཅིང་དུས་དང་ལྡན་པ་ཡང་ཡིན་པ་བཞིན་ནོ། །འདིས་ མཚོན་ནས་ཚེ་དང་དོན་གཅིག་པ། རྒྱུ་ཡོད་པ་ན་འབྲས་བུ་འབྱུང༌། རྒྱུ་ཡོད་པ་ལ་འབྲས་བུ་འབྱུང༌། རྒྱུ་ཡོད་པ་དང་འབྲས་བུ་འབྱུང་ལྟ་བུ། རྒྱུ་ཡོད་པའི་ཚེ་འབྲས་བུ་འབྱུང་ཞེས་བྱ་བ་ཡིན་པས། དུས་དང་རྒྱུ་མཚན་ལྷན་ཅིག་སྟོན་པར་འགྱུར་རོ། །ཞེས་གསུངས་སོ། །དེ་མཚུངས་བསྟན་ དར་ལྷ་རམས་པའི་ཡིག་བཤད་ལས་ཀྱང༌། གང་གི་ཚེ་ན་ཞེས་པ་རྒྱུ་མཚན་ལ་ཡང་འཇུག་སྟེ། རྩ་ཤེས་ལས། གང་ཚེ་འགྲོ་བ་མེད་པ་ཡི། །ཞེས་པ་འགྲེལ་སྐབས། རྩ་ཤེས་ཊིཀ་ཆེན་ལས། གང་གི་ཚེ་སྟེ་གང་གི་ཕྱིར་ན་ཞེས་བཀྲལ་འདུག་པ་དང༌། ཞེས་བཤད་དོ། །ལྔ་པ་གདམས་ངག་ལ་འཇུག་པ་ནི། དཔེར་ན། སུམ་རྟགས་ཁྲིད་དང༌། ལེགས་པར་སློབས་དང༌། ཁ་དོན་གྱིས་དང༌། ཡིད་ལ་ཟུངས་དང༌། དོན་སྒོམས་དང་ལྟ་བུ་སྟེ། བྱ་བ་བཟང་པོ་དེ་དང་དེ་ལ་བསྐུལ་ཞིང་གྱིས་ཤིག་པའི་བརྡ་བརྗོད་པའོ། །
            གསུམ་པ་དེ་སྒྲ་བཤད་པ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          གང་མིང་གི་ནི་ཡ་མཐའ་རུ། །
གསུམ་པ་ལ་ནི་ཨེ་སྦྱར་བ། །
ཐ་སྙད་དབང་དུ་གསུམ་ཡིན་ཏེ། །
དངོས་པོའི་དབང་དུ་བཞི་རུ་འགྱུར། །
དུས་ཀྱི་དབང་དུ་གཉིས་ཡིན་ནོ། །
ཞེས་ པ་སྟེ། གང་ཡང་རུང་བའི་མིང་གི་ཡ་མཐའ་སྟེ་ཐོག་མར་རྗེས་འཇུག་གསུམ་པ་ད་ཡིག་ལ་དབྱངས་ཨེ་ སྟེ་འགྲེང་བུ་སྦྱར་བས། དེ་ཞེས་གྲུབ་པ་དེ་ནི་སྔར་མེད་ལ་གསར་དུ་ནན་གྱིས་བཏགས་པའི་ཐ་སྙད་ཙམ་གྱི་དབང་ དུ་བྱས་ན་ཐ་སྙད་འདས་མ་ཐག་པ་དང༌། རྣམ་གྲངས་གཞན་ཅན་དང༌། ལྷག་བཅས་ཏེ་གསུམ་དང༌། ཆོས་སྤྱིའི་དངོས་པོའི་དོན་གཙོ་ཆེ་བའི་དབང་དུ་བྱས་ན། བདེན་པ་དང་གསང་བ་དང་བདག་དང་གཞན་གྱི་དངོས་པོ་སྟེ་བཞི་ལ་དུས་གསུམ་གར་འཇུག་པར་ འགྱུར་ཞིང། དུས་ཀྱི་དབང་དུ་བྱས་ན་འདས་པ་དང་མ་འོངས་པ་གཉིས་ལ་འཇུག་པ་ཡིན་ནོ། །མིང་གི་ཡ་ མཐར་གསུངས་པ་ནི་གཙོ་ཆེ་བའི་དབང་དུ་བྱས་ཀྱི་མཐའ་གཅིག་ཏུ་ངེས་པ་མ་ཡིན་པར་ཤེས་ དགོས་སོ། །ཞེས་པའོ། །
གཉིས་པ་འགྲེལ་པ་ནི། མིང་གི་ཐོག་མའི་དེ་སྒྲ་ནི། །ཐ་སྙད་འདས་མ་ཐག་པ་དང༌། །རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །
ཅེས་ པ་སྟེ། འདིར་མིང་གི་ཐོག་མའི་དེ་སྒྲ་ལྷག་བཅས་ལ་འཇུག་ཚུལ་སྔར་བསྟན་ཟིན་ལ། དེ་མ་གཏོགས་པའི་དངོས་པོའི་དབང་དུ་བྱས་པ་བཞི་དང༌། དུས་ཀྱི་དབང་དུ་བྱས་པ་གཉིས་ཏེ། དྲུག་པོ་དེ་ཀུན་རྣམ་གྲངས་གཞན་ཡོད་པར་སྦྱོར་བའི་དོན་ཅན་དུ་འདུས་ནས། དེ་ཞེས་པའི་སྒྲ་ནི་ཐ་སྙད་འདས་མ་ཐག་པ་དང༌། རྣམ་གྲངས་གཞན་ཅན་གཉིས་ལ་འཇུག་པར་བཤད་དོ།  །བརྗོད་བྱ་སྤྱིའི་དོན་ལ་མ་དཔྱད་པར་བརྗོད་ཚུལ་དེ་ཉིད་ལ་ཐད་ཀར་བཏགས་པའི་དུས་ འདས་མ་ཐག་པ་ལ་འཇུག་ཚུལ་ནི།  དཔེར་ན། བླ་མ་མཁས་པའོ། །དེ་བཙུན་པོའོ། །དེ་བཟང་པོའོ། །ཀ་བ་རིང་པོའོ། །དེ་ཕྲའོ། །དེ་ ལ་ཟུར་ཡོད་དོ། །གྲོང་པ་ཕྱུག་པོའོ། །དེ་ལ་ནོར་ཡོད་དོ། །དེ་ལ་འབྲུ་ཡོད་དོ།  ། རྟ་རྔམ་ཅན་ནོ། །དེ་ལ་བང་ཡོད་དོ། །དེ་ལ་འགྲོས་ཡོད་དོ། །ལྟ་བུའོ།  །གཞི་དེ་དངོས་སུ་མི་གསལ་ཡང་དེ་སྒྲའི་ཤུལ་དུ་དོན་གྱི་རྣམ་གྲངས་གཞན་ཞིག་ སྦྱོར་རྒྱུ་ཡོད་པར་སྟོན་པའི་དོན་ཅན་ལ་འཇུག་ཚུལ་ནི། དཔེར་ན། དེ་རིག་པ་རྣོ། དེ་ཐོས་པ་མང༌། དེ་བསམ་པ་ཅན་ནོ། །དེ་བསོད་ནམས་ཆེ། དེ་སྟོབས་དང་ལྡན། དེ་དབང་ཐང་ཆེའོ། །དེ་ཤུས་ཤིག དེ་ལ་ཡི་གེ་བྲིས། དེ་མདོག་དཀར་རོ། །དེ་སོད་ཅིག དེ་གཟུགས་ཆེ། དེ་རྒྱགས་པའོ། །ཞེས་དེ་སྒྲའི་ཤུལ་དུ་རིག་པ་རྣོ་བའི་སྐྱེས་བུ་སོགས་གོ་རྒྱུ་ ཡོད་པ་ལྟ་བུའོ། །བརྗོད་བྱ་ལྷག་མ་འདྲེན་པའི་ལྷག་བཅས་ལ་འཇུག་ཚུལ་ནི། དཔེར་ན། བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྤྱོད་པ་ཕྱིན་དྲུག་ལ་སློབ། ཅེས་པ་ལྟ་བུ་སྔར་མང་དུ་བཤད་ཟིན་ཅིང༌། ལྷག་བཅས་ཀྱི་དེ་སྒྲ་ནི་རང་ཉིད་ཀྱི་ཤུལ་དུ་དོན་གཞན་མི་མཚོན་ནོ། །དེ་དག་ནི་ སྨྲ་སྒོ་ལས། འདས་དང་རྣམ་གྲངས་གཞན་ཅན་དང༌། །ལྷག་མ་དག་དང་བཅས་པའོ། །ཞེས་པའི་དོན་ཡང་ཡིན་ ནོ། །རྩ་བར། དངོས་པོའི་དབང་དུ་བཞི་རུ་འགྱུར། །ཞེས་པ་ལྟར་བཞི་ལས། དང་པོ་བདེན་པའི་དངོས་པོ་སྟོན་པ་ལ་འཇུག་པ་ནི། དཔེར་ན། དེ་ཁོ་ན་ཉིད་དོ། །དེ་དེ་བཞིན་ནོ། །དེ་རང་ཡིན་ནོ། །དེ་ཁོ་ནར་འདུག་གོ །དེ་དེ་བཞིན་དུ་གནས་སོ། །དེ་བཞིན་ཉིད་དོ། །དེ་ལྟར་ལགས་སོ།  །ལྟ་བུ་དངོས་པོ་རྣམས་ཀྱི་ཀུན་རྫོབ་པ་དང་དོན་དམ་པའི་ངོ་བོ་ཉིད་དྲང་པོར་གོ་ བར་བྱེད་ཅིང་ཡིད་ཆེས་པར་བྱེད་པའོ།  །གཉིས་པ་གསང་བའི་དངོས་པོ་སྟོན་པ་ལ་འཇུག་པ་ནི། དཔེར་ན། དེ་མ་སྟོན་ཅིག དེ་མ་ཟེར་ཅིག དེ་བཤད་པར་མི་བྱ། ཁྱོད་ཀྱི་དེ་ལེགས་པར་གྲུབ་བམ། དེ་བསྒྲག་པར་མི་བྱ། དེ་མི་མངོན་པར་བྱོས་ཤིག དེ་ལོགས་སུ་སྦོས། ལྟ་བུ་གཞན་གྱིས་ཤེས་ཀྱིས་དོགས་ནས་དོན་དངོས་སུ་མི་སྨྲ་བར་ཟུར་གྱིས་གོ་བར་ བྱེད་པའོ།  །གསུམ་པ་བདག་གི་བའི་དངོས་པོ་སྟོན་པ་ལ་འཇུག་པ་ནི། དཔེར་ན། བདག་གི་ལྷ་དེ། ཁོ་བོའི་ནོར་དེ། ངའི་གོས་དེ། རང་གི་དངུལ་དེ། བདག་གི་ཕྲེང་བ་དེ་རྒྱུས་ཤིག དེ་ངའི་རྒྱན་ཆའོ། །ཁོ་བོའི་གླེགས་བམ་དེ་ཀློགས་ཤིག ཅེས་པ་ལྟ་བུ་དངོས་པོ་དེ་བདག་ཉིད་དང་འབྲེལ་བར་གོ་བའོ།  །བཞི་པ་ཕ་རོལ་པོ་གཞན་གྱི་དངོས་པོ་སྟོན་པ་ལ་འཇུག་པ་ནི། དཔེར་ན། ཁྱོད་ཀྱི་དེ། དེས་བསྟན་པ་དེ་ནི། གཞན་གྱི་ནོར་བུ་དེ། ཁྱོད་ཀྱི་བུམ་པ་དེ། ཀ་བ་དེ་དྲང་པོ། །གོས་དེ་གྱོན། ཀ་བ་དེ་འདེགས་ནུས་སམ། ཞེས་དེ་སྒྲའི་ཤུལ་གྱི་དངོས་པོ་དེ་ཕ་རོལ་པོ་གཞན་གྱིས་ཡིན་པར་གོ་བ་ལྟ་བུའོ། ། དེ་དག་ནི་སྨྲ་སྒོ་ལས། བདེན་པ་དག་དང་གསང་བ་དང༌། །བདག་གི་བ་དང་ཕ་རོལ་པོ།  །དངོས་པོ་དག་ལ་འཇུག་པ་བཞི། །ཞེས་པའི་དོན་ཡང་ཡིན་ནོ། །རྩ་བར། དུས་ཀྱི་དབང་དུ་གཉིས་ཡིན་ནོ། །ཞེས་པ་ལ་གཉིས་ལས།  དང་པོ་འདས་ པའི་དུས་བརྗོད་པ་དང་འབྲེལ་བ་ལ་འཇུག་པ་ནི། དཔེར་ན། ཁ་སང་གི་དུས་དེ་ལ། ཞིང་འདིར་སྟོན་པ་བྱོན་སྐབས་དེར། ཕག་ལོ་དེར་བོད་བཅོམ། སྔོན་དེ་བཞིན་གཤེགས་པ་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་པ་དེའི་ཚེ། ན་ནིང་གི་ལོ་དེ་ལ། ཁ་སང་གི་ཉི་མ་ཤར་བ་དེའི་ཚེ། སྐད་ཅིག་མ་སྔ་མ་དེར། ལྟ་བུའོ། །གཉིས་པ་མ་འོངས་པའི་དུས་བརྗོད་པ་དང་འབྲེལ་བ་ལ་འཇུག་པ་ནི། དཔེར་ན། སང་གི་དུས་དེ་ཙ་ན་འདི་བྱེད། ཚེ་ལོ་བརྒྱད་ཁྲིར་གྱུར་པ་དེའི་སྐབས་རྒྱལ་བ་བྱམས་པ་འབྱུང༌། རྣམ་འདྲེན་ལྔ་པའི་བསྟན་པ་དེ་དང་མཇལ་བར་སྨོན། དེའི་དུས་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་དུང་ཞེས་བྱ་བ་འབྱུང་བར་འགྱུར་རོ།  ། སང་ཉི་མ་ཤར་བའི་དུས་དེར་འགྲོའོ། །ཕྱི་ལོ་དེར་མནོ་བསམ་བཏང༌། སྟོན་དུས་དེ་ལ་འབྲས་བུ་འབྱུང༌། །ལྟ་བུའོ། །དེ་དག་ནི་སྨྲ་སྒོ་ལས། འདས་པ་དང་ནི་མ་འོངས་པའི།  །དུས་གཉིས་ལ་ནི་འཇུག་པ་ཡིན། །ཞེས་པའི་ཡང་དོན་ནོ། །དེ་སྒྲ་མི་འཇུག་པ་གཉིས་ ལས། དང་པོ་བདག་ཉིད་ཀྱི་དངོས་པོ་ལ་དེ་སྒྲ་འཇུག་པ་མ་ཡིན་ཏེ། རང་གིས་རང་ལ་དེ་ཞེས་མི་བརྗོད་པའི་ཕྱིར། གཉིས་པ་ད་ལྟར་བའི་དུས་ལ་ནི་ནམ་ཡང་མི་འཇུག་སྟེ། ད་ལྟའི་བསྐལ་པ་འདིར། ད་ལྟའི་ལོ་འདིར། དེ་རིང་གི་དུས་འདིར་ཞེས་སོགས་སྦྱོར་དགོས་པ་ལས། ད་ལྟའི་བསྐལ་པ་དེར་སོགས་མི་སྦྱོར་བའི་ཕྱིར། སྨྲ་སྒོ་ལས། མི་འཇུག་པ་ནི་གཉིས་ཡིན་ཏེ། །བདག་ཉིད་ད་ལྟ་ཉིད་ལ་སྤང༌། །ཞེས་གསུངས་སོ།  །ད་ལྟ་བའི་དུས་ལ་མི་འཇུག་ཀྱང་སྤྱིའི་དངོས་པོའི་དོན་གཙོ་བའི་སྒོ་ནས་ཕྱེས་ པས་དུས་གསུམ་གའི་དངོས་པོ་ལ་འཇུག་སྟེ། འདས་པ་ལ་དམིགས་ནས་བརྗོད་པ། སྔོན་གྱི་ཚེ་འཕགས་པའི་ཡུལ་དེ་ན། ཞེས་པ་ལྟ་བུ་དང༌། ད་ལྟ་བ་ལ། རྡོ་བ་དེ་ཁྱོད་ཀྱིས་འདེགས་ནུས་སམ། ལྟ་བུ་དང༌། མ་འོངས་པ་ལ། འཚང་རྒྱ་བར་འགྱུར་བ་དེ། ཞེས་པ་ལྟ་བུ་ཚིག་གྲོགས་ཀྱི་དོན་ལས་རིག་པར་བྱ་སྟེ། སྨྲ་སྒོ་ལས། དངོས་པོའི་དུས་ནི་མི་འདོར་ཏེ། །ཀུན་ལ་རབ་ཏུ་སྦྱར་བར་བྱ། ཞེས་གསུངས་པས་སོ། །
            བཞི་པ་སྤྱི་སྒྲ་བཤད་པ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          གང་མིང་བརྗོད་པའི་དང་པོ་རུ། །
དང་པོ་ལ་ནི་གཉིས་པ་སྦྱར།  །
སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། །
ཞེས་ པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་དང་པོར་རྗེས་འཇུག་དང་པོ་ག་ལ་གཉིས་པ་ང་སྦྱར་བས། གང་ཞེས་གྲུབ་པ་དེ་ནི་གཙོ་བོར་དོན་གྱི་བྱེ་བྲག་དམིགས་སུ་མི་འཛིན་པར་སྤྱི་ལ་ ཁྱབ་པའི་དོན་ཅན་གྱི་སྒྲ་ཉིད་དུ་འགྱུར་རོ། །ཞེས་པའོ། །
གཉིས་ པ་འགྲེལ་པ་ནི། ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་ བཞིན་སྐད་ལ་ཇི། །སུ་ནི་གང་ཟག་གང་ཀུན་ལའོ། །
ཞེས་ པ་སྟེ། ཅི་དང་ཇི་དང་སུའི་སྒྲ་རྣམས་ཀྱང་རྩ་བར་བཤད་པའི་གང་སྒྲ་དང་འཇུག་པ་ཕལ་ཆེར་ མཐུན་པས་སྤྱི་སྒྲ་ཞེས་བྱ་སྟེ། དོན་ཁྱད་པར་བ་རེ་རེ་ཙམ་དམིགས་སུ་མ་བཟུང་ བར་མཐའ་དག་ལ་ཁྱབ་པར་སྤྱིར་བརྗོད་པས་སོ། །སྦྱོར་ཚུལ་ནི། ཞིག་དང་སྟེ་དང་སླད་དང་འདྲ་དང་ཕྱིར་ཞེས་པའི་སྒྲ་རྣམས་ཀྱི་ཐོག་མ་ལ་ཅི་སྒྲ་ སྦྱོར་ཏེ། ཅི་ཞིག་ཅི་སྟེ། ཅི་སླད། ཅི་འདྲ། ཅིའི་ཕྱིར་ཞེས་པ་དང༌། སྙེད་དང་སྲིད་དང་ལྟར་དང་བཞིན་དང་སྐད་ཅེས་པའི་སྒྲ་རྣམས་ཀྱི་ཐོག་མ་ལ་ཇི་སྒྲ་ སྦྱོར་ཏེ། ཇི་སྙེད། ཇི་སྲིད། ཇི་ལྟར། ཇི་བཞིན། ཇི་སྐད་ཅེས་པ་ལྟ་བུའོ། །སུ་ཞེས་པ་ནི་སེམས་ལྡན་གྱི་སྐྱེས་བུ་གང་ཟག་ཁོ་ནར་ འཇུག་སྟེ། གང་ཟག་ཞིག་ཡིན་ན་སུས་ཟེར། སུ་ལ་ཡོད་སོགས་བརྗོད་རིགས་ཀྱི། སེམས་མེད་ཀྱི་དངོས་པོ་གཞན་རྣམས་ལ་བརྗོད་མི་རིགས་སོ། གང་ཞེས་པ་ནི་སེམས་ལྡན་དང་སེམས་མེད་ཀྱི་ཆོས་ཀུན་ལ་འཇུག་པ་ཡིན་ནོ། །དེ་ཡང་ཅི་ཞིག་སོགས་ནི་དཔེར་ན། དོན་ཅི་ཞིག་བྱེད། གཏམ་ཅི་སྟེ་སྨྲས། ལས་ཅི་སླད་བགྱིད། ཡུལ་ཅི་འདྲ་འདུག སྐད་ཅིའི་ཕྱིར་འབོད། ཤེས་བྱ་ཇི་སྙེད་ཅིག་མཆིས། ཡུན་ཇི་སྲིད་བར་འགོར། ལྟད་མོ་ཇི་ལྟར་མཐོང༌། གནས་ཚུལ་ཇི་ཞིག་གདའ། གླུ་དབྱངས་ཇི་སྐད་ལེན། ལྟ་བུ་དང༌། ཚིགས་སུ་བཅད་ན། མཁས་མཆོག་ཐུ་མི་ཅི་ཞིག་བཞེད། །སུམ་རྟགས་རྩ་བ་ཅི་སྟེ་མཛད། །གངས་ལྗོངས་འགྲོ་ལ་ཅི་སླད་དུ། །ཕན་སེམས་བཟང་པོ་ཅི་འདྲ་བས། །ལེགས་པའི་དཔལ་ཡོན་ཅི་ཕྱིར་སྦྱིན། །ཇི་སྙེད་བཀའ་དྲིན་ཆེར་མཛད་པ། །ཇི་སྲིད་ཀུན་མཁྱེན་མ་ཐོབ་བར། །ཇི་ལྟར་གཞལ་བར་ནུས་མིན་པ། །ཇི་བཞིན་མིན་ཀྱང་ཆས་ཙམ་ཞིག །ཇི་སྐད་སུམ་རྟགས་དགོངས་འགྲེལ་གྱིས། །རིག་གནས་འདི་འདྲ་སུ་འདོད་པ། །གང་དག་དེ་ནི་མཁས་པའི་དཔལ། ལྟ་བུའོ། །སུ་ཞེས་པ་ནི། དཔེར་ན། ཆོས་སུས་བཤད། སུའི་རྣ་བས་ཐོས། དམ་ཆོས་སུ་ལ་འདུག སུ་ཞིག་ནོར་ངོམས་བྱེད། རི་ཁྲོད་སྒྲིམ་པ་སུ་ཡིན། ལྟ་བུ་དང༌། ཚིགས་སུ་བཅད་ན། དབེན་པའི་གནས་ཀུན་ཁྱོད་མཇལ་ན། །བླ་མ་དམ་པ་སུ་འདྲ་འདུག །དགེ་བཤེས་མཁས་པ་སུ་ཞིག་མཆིས། །སུ་ཞིག་དལ་འབྱོར་དོན་ལྡན་བགྱིད། །འདི་སྣང་ཞེན་བྲལ་སུ་ཞིག་ཡིན། །འཁོར་བདེར་མ་ཆགས་གང་སུ་དག །རྣམ་མཁྱེན་དོན་དུ་གཉེར་བ་སུ། །དེ་ལ་སུ་ཞིག་ཕྱག་མི་བྱེད། །ལྟ་བུའོ། །གང་ཞེས་པ་ནི་དཔེར་ན། གང་དུ་འགྲོ། གང་ཡོད། ཡུལ་གང་ནས་ཡིན། ཚོང་གང་འདྲ་འདུག ལྟ་བུ་དང༌། ཚིགས་སུ་བཅད་ན། གང་ཕྱིར་བཤེས་གཉེན་དམ་པ་ནི། །གང་ཉིད་རྒྱལ་བ་དངོས་ཉིད་དོ། །སྐྱོན་དུ་གང་ཞིག་ མཐོང་བ་དེ། །གང་དག་ལས་སྒྲིབ་ཆེ་བའི་རྒྱུ། །ལྟ་བུའོ། །འགའ་ཞིག སྤྱི་སྒྲ་དངོས་དང་བྱེ་བྲག་ལ་འཇུག་པའི་སྤྱིའི་སྒྲ་ཞེས་སོ་སོར་སྨྲས་པ་འཐད་པར་ མི་སེམས་ཏེ། བྱེ་བྲག་ལ་མི་འཇུག་པའི་སྤྱི་སྒྲ་མེད་པས་སོ། །འདིའི་གཏན་ཚིགས་གང༌། ཁྱོད་ཀྱི་ལྷ་གང་ཡིན། གང་བྱེད། ལྟ་བུ་སྤྱི་སྒྲ་འདྲི་བའི་དོན་དུ་སྦྱར་བ་ནི་ལེགས་པར་མཐོང་ངོ༌། །
            ལྔ་པ་བདག་སྒྲ་བཤད་པ་ལ་གཉིས། རྩ་བ་དང་འགྲེལ་པའོ། །
དང་པོ་ནི།          གང་མིང་གི་ནི་མ་མཐའ་ན། །
པུ་ལིངྒ་ཡི་སྒྲ་མེད་པ། །
དེ་ལ་པུ་ལིངྒ་སྦྱར་ན། །
བདག་པོའི་སར་ནི་ཤེས་པར་བྱ། །
ཞེས་ པ་སྟེ། གང་ཡང་རུང་བའི་མིང་གི་མ་མཐའ་རྣམས་སུ་པུ་ལིངྒ་སྟེ་སྐྱེས་བུའི་རྟགས་མཚོན་པར་ བྱེད་པ། པུ་ཞེས་པ་པ་སྡེ་དང༌། ལིངྒ་ཞེས་པ་རྟགས་ཏེ། པ་སྡེ་ནས་འབྱུང་བའི་ཕོ་རྟགས་པ་དང༌། མོ་རྟགས་མ་དང༌། མ་ནིང་གི་རྟགས་བ་གསུམ་གྱི་སྒྲ་སྔར་མེད་པ་དེ་ལ་གསར་དུ་པུ་ལིངྒའི་སྒྲ་གསུམ་ པོ་གང་རུང་སྦྱར་བ་ན། དེ་ནི་བདག་པོའི་དོན་གསལ་བར་བྱེད་པའི་སར་ནི་ཤེས་པར་བྱའོ། ཞེས་པའོ། །
གཉིས་ པ་འགྲེལ་པ་ནི། ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ ར་ལ་མཐའ་མེད་ལ།  །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར། །
ཞེས་ པ་སྟེ། ན་རོ་ཡོད་པའི་པོ་བོ་མོ་གསུམ་དང༌། ན་རོ་མེད་པའི་པ་བ་མ་གསུམ་སྟེ། དྲུག་པོ་དེ་ལ་བདག་པོའི་སྒྲ་ཞེས་བྱ་སྟེ། ཚིག་དེ་ཉིད་ཀྱི་ནུས་པས་བདག་པོའི་དོན་སྟོན་པར་ནུས་པས་སོ། །སྦྱོར་ཚུལ་ནི། རྗེས་འཇུག་ག་དང་ད་དང་ན་དང་བ་དང་མ་དང་ས་དང་ད་དྲག་ཅན་རྣམས་ཀྱི་མཐར་པོ་དང་པ་ འཐོབ་པ་དང༌། རྗེས་འཇག་ང་དང་འ་དང་ར་དང་ལ་དང་མཐའ་མེད་ལྔའི་རྗེས་ལ་བདག་སྒྲ་ཡར་གྱུར་པའི་ཚེ་ བོ་དང་བ་འཐོབ་པ་དང༌། བདག་སྒྲ་ཆ་ལ་གྱུར་པའི་ཚེ་པོ་དང་པ་ཉིད་སྦྱོར་བ་ལེགས་སོ། །བདག་སྒྲ་དེ་དག་སྔར་ མིང་གི་ཆ་ཤས་སུ་མེད་པ། དོལ་ཡས། གྱོལ། ཕྱུག འགག ལྷ་རྩེ། ཆང་ལྟ་བུ་ལ་གསར་དུ་སྦྱར་བ་སྔར་གྱི་མིང་དོན་མི་སྟོན་པར། དེའི་བདག་པོའམ་དེར་སྡོད་མཁན་ལྟ་བུ་དོན་གཞན་ཞིག་སྟོན་པ་བདག་པོའི་སྒྲ་སྟེ་ དཔེར་ན། དོལ་ཡས་པོ། གྱོལ་པོ། ཕྱུག་མོ། འགག་པ། ལྷ་རྩེ་བ། ཆང་མ་ལྟ་བུ་ཞེས་རང་འགྲེལ་དུ་བཤད་དོ། །ག་ད་སོགས་དེ་རྣམས་ལ་བདག་སྒྲ་པོ་དང་པ་ འཐོབ་ཚུལ་ནི། དཔེར་ན། འཇོག་པོ། རྒད་པོ། རྐུན་པོ། ཁྲབ་པོ། གཏུམ་པོ། གྱོས་པོ། ཆོས་སྟོནད་པོ། གཏམ་ཟེརད་པོ། བཀའ་སྩལད་པོ། རྒྱ་ནག་པ། བོད་པ། པ་ཀི་ཏན་པ། དཔེ་ཐུབ་པ། བཀའ་རམས་པ། ཆོས་པ། ཕར་ཕྱིནད་པ། སྐད་བསྒྱུརད་པ། ཆུ་བསྐྱིལད་པ། ལྟ་བུའོ། །ང་འ་ལ་སོགས་པ་ལྔ་པོ་དེ་རྣམས་ཀྱི་མཐའ་ཅན་གྱི་མིང་དང་སྡེབ་ས་མེད་པ་ བདག་སྒྲ་ཡར་གྱུར་ན་བ་ཕྱེད་ཝ་འཐོབ་པའི་བོ་དང་བ་ཐོབ་ཚུལ་ནི། དཔེར་ན། བག་རྐྱོང་བོ། ཡིད་མཛའ་བོ། མགོ་འཁོར་བོ། རྐང་གྱོལ་བོ། གཏོང་བ་བོ། ཟུར་ཁང་བ། བར་གདའ་བ། གསེར་མགར་བ། ཁ་ཆུལ་བ། ཉུང་ཏི་བ། ལྟ་བུའོ། །མིང་དང་སྡེབ་ས་ཡོད་པ་བདག་སྒྲ་ཆ་ལ་སོང་ན་པ་དང་པོ་ཉིད་སྦྱོར་བ་ཕལ་ ཆེར་ལེགས་པ་ནི། དཔེར་ན། གཡུང་པོ། མདའ་པོ། སྒུར་པོ། དབུལ་པོ། ངན་འཇལ་བ་པོ། རོང་པ། མཐའ་པ། གུར་པ། ཞོལ་པ། ཀར་གྱི་ལོ་པ། ལྟ་བུའོ། །བདག་སྒྲ་མ་ཡིན་པ་མིང་མཐའི་པ་བའང་སྦྱོར་ཚུལ་ཕལ་ཆེར་དེ་དང་འདྲ་བ་ ནི། དཔེར་ན། ལག་པ། ཡོད་པ། བདེན་པ། འཐོབ་པ། བུམ་པ་སོགས་དང༌། སྟོ་བ། དགའ་བ། འཁོར་བ། ཀ་བ། བདག་སྒྲ་མོ་དང་མ་ནི་འདི་ལ་འདི་ཐོབ་ཀྱི་ངེས་པ་མེད་པས་སྐབས་དང་སྦྱོར་དགོས་པ་ ནི། དཔེར་ན། བཙུན་མོ། ཕྱུག་མོ། དཔལ་མོ། འབོད་མོ། དམན་མོ། ཇ་མ། ལས་མ། དགའ་མ། མེ་ཏོག་མ། ཆང་ཚོང་མ། རྒྱ་གར་མ། ལྟ་བུའོ། །འོ་ན་པ་དང་མ་གཉིས་ཕོ་མོའི་རྟགས་ཡིན་པར་གྲུབ་ཀྱང༌། བ་ཡིག་མ་ནིང་གི་རྟགས་ཡིན་པ་གང་གིས་སྒྲུབ་ཅེ་ན། སྨྲ་སྒོ་ལས། བ་ནི་སྤྱི་རུ་བཞག་པ་སྟེ། ཡུལ་དུས་ངེས་པར་མ་བཟུང་བའོ། །ཟ་བ་བཟའ་མ་ཟ་བོ་བཞིན། མ་ནིང་དག་ཏུ་བཞག་པར་བྱ། ཞེས་པས་སོ། ཤེས་ལྡན་དང༌། བློ་ཅན་དང༌། ནོར་ལྡན་དང༌། གོས་ཅན་ལྟ་བུ་ནི་གང་ཞིག་གང་ལ་ཡོད་པར་སྟོན་པའི་ཆ་ནས་བདག་སྒྲ་དང་འདྲ་བར་སྣང་ ཡང༌། རྫ་ལྡན་དང༌། ཆུ་ཅན་དང༌། ལུས་ཅན་ལྟ་བུ་སྒྲ་དེ་རྣམས་བེམ་པོ་ལའང་འཇུག་པས་བདག་སྒྲ་དངོས་ནི་མ་ཡིན་ནོ། ། གོང་གི་རྗེས་འཇུག་དང་མཐུན་པའི་སྦྱོར་ཚུལ་རྣམས་འཇུག་པ་མང་བའི་དབང་དུ་བྱས་ ཀྱི། མཐའ་གཅིག་ཏུ་ངེས་པ་མ་ཡིན་ཏེ། བདག་སྒྲ་རྣམས་རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་དུ་བཤད་པ་དང༌། འདིར་ལྟོས་དགོས་པར་བསྟན་པ་གཉིས་འགལ་བས་སོ། །
            དྲུག་པ་དགག་སྒྲ་བཤད་པ་ལ་གཉིས། རྩ་བ་དང༌། འགྲེལ་པའོ།
དང་པོ་ནི།          གང་མིང་བརྗོད་པའི་ཡ་མཐའ་ན། །
སྟྲི་ལིངྒ་ཡི་སྒྲ་མེད་པ། །
དེ་ལ་སྟྲི་ལིངྒ་སྦྱར་ན། །
དགག་པའི་གནས་སུ་ཤེས་པར་བྱ། །
ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་ཡ་མཐའ་སྟེ་ཐོག་མར་སྟྲི་ལིངྒ་སྟེ། མོ་རྟགས་ཀྱི་སྒྲ་སྔར་བཤད་ཟིན་པ་མ་ཡིག་དང་ཞར་གྱིས་ཐོབ་པ་མི་ཡིག་གཉིས་སྔར་མེད་པ་དེ་ལ་གསར་དུ་སྟྲི་ལིངྒ་སྦྱར་ན་སྦྱོར་ཡུལ་དོན་དེ་མ་ཡིན་པའམ་མེད་པར་སྟོན་པའི་དགག་པའི་གནས་སུ་ཤེས་པར་བྱའོ། །ཞེས་པའོ། །
གཉིས་པ་འགྲེལ་པ་ནི། མ་མི་མིན་མེད་དགག་སྒྲ་སྟེ། །མ་མི་ཐོག་མ་མིན་མེད་མཇུག །མ་ནི་བར་གྱིས་གསལ་བྱེད་ལའང༌། །
ཞེས་ པ་སྟེ། དེ་ཡང་མ་མི་གཉིས་དང་དེའི་སྟེང་དུ་མིན་དང་མེད་གཉིས་ཏེ་བཞི་པོ་དེ་ལ་དགག་སྒྲ་ ཞེས་བྱ་སྟེ། རང་གི་དགག་བྱ་ཡིན་པ་བཀག་པས་སོ། །སྦྱོར་ཚུལ་ནི། མ་དང་མི་གཉིས་དགག་བྱའི་ཐོག་མ་དང༌། མིན་དང་མེད་གཉིས་མཇུག་དང༌། མ་ནི་སྔ་ཕྱི་གཉིས་ཀ་དགག་པའི་བར་གྱི་གསལ་བྱེད་ལའང་འཇུག་གོ །དགག་སྒྲ་མ་དང་མི་གཉིས་དགག་བྱའི་ཐོག་མར་སྦྱོར་དགོས་པ་ནི། དཔེར་ན། མ་བྱས། མ་ཡིན། མ་ལུས། མ་ཤེས། མ་མཐོང༌། མ་ངལ། མ་བྱེད། མི་རིགས། མི་འགྱུར། མི་རྟག མི་འགལ། མི་དགོས། མི་བྱ། ཞེས་དགག་བྱ་བྱས་པ་དང་ཡིན་པ་སོགས་བཀག་པ་ལྟ་བུའོ།  །དེ་ཡང་ཚིག་གྲོགས་དང་སྡེབས་ན། སྡིག་པ་མ་བྱས། ཡོད་པ་མ་ཡིན། ལྷག་མ་མ་ལུས། ཞེས་པ་ལྟ་བུའོ། །དགག་སྒྲ་མིན་དང་མེད་གཉིས་དགག་བྱའི་མཇུག་ཏུ་སྦྱོར་དགོས་པ་ ནི། དཔེར་ན། མི་མིན། ལྷ་མིན། ཀླུ་མིན། དྲི་ཟ་མིན། བེམ་པོ་མིན། ཤེས་པ་མིན། ལྡན་མིན་འདུ་བྱེད་མིན། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད། ཅེས་དགག་བྱ་མ་ཡིན་པ་སོགས་དགག་པ་ལྟ་བུའོ།  །དགག་སྒྲ་མ་ནི་དགག་བྱའི་ཐོག་མར་སྦྱོར་དགོས་པར་མ་ཟད་དགག་བྱ་གཉིས་ཀྱི་བར་དུ་སྦྱར་ན་སྟོད་སྨད་གཉིས་དགག་ནུས་པའི་བར་གྱི་གསལ་ བྱེད་ལའང་འཇུག་པ་ནི། དཔེར་ན། གསེར་མ་རག མཚལ་མ་ཙག དངུལ་མ་དུང༌། ས་མ་རྡོ། ར་མ་ལུག ཇ་མ་ཆུ། མི་མ་འདྲེ། ལྷ་མ་ཀླུ། རྒྱ་མ་བོད། ཅེས་དགག་བྱ་གསེར་དང་རག་གཉིས་ཀ་བཀག་ནས་གསེར་དང་རག་གཉིས་ཀ་མ་ཡིན་པར་སྟོན་པ་ལ་ སོགས་པ་ལྟ་བུའོ། །

༣.  ཞིང་སོགས་ཚིག་ཕྲད་ཞར་བྱུང་དང་བཅས་པ་བཤད་པ།

            གསུམ་པ་ཞིང་སོགས་ཚིག་ཕྲད་ཞར་བྱུང་དང་བཅས་པ་བཤད་པ་ལ་བཞི།  ཞིང་སོགས་ཚིག་ཕྲད་བཤད་པ། འ་མཐའ་འཇུག་མིན་གྱི་དབྱེ་བ་བཤད་པ།  ཚེག་ཤད་ཀྱི་ཁྱད་པར་བསྟན་པ། གདམས་ངག་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ལ་གཉིས། ཞིང་སོགས་ཚིག་ཕྲད་བཤད་པ་དང༌། འཁྲུལ་པ་སྤང་བའོ། །
དང་པོ་ནི། (འགྲེལ་བ་ལས།)ཚིག་ཕྲད་ཞིང་སོགས་ང་ན་མ། །
འ་དང་ར་ལ་མཐའ་མེད་མཐར། །
ཞིང་ཞེས་ཞེ་འོ་ཞེ་ན་ཞིག །
ག་ད་བ་དང་ད་དྲག་མཐར། །
ཅིང་ཅེས་ཅེ་འོ་ཅེ་ན་ཅིག །
ས་མཐར་དམིགས་བསལ་ཞེས་མ་གཏོགས། །
ཤིང་ཤིག་ཤེ་འོ་ཤེ་ན་འཐོབ། །
ཅེས་ པ་སྟེ། དེ་ལ་ཞིང་སོགས་དང༌། ཅིང་སོགས་དང༌། ཤིང་སོགས་ནི། ཚིག་དོན་སྔ་ཕྱི་འབྲེལ་མེད་དུ་མི་བྱ་བར་ཕྲད་བྱེད་ཡིན་པས་ན་ཚིག་ཕྲད་ཅེས་བྱ་ སྟེ། རྣམ་འགྲེལ་ཊིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ཚིག་གཞན་དང་ཕྲད་ན་དོན་སྟོན་གྱི །མ་ཕྲད་ན་མི་སྟོན་པས། དེའི་ཕྱིར་ཚིག་ཕྲད་ཅེས་བྱ་ལ།   ཞེས་གསུངས་པས་སོ།  །ཡང་ན། ཞིང་སོགས་དེ་རྣམས་རང་ཉིད་ཆིག་རྐྱང་གིས་བརྗོད་བྱ་སྟོན་མི་ནུས་པར་ཚིག་སྔ་ཕྱི་ཕྲད་པར་བྱས་ ནས་དོན་སྟོན་པས་ན། ཚིག་ཕྲད་ཅེས་བྱ་སྟེ། ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། ཁོ་ན་ཞེས་པའི་ཚིག་འདི་ལ་ཚིག་ཕྲད་ཅེས་པའི་རྒྱུ་མཚན་ནི། ཚིག་གཞན་དང་ཕྲད་ན་དོན་སྟོན་ལ་མ་ཕྲད་ན་དོན་གང་ཡང་མི་སྟོན་པས་དེ་སྐད་ཅེས་ བྱའོ།  །ཞེས་གསུངས་པའི་ཕྱིར། སྦྱོར་ཚུལ་ནི། རྗེས་འཇུག་ང་དང་ན་དང་མ་དང་འ་དང་ར་དང་ལ་དང་མཐའ་མེད་བདུན་པོ་དེའི་མཐར་ཞིང་ ཞེས་ཞེའོ་ཞེ་ན་ཞིག་སྟེ་ལྔ་སྦྱོར་དགོས་པ་ནི། དཔེར་ན། མཐོང་ཞིང༌། འཆང་ཞེས། བྱུང་ཞེའོ། །ལས་གང་ཞེ་ན། ནོར་འཚོང་ཞིག་གོ  གཏམ་ཉན་ཞིང༌། ཚིག་ལྡན་ཞེས། དགེ་ལ་འདུན་ཞེའོ། །ང་ཡིན་ཞེ་ན། དོན་ཞིག་གོ །དགྲ་བཅོམ་ཞིང༌། ངག་སྡོམ་ཞེས། བསམ་ཞེའོ། བདེན་ནམ་ཞེ་ན། ལམ་ཞིག་གོ །དམ་བཅའ་ཞིང༌། ཆོས་དཀའ་ཞེས། དགའ་ཞེའོ།  །མཁའ་ཞེ་ན། མཐའ་ཞིག་གོ །མི་དར་ཞིང༌། ཡིད་འགྱུར་ཞེས། གཏེར་ཞེའོ། །ནོར་ཞེ་ན། གསེར་ཞིག་གོ །ཕྱག་འཚལ་ཞིང༌། གོས་འཇོལ་ཞེས། ཉལ་ཞེའོ། །དཔལ་ཞེ་ན། ལྷ་མཇལ་ཞིག སེམས་སྤྲོ་ཞིང༌། ཡིད་བདེ་ཞེས། འགྲོ་ཞེའོ། །ཅི་སྐྱེ་ཞེ་ན། འབྲུ་ཞིག་གོ །ལྟ་བུ་དང༌། ཚིགས་སུ་བཅད་ན། བྱང་ཞིང་དྲང་ཞེས་འབྱུང་ཞེའོ། །གང་བཟུང་ཞེ་ན་སེམས་གཟུང་ཞིག །སྙན་ཞིང་འཇོན་ཞེས་དཀོན་ཞེ་འོ། །ལྷ་ཡིན་ཞེ་ན་དོན་ཞིག་གཉེར།  །འཇམ་ཞིང་ངོམ་ཞེས་འཛོམ་ཞེ་འོ།  །དབེན་ནམ་ཞེ་ན་ནམ་ཞིག་དབེན། །དགའ་ཞིང་བཟང་ཞེས་གདའ་ཞེ་འོ། །དུ་གདའ་ཞེ་ན་ འགའ་ཞིག་གོ །དར་ཞིང་འཕྱུར་ཞེས་འགྱུར་ཞེ་འོ། །ཅི་འཕྱར་ཞེ་ན་དར་འཕྱོར་ཞིག །འཆོལ་ཞིང་འཆལ་ཞེས་འཁྲུལ་ཞེ་འོ། །གང་འཚོལ་ཞེ་ན་ཆོས་ཚོལ་ཞིག །ཟ་ཞིང་བདེ་ཞེས་སྤྲོ་ཞེ་འོ། །ཨེ་སྨྲ་ཞེ་ན་མ་སྨྲ་ཞིག། ཅེས་པ་ལྟ་བུའོ།  །རྗེས་འཇུག་ག་དང་ད་དང་བ་དང་ད་དྲག་ཅན་གྱི་མཐར་ཅིང་ཅེས་ཅེའོ་ཅེ་ན་ཅིག་བཅས་ ལྔ་པོ་སྦྱོར་དགོས་པ་ནི། དཔེར་ན། ནམ་མཁའ་རྟག་ཅིང༌། སྒྲ་མི་རྟག་ཅེས་མྱུར་དུ་འདུག་ཅེའོ། །གང་བཀག་ཅེ་ན། ཆུ་ཁོག་ཅིག གྲུབ་མཐར་རྩོད་ཅིང༌། ཆོས་བཤད་ཅེས། དེ་ལྟར་འཐད་ཅེའོ། །རྟགས་བཀོད་ཅེ་ན། ཐག་ཆོད་ཅིག བྱང་ཆུབ་ཅིང༌། གོས་བཀབ་ཅེས། འབྲུ་བཏབ་ཅེའོ། །ཉེས་པ་འཆབ་ཅེ་ན། སྨྲ་ཕབ་ཅིག ལུས་བརྒྱནད་ཅིང༌། གོས་བསྟནད་ཅེས། རྟར་བསྐྱོནད་ཅེའོ། །དོན་མཁྱེནད་ཅེ་ན། མྱུར་དུ་སྟོནད་ཅིག  མདོག་ གྱུརད་ཅིང༌། དངུལ་ཁྱེརད་ཅེས། གནས་བསྐོརད་ཅེའོ། །ཤིང་བཅེརད་ཅེ་ན། མེ་སྤོརད་ཅིག བཞོན་པ་བཙལད་ཅིང༌། ཁལ་བཀལད་ཅེས། དུང་མ་བསྙལད་ཅེའོ། །ས་བསྙིལད་ཅེ་ན། ཆུ་བསྐྱིལད་ཅིག ལྟ་བུ་དང༌། ཚིགས་སུ་བཅད་ན། རྟག་ཅིང་རྟོག་ཅེས་ལྷག་ཅེའོ། །སུ་འདུག་ཅེ་ན་ཁྱོད་འདུག་ཅིག །རྒུད་ཅིང་ཟད་ཅེས་མེད་ཅེའོ། །ཅི་འཆད་ཅེ་ན་ཆོས་ཤོད་ཅིག །ཟབ་ཅིང་ཐོབ་ཅེས་ནུབ་ཅེའོ། །གང་རྒྱབ་ཅེ་ན་སྔས་རྒྱོབ་ཅིག །མཁྱེན་ཅིང་འཕྲལ་ཅེས་བརྒྱན་ཅེའོ། །ཅི་གྲོལ་ཅེ་ན་གྲོལ་གྱུར་ཅིག །ཅེས་པ་ལྟ་བུའོ།  །ཤེས་ཞེས་ན་དོན་གཞན་དང་ནོར་བ་སྲིད་པས་ས་མཐར་ཚིག་ཕྲད་དམིགས་བསལ་ཞེས་མ་ གཏོགས་པར་ཤེས་མི་སྦྱོར་བ་ནི། དཔེར་ན། དོན་གཟིགས་ཞེས། གཏོར་མ་བྱས་ཞེས།  འདི་ ལྟར་བྲིས་ཞེས་བརྗོད། ཅེས་པ་ལྟ་བུ་དང༌། གཞན་ས་མཐར་ཤིང་ཤིག་ཤེའོ་ཤེ་ན་བཞི་འཐོབ་པ་ནི། དཔེར་ན། ཞེས་གསུངས་ཤིང༌། འདི་གྱིས་ཤིག བྱས་ཤེའོ། ལེགས་ཤེ་ན། ལྟ་བུ་དང༌། ཚིགས་སུ་བཅད་ན། འགྲོ་ལ་སྐྱོབས་ཞེས་ཕན་འདོགས་ཞེས།  །ཀུན་ཏུ་གཟིགས་ཞེས་དམ་པ་རྣམས།  །འདུས་ཤིང་འབྲལ་བར་ངེས་ཤེའོ། །ཅི་ངེས་ཤེ་ན་ཆོས་སྨྲོས་ཤིག ཅེས་པ་ལྟ་བུའོ། །གོང་གི་ཞེའོ་དང༌། ཅེའོ་དང༌། ཤེའོ་རྣམས་ཟེར་རོ་དང་བརྗོད་དོ་ཞེས་པའི་དོན་དང༌། ཞེ་ན་དང༌། ཅེ་ན་དང༌། ཤེ་ན་རྣམས་ཟེར་ན་དང་བརྗོད་ན་ཞེས་པའི་དོན་དང༌། ཅེས་དང་ཞེས་གཉིས་ཟེར་ཞེས་པའི་དོན་དུ་འགྱུར་རོ། །
            གཉིས་པ་འཁྲུལ་བ་སྤང་པ་ནི།
(འགྲེལ་པ་ལས)འོན་ཀྱང་ཁ་ཅིག་ལན་ཅིག་སོགས། །
མིང་གི་ཆ་དང་མ་ནོར་གཅེས། །
ཞེས་ པ་སྟེ། དེ་ལྟར་བཤད་པ་དེ་རྣམས་ལས་འོན་ཀྱང༌། ཁ་ཅིག་དང༌། ལྷན་ཅིག་དང༌། སྐད་ཅིག་དང༌། ཆབས་ཅིག་དང༌། ཐབས་ཅིག་དང༌། སྟབས་ཅིག་དང༌། སྐབས་ཅིག་སོགས་ཀྱི་ཅིག་ཅེས་པ་ནི་མིང་གི་ཆ་ཤས་ཡིན་ཅིང༌། ཚིག་ཕྲད་མ་ཡིན་པས་དེ་འདྲ་བ་དང་མ་ནོར་བར་སོ་སོར་འབྱེད་དགོས་པ་ཤིན་ཏུ་གཅེས་ པར་བཟུང་དགོས་པ་ཡིན་ནོ། །
            གཉིས་པ་འ་མཐའ་འཇུག་མིན་གྱི་དབྱེ་བ་བཤད་པ་ནི།
(འགྲེལ་པ་ལས།)  རྐྱང་པ་འཕུལ་ལ་འ་མཐའ་དགོས། །
གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང༌། །
ཞེས་པ་སྟེ། གུག་ཀྱེད་བརྩེགས་འདོགས་ཅན་གང་ཡང་མ་ཡིན་པ་ནི་རྐྱང་པ་ཡིན་ཅིང༌། དེ་འདྲའི་ཡི་གེ་རྐྱང་པ་ཡིན་པ་ལ་འཕུལ་བྱེད་སྔོན་འཇུག་ལྔ་གང་ཡང་རུང་བ་ཡོད་ན་འ་མཐའ་ངེས་པར་དགོས་པ་ནི། དཔེར་ན། གཉའ་ཤིང༌། དཔའ་བོ། །བཅའ་ཡིག མདའ་པ། འགའ་ཞིག ལྟ་བུའོ། །གུག་ཅེས་པས་གི་གུ་དང་ཞབས་ཀྱུ།  ཀྱེད་ཅེས་པས་འགྲེང་བུ་དང་ན་རོ།  བརྩེགས་ཞེས་པས་ར་མགོ་དང་ལ་མགོ་དང་ས་མགོ  འདོགས་ ཞེས་པས་ཡ་དང་ར་དང་ལ་དང་ཝའི་སྨད་འདོགས་བཞི་སྟེ། རྐྱང་པ་མིན་པ་དེ་རྣམས་ལ་འ་མཐའ་ངེས་པར་སྤོངས་དགོས་པ་ནི། དཔེར་ན། དེ་ལྟར་བླ་ཡི། མེ་ཏོག་གི་འབུ། བྲམ་ཟེ། ཆོས་གོས་བགོ  གོ་བྱེད་ བརྡ། ཡོད་པར་ལྟ། རྟའི་སྒ། འདབ་ཆགས་བྱ། གཡུ་ཕྲ། ཉིན་གཅིག་གི་གླ། ལྕང་རྭ། ལྟ་བུ་དེ་རྣམས་ལ་བླ་ཡིའ་ཞེས་པ་ལྟ་བུའི་འ་མཐའ་ངེས་པར་སྤོང་དགོས་སོ།  །
            གསུམ་པ་ཚེག་ཤད་ཀྱི་ཁྱད་པར་བསྟན་པ་ནི།
(འགྲེལ་པ་ལས།)  ལྷུག་པའི་དོན་མང་མིང་མཚམས་དང༌། །
དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །
ཚིགས་བཅད་ག་མཐར་ཆིག་ཤད་བྱ། །
རྫོགས་ཚིག་མཐའ་ཅན་ལྷུག་པ་དང༌། །
ཚིགས་བཅད་རྐང་མཐར་ཉིས་བཤད་འཐོབ། །
དོན་ཚན་ཆེན་མོ་རྫོགས་པ་དང༌། །
ལེའུའི་མཚམས་སུ་བཞི་ཤད་དགོས། །
ང་ཡིག་མ་གཏོགས་ཡིག་ཤད་དབར། །
ཚེག་མེད༌༌༌༌༌༌། །
ཅེས་ པ་སྟེ། དེ་ཡང་སངས་རྒྱས་ཞལ་བཞུགས་པའི་དུས་སུ། རྒྱལ་པོ་ཤར་པའི་བཙུན་མོ་སྔོ་བསངས་མ། བུད་མེད་ཀྱི་འཁོར་ལྔ་བརྒྱ་དང་བཅས་པས་མཚན་མོ་སྒྲོན་མེའི་འོད་ལ་སངས་རྒྱས་ཀྱི་ བཀའ་བཀླགས་པར་འདུལ་བ་ལུང་ལས་གསུངས་པ་ལྟར། སངས་རྒྱས་ཞལ་བཞུགས་དུས་སུ་གསུང་རབ་ཡི་གེར་འཁོད་པ་ཡོད་ཅིང༌། ཡི་གེ་གང་བྲི་ཡང་ཐམས་ཅད་ཐོབ་དག་པ་ཚུགས་ལེགས་པ་དགོས་ལ།  དེ་ཡང་ ཀ་ག་ཉ་ཏ་ད་ན་ཞ་ཤ་ཧ་རྣམས་རྐང་པ་ཅན་གྱི་ཡི་གེ་དགུ་ཞེས་གྲགས་པ་ལྟར་ཡི་གེ་གཞན་ རྣམས་ལས་རྐང་པ་ཅུང་རིང་བ་དགོས། ཡིག་འགོར་འབྲི་རྒྱུ་འདི་(༄༅)་ལ་ཀྱོག་དང་བེ་རྒ་དང་དབུ་ཁྱུད་ཅེས་བརྗོད་པ་འདི་གསུམ་དོན་གཅིག་གོ །མིང་གི་མཚམས་དང་ཚིགས་བཅད་རྐང་པའི་མཐར་འབྲི་རྒྱུ་འདི༌( )ལ་ཕུར་ཤད་ཅེས་བརྗོད། ཐིག་མགོར་ཡི་གེ་གཅིག་ལུས་ཚེ་འབྲི་རྒྱུ་འདི་( )ལ་རིན་ཆེན་སྤུང་ཤད་ཅེས་བརྗོད། ལེའུ་དང་ས་བཅད་ཆེན་མོ་རྫོགས་མཚམས་སུ་འབྲི་རྒྱུ་འདི༌( )ལ་སྦྲུུལ་ཤད་ཅེས་བརྗོད། དེ་དག་འཐོབ་ཚུལ་ནི། དབུ་ཁྱུད་ནི་ཤོག་རེའི་དབུ་རུ་དགོས་ལ། སྦྲུལ་ཤད་དང་རིན་ཆེན་སྤུང་ཤད་གཉིས་ནི་གོང་དུ་བཤད་པ་ལྟར་དང༌། ཚིག་ལྷུག་དོན་མང་པོ་ཡོད་པར་མིང་གི་སྐེད་པ་བཅད་པ་ལྟ་བུ་མ་ཡིན་པ་མིང་གི་མཚམས་ སུ་ཕུར་ཤད་( )དང་ཚེག་རེ་འཐོབ་པ་ནི། དཔེར་ན། ཆོས་ཀྱི་སྡོམ་བཞི་ནི། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་ཞིང་བདག་མེད་པ་དང༌།  མྱ་ ངན་ལས་འདས་པ་ཞི་བའོ། །ཞེས་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། ཞེས་སོགས་ལྟ་བུའོ།  །དོན་མང་ཉུང་འབྲིང་ཙམ་ཡོད་ན་མིང་དོན་གྱི་དབྱེ་བ་འབྱེད་ཕྱིར་མིང་མཚམས་སུ་ ཤད་རེ་ཐོབ་པ་ནི། དཔེར་ན། སངས་རྒྱས་ནི་སྐྱབས་སྟོན་པ་པོ་དང༌།  ཆོས་ནི་སྐྱབས་དངོས་དང༌། དགེ་འདུན་ནི་སྐྱབས་སྒྲུབ་པའི་ཟླ་གྲོགས་སོ། །ཞེས་དང༌། པྲ་ཏིའི་ཀུན་བཟང་དགོངས་རྒྱན་དང༌།  སི་ ཏུའི་འགྲེལ་ཆེན་གྱི་དོན། ལྟ་བུའོ། །དོན་ཉུང་ངུ་ལས་མེད་ན་རྫོགས་མཚམས་སུ་ཤད་རེ་ཐོབ་པ་ནི། དཔེར་ན། དེ་ལྟར་ལགས། ཆོས་བསྟན་པར་འགྱུར། ལྟ་བུའོ།  །ཚིགས་བཅད་ཀྱི་རྐང་པའི་མཐར་ཀ་ག་ཤ་གསུམ་གང་རུང་ཞིག་ཡོད་ན་དེའི་མཐར་ཆིག་ཤད་ རེ་བྱ་དགོས་པ་ནི། དཔེར་ན། དལ་འབྱོར་རྟེན་བཟང་མ་ཎྀ་ཀ །དོན་མེད་ཆུད་ཟོས་མ་བྱེད་ཅིག །རབ་ཏུ་གཅེས་པའི་སྙིང་གི་ཤ །དོར་བར་བླ་ཡི་སྐྱབས་མ་དོར། །ལྟ་བུའོ། །གོ་ངོ་དོ་ནོ་སོགས་རྫོགས་ཚིག་མཐའ་ཅན་ གྱི་ཚིག་ལྷུག་པ་ལ་ཤད་གཉིས་རེ་( )འཐོབ་པ་ནི། དཔེར་ན། ཆོས་གོས་སེར་པོ་དང་ལྡན་པ་འདི་ནི་དགེ་སློང་ངོ༌། །སངས་རྒྱས་ཀྱི་བསྟན་པ་ལ་ ལེགས་པར་རབ་ཏུ་བྱུང་བར་གྱུར་ཏོ། །ལྟ་བུའོ། །རྐང་མཐར་ག་མེད་པའི་ཚིགས་བཅད་ཐམས་ཅད་ཀྱི་རྐང་མཐར་ཉིས་ཤད་རེ་འཐོབ་ པ་ནི། དཔེར་ན། གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ།  །ལྟ་བུའོ།  །དོན་ཚན་ཆེན་མོ་རྫོགས་པའི་མཚམས་ཡིན་ན་ཤད་བཞི་( ༎ ༎)འཐོབ་ པ་ནི། དཔེར་ན། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་བཤད་ཟིན་ཏོ།།  །།ལུང་སྟོན་པ་རྩ་བ་སུམ་ཅུ་པ་རྫོགས་སོ།། །།ལྟ་བུའོ། །ལེའུའི་མཚམས་སུ་བཞི་ ཤད་འཐོབ་དགོས་པ་ནི། དཔེར་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ་ཞེས་བྱ་བ་སྟེ་ལེའུ་དང་པོའོ།།  །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ ཅེས་བྱ་བ་ལས། ལམ་ཤེས་པ་ཉིད་ཀྱི་སྐབས་ཏེ་གཉིས་པའོ། ། །།ལྟ་བུའོ། །ལེའུ་དང༌། སྐབས་དང༌། རབ་བྱེད་དང༌། སརྒ་དང༌། དུམ་བུ་དང༌། རྟོག་པ་དང༌། རྟག་པ་ཞེས་པ་རྣམས་མིང་གི་རྣམ་གྲངས་སུ་བཤད་དོ།  །ང་ཡིག་མ་གཏོགས་མཐའི་ཡིག་ཤད་ཀྱི་བར་དུ་ཚེག་མེད་ཅིང༌། དབུ་ཆེན་གྱི་སྐབས་སུ་མཐའི་ང་ཡིག་དང་ཤད་ཀྱི་བར་དུ་པ་དང་ནོར་དོགས་ཀྱིས་ཕྱེ་ ཚེག་གམ་ང་ཚེག་འཐོབ་པ་ནི། དཔེར་ན། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང༌། །གྲུབ་ཐོབ་དང༌། ལྟ་བུའོ། །གཞན་ལ་ཡི་གེ་དང་ཤད་ཀྱི་བར་དུ་ཚེག་མི་བྱེད་པ་ནི། དཔེར་ན། གང་གི་སྒྲ་དབྱངས་ཀུན་གསུངས་པ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།  །ལྟ་བུའོ།  །འདི་དག་ནི་ཤས་ཆེར་ཡི་གེ་དབུ་ཆེན་ཁོ་ནའི་དབང་དུ་བྱས་ཀྱི་དབུ་ཆུང་ལ་ཇི་ལྟར་ དགོས་མིན་སོགས་ཀྱི་དབྱེ་བ་ཡང་ལེགས་པར་ཤེས་དགོས་པ་ཡིན་ནོ།  །
            བཞི་ པ་གདམས་ངག་བརྗོད་པས་བསྡུ་བ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །དང་པོ་ལ་བཞི། །ཚིགས་བཅད་འགྲོལ་ལ་འདོམས་པ། ཉན་པ་པོ་སྤྲོ་བ་སྲིང་པའི་སྒོ་ནས་འདོམས་པ། བསླབ་ཚུལ་གོ་རིམ་ལ་འདོམས་པ། གདམས་ངག་སྣོད་རུང་ལ་བསྟན་དགོས་པར་འདོམས་པའོ། །
དང་པོ་ནི།          ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །
ཅུང་ཟད་བསྡུས་པ་ཡོད་ན་ཡང༌། །
དེ་ནི་དེ་བཞིན་སྦྱར་བར་བྱ། །
ཞེས་པ་སྟེ། རྒྱལ་བའི་བཀའ་དང་བསྟན་བཅོས་ཡན་ལག་དང་བཅས་པ་རྣམས་ལ། ཚིགས་སུ་བཅད་པ་ཡང་དག་པར་སྦྱར་བའི་ཚེ་ཚིག་སྡུད་མང་བ་ཡིན་པས་རྣམ་དབྱེ་དང་ ཚིག་ཕྲད་ལ་སོགས་པའི་མཚམས་སྦྱོར་མང་དུ་བསྡུས་པ་ཡོད་ན་ལྟ་ཅི་སྨོས། ཅུང་ཟད་བསྡུས་པར་གྱུར་པ་ཡོད་ན་ཡང༌། དེ་ནི་འདིར་སྔོན་དུ་བསྟན་པའི་སླར་བསྡུ་ལ་སོགས་པ་ཇི་སྐད་བཤད་པ་དེ་བཞིན་དུ་བསྣན་ཅིང་སྦྱར་ཏེ་བཤད་པའི་དོན་ཁོང་དུ་ཆུད་ པར་བྱ་སྟེ། དཔེར་ན། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་པ་ལྟ་བུར། ཟག་པ་དང་བཅས་པའི་ཆོས་རྣམས་དང༌། ཟག་པ་མེད་པའི་ཆོས་རྣམས། ཞེས་སྡུད་པའི་སྒྲ་དང་འབྲེལ་སྒྲ་སོགས་བསྣན་ནས་དོན་རང་གིས་བསམ་པ་དང་གཞན་ལ་ འཆད་དགོས་པ་བཞིན་ནོ།  །
            གཉིས་ པ་ཉན་པ་པོ་སྤྲོ་བ་སྲིང་བའི་སྒོ་ནས་འདོམས་པ་ལ་གསུམ། རྗེས་འཇུག་མེད་མི་རུང་དུ་བསྟན་པ། རྗེས་འཇུག་ཤེས་པའི་དགོས་པ་བསྟན་པ། དེ་དོན་ལ་དབབ་པའི་ཚུལ་བསྟན་པའོ། །
དང་པོ་ནི།          སྔོན་འཇུག་ཡོད་དམ་མེད་ཀྱང་རུང༌། །
མིང་གཞིའི་ཡི་གེ་གང་ཡིན་ལ། །
ཉིས་འབྲེལ་ཡོད་དམ་སུམ་འབྲེལ་ཡོད། །
ཨཱ་ལི་བཞི་ལས་གང་ལྡན་ཡང༌། །
རྗེས་འཇུག་བཅུ་བོ་མ་ཞུགས་ན། །
མིང་གཞན་སྦྱོར་བ་ཡོད་མི་སྲིད། །
ཅེས་ པ་སྟེ། མིང་ཚིག་གི་སྦྱོར་བ་རྣམས་ལ་གོང་དུ་བཤད་པའི་སྔོན་འཇུག་གི་ཡི་གེ་རྣམས་སྔོན་ དུ་ཞུགས་ཡོད་དམ་མེད་ཀྱང་རུང་སྟེ། དཔེར་ན། བཀ་དང་ཀ་ལྟ་བུ་དང༌། འཕུལ་རྟེན་གྱི་འཇུག་ཡུལ་མིང་གཞིའི་ཡི་གེ་གང་ཡིན་པ་རྣམས་ལ་སྐ་ལྟ་བུ་ཉིས་འབྲེལ་ ཡོད་དམ། སྐྱ་ལྟ་བུ་གསུམ་འབྲེལ་ཡོད་པ་དང༌། དེ་དག་ལ་ཨཱ་ལི་བཞི་ལས་གང་ཡང་རུང་བ་དང་ལྡན་པ། བཀི། ཀུ། སྐེ། སྐྱོ། ལྟ་བུ་རྣམས་ལའང་རྗེས་འཇུག་བཅུ་པོ་གང་ཡང་རུང་བ་ཞིག་མ་ཞུགས་ན། ཡི་གེའི་གཟུགས་དེ་ཉིད་ལས་མིང་དོན་གཞན་ལ་འཇུག་ཅིང་སྦྱོར་བ་ནི་ཚུལ་འདི་ལ་ནམ་ཡང་ཡོད་ པར་སྲིད་པ་མ་ཡིན་ཏེ། ད་ལྟ་སྐྱོ་ལྟ་བུས་དོན་ལ་འཇུག་པར་སྣང་ཡང་སྐྱོའ་ཞེས་པའི་འ་མཐའ་སྐད་གསར་བཅད་ ཀྱི་ཚེ་ཟོར་ཡང་བའི་ཆེད་དུ་ཕྱིས་པ་ཡིན་གྱི དོན་ལ་ཐོབ་ཐང་མེད་པ་ནི་མ་ཡིན་ནོ། །
            གཉིས་པ་རྗེས་འཇུག་ཤེས་པའི་དགོས་པ་བསྟན་པ་ནི། 
རྩ་བར།              རྗེས་འཇུག་བཅུ་ཡི་དོན་ཤེས་ན། །
འདྲི་དང་ཀློག་དང་བཤད་རྣམས་ཀྱི། །
མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང༌།  །
འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར། །
གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །
དོན་གྱི་སྦྱོར་བ་མ་མཐོང་ཡང༌།  །
དོན་དང་མཐུན་པའི་སྦྱོར་བ་ཤེས། །
ཞེས་ པ་སྟེ། དེ་ལྟར་རྗེས་འཇུག་བཅུའི་བྱ་བ་དང་གཙོ་བོར་འབྲེལ་བའི་ཕྲད་དང་རྣམ་དབྱེ་ལ་སོགས་ པའི་སྒྲ་དོན་གྱི་འཇུག་ཚུལ་ལེགས་པར་ཤེས་ན། མདོ་རྒྱུད་བསྟན་བཅོས་རྣམས་ཡི་གེར་འདྲི་བ་དང༌། བྲིས་ཟིན་པ་རྣམས་བརྗོད་པ་དག་པར་ཀློག་པ་དང༌། །ཚིག་དོན་རྒྱ་ཆེར་བཀྲོལ་ནས་བཤད་ པ་བྱེད་པ་དང༌། དེར་མ་ཟད་བསྟན་བཅོས་སོགས་རྩོམ་པ་དང༌། གཞན་གྱི་རྒོལ་བ་ཚར་གཅོད་པའི་ཕྱིར་རྩོད་པ་བྱེད་པ་ལ་སོགས་པའི་ཚེ། ཚིག་དོན་སྔ་ཕྱི་མཚམས་སྦྱོར་བའི་སྒྲ་དོན་རྣམས་ལ་བློ་གྲོས་ཀྱི་སྣང་བ་འཇུག་པར་ ཐོགས་པ་མེད་ཅིང༌། ཚིག་དོན་སྔ་ཕྱི་གོ་ལོག་པ་དང༌། མ་འབྲེལ་བ་དང༌། འགལ་བ་ལ་སོགས་པའི་སྐྱོན་མེད་པར་འཐད་པ་དང་ལྡན་ཅིང་འབྲེལ་ཆགས་པ་ཁོ་ན་སྨྲ་བའི་ མཆོག་ཏུ་འགྱུར་བ་དང༌། གཞན་ཡང་རྗེས་འཇུག་གི་དོན་ཚུལ་བཞིན་ཤེས་པ་དེས་བསྟན་བཅོས་ལ་སོགས་པའི་དོན་རྣམ་པར་འབྱེད་པའི་ སྦྱོར་བ་སྟེ། དེའི་འགྲེལ་བཤད་སོགས་སྔོན་ཆད་མ་མཐོང་ཡང༌། འགྲེལ་བཤད་སོགས་ཀྱི་དོན་དང་མཐུན་པའི་ཚིག་གི་སྦྱོར་བ་རྗེས་སུ་དཔགས་ཏེ་ཤེས་ པར་འགྱུར་རོ། །
            གསུམ་པ་དེ་དོན་ལ་དབབ་པའི་ཚུལ་བསྟན་པ་ནི།
རྩ་བར།              རྗེས་འཇུག་སྦྱོར་བ་མཁས་པ་ན། །
ལུང་གི་དོན་དང་སྦྱོར་བ་དང༌། །
བླ་མའི་མན་ངག་གསུམ་སྦྱར་ནས། །
དོན་གྱི་ཐོག་ཏུ་དབབ་པར་བྱ། །
ཞེས་པ་སྟེ།  རྗེས་འཇུག་གི་སྦྱོར་བ་རྣམས་ལ་མཁས་པར་གྱུར་ཅིང༌། ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་ལ་སློབ་པར་འདོད་པ་དེའི་ཚེ་ན། རིག་གནས་ཐུན་མོང་བ་དྲང་སྲོང་དང་པཎྜི་ཏས་བྱས་པའི་སྒྲ་ཚད་བཟོ་གསོ་རྩིས་སྙན་མངོན་སྡེབ་ཟློས་གར་གྱི་བསྟན་བཅོས་དང༌། ཐུན་མོང་མིན་པ་བཅོམ་ལྡན་འདས་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པའི་ལུང་གི་དོན་དང༌།  རྗེས་འཇུག་གི་སྦྱོར་བ་ལ་མཁས་པའི་རིགས་པ་དང༌། བསླབ་བྱའི་དོན་ལ་མཁས་པའི་བླ་མའི་མན་ངག་ལེགས་པར་མཉན་པ་སྟེ་གསུམ་པོ་དེ་ཕྱོགས་གཅིག་ ཏུ་ལེགས་པར་སྦྱར་ཏེ། ཤེས་པར་འདོད་པའི་གཞུང་དོན་གང་ཡིན་པ་དེའི་སྟེང་དུ་དབབ་པ་སྟེ་བདེ་བླག་ཏུ་ རྟོགས་པར་འགྱུར་བ་དེ་ལྟར་བྱའོ།  །དེའང་གཞུང་དོན་རྟོགས་དཀའ་ཞིང་འཁྲུལ་གཞི་ཡོད་པ་རྣམས་ལུང་དོན་དང་སྦྱོར་ དགོས་པ་དང༌།  ལུང་དོན་ཟབ་ཅིང་རྒྱ་ཆེ་བ་རྣམས་མན་ངག་གིས་འགྲོལ་དགོས་པའི་དོན་ཏེ། ཚིག་སྦྱོར་ཕྲ་མོ་རེ་ལའང་གསུམ་ག་ཚོགས་དགོས་པ་ནི་མ་ཡིན་ནོ། །
            གསུམ་པ་བསླབ་ཚུལ་གོ་རིམ་ལ་འདོམས་པ་ནི།
རྩ་བར།              བསླབ་ལ་བརྩོན་པའི་གང་ཟག་གིས། །
དང་པོར་ང་རོ་རྣམས་ལ་སྦྱང༌། །
སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །
ཀློག་གི་ཆེད་དུ་བསླབ་པ་ཡིན། །
རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །
མཉན་བསམ་བསྟན་པའི་དོན་དུ་སྦྱར། །
ཡན་ལག་དེ་དག་མཐུ་ཡིས་ནི། །
འབྲས་བུའི་ཆེད་དུ་དོན་ལ་དབབ། །
བསླབ་པའི་རིམ་པ་འདི་ཡིས་ནི། །
གང་ཞིག་འབད་པ་ཆུང་ངུས་ཀྱང༌། །
ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །
དེ་ཕྱིར་དང་པོར་འདི་ཉིད་བསླབ། །
དེ་ནས་རྒྱས་པའང་མཉན་བྱས་ཏེ། །
བསླབ་པ་གང་ལ་དད་པ་ཡི།  །
གཞུང་ཉིད་བླ་མ་དག་ལས་མཉན། །
ཞེས་ པ་སྟེ། རིག་པའི་གནས་གང་ཞིག་བསླབ་པར་བྱ་བ་ལ་བརྩོན་པས་འཇུག་པར་བྱེད་པའི་གང་ཟག་ལས་དང་ པོ་བ་དེས་ནི། དང་པོའམ་ཐོག་མ་ཉིད་དུ་ང་རོ་ཞེས་བྱ་བ་ཡི་གེ་རྐྱང་པ་རྣམས། ཡི་གེའི་མདོ་ལས་འབྱུང་བ་ལྟར་རང་རང་གི་སྐྱེ་གནས་དང༌། བྱེད་པ་དང༌། ཕྱི་ནང་གི་རྩོལ་བ་རྣམས་དང་མཐུན་པ་དང༌། དབྱངས་ལྡན་རྣམས་ཀྱང་སོ་སོའི་ང་རོ་དབྱུང་ཚུལ་དང་བཅས་རེ་རེ་ནས་ཀློག་པའི་སྒྲ་གདངས་ལ་སྦྱང་བར་བྱ་ཞིང༌། དེ་ནས་སྔོན་འཇུག་ལྔ་དང༌། འཕུལ་རྟེན་གྱི་འཇུག་ཡུལ་མིང་གཞི་སུམ་ཅུ་དང༌། རྗེས་འཇུག་བཅུ་སྟེ། དེ་གསུམ་ཅི་རིགས་པ་ཚེག་བར་གཅིག་ཏུ་སྦྱོར་བའི་ཚུལ་ཡང༌།  བྱིས་པ་བདེ་འཇུག་ནས་འབྱུང་བ་ལྟར་ཀློག་ལེགས་པར་ཤེས་པའི་ཆེད་དུ་བསླབ་པར་བྱ་བ་ཡིན་པ་ དང༌། ཀློག་ལ་བྱང་ནས་རྗེས་འཇུག་སྟེ་དེར་སྔོན་འཇུག་ཀྱང་འདུས་པས། དེ་དག་རྟགས་འཇུག་ནས་བཤད་པ་ལྟར། སྒྲ་དོན་གང་ལ་འཇུག་པ་དང༌། ཡི་གེ་གང་གིས་འཇུག་པ་དང༌། ཚུལ་ཇི་ལྟར་འཇུག་པ་དང༌། དགོས་པ་ཅིའི་ཕྱིར་འཇུག་པ་སྟེ་རྣམ་པ་བཞིའི་སྦྱོར་བ་རྣམས་ནི། བླ་མ་ལས་ལེགས་པར་བཤད་པ་མཉན་པ་དང༌། དེའི་དོན་རང་ཉིད་ཀྱིས་ཚུལ་བཞིན་དུ་བསམ་པ་དང༌། རང་གིས་ཁོང་དུ་ཆུད་ནས་གཞན་ལ་བསྟན་པ་རྣམས་ཀྱི་དོན་དུ་སྦྱར་ཏེ་མཁས་པར་བསླབ་པར་བྱའོ། །ཀློག་པ་དང་བརྡ་དག་གི་ཡན་ལག་དེ་གཉིས་ཀྱི་མཐུས་ནི། གང་བསླབ་པར་བྱ་བ་དེ་ཤེས་པའི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་དོན་ལ་དབབ་ནས་ཉམས་སུ་བསྟར་བར་བྱའོ།  །དེ་ལྟར་བསླབ་པའི་རིམ་པ་འདིས་ནི། སྐྱེས་བུ་གང་ཞིག་ཐོས་བསམ་ལ་བརྩོན་འགྲུས་ཆེན་པོ་དང་ལྡན་པ་རྣམས་སྨོས་ཅི་དགོས་ ཏེ། འབད་པ་ཆུང་ངུ་ཙམ་བྱས་པས་ཀྱང་ཚིག་དོན་ལ་རྨོངས་པ་མེད་པའི་ཤེས་རབ་མྱུར་དུ་ གྲོལ་བར་འགྱུར་རོ།  །རྒྱུ་མཚན་དེའི་ཕྱིར་མཁས་པར་འདོད་པ་རྣམས་ཀྱིས་ཐོག་མར་སུམ་ཅུ་པའི་གཞུང་འདི་ཉིད་བསླབ་པར་བྱ་ཞིང༌། འདི་ཤེས་ན་རྟགས་འཇུག་ལ་སོགས་པ་འདིའི་སྐོར་གཞན་རྣམས་དང༌། དེ་ནས་བརྡ་སྤྲོད་པའི་གཞུང་རྒྱས་པ་གཞན་དང་གཞན་རྣམས་ཀྱང་ཉན་པར་བྱས་ནས་ཁོང་དུ་ཆུད་ པ་ན། ཐེག་པ་གསུམ་གྱི་གཞིར་གྱུར་པའི་བསླབ་པ་གང་ལ་དད་ཅིང་སློབ་པར་འདོད་པ་དེའི་ གཞུང་ལུགས་ཡན་ལག་དང་བཅས་པ་ཉིད་བླ་མ་རྣམས་ལས་ཉན་པར་བྱའོ།  །
            བཞི་པ་གདམས་ངག་སྣོད་རུང་ལ་བསྟན་དགོས་པར་འདོམས་པ་ནི།
སློབ་དཔོན་དེ་ཉིད་དུ་འཛིན་ཅིང༌། །
ལེ་ལོ་གཡེང་བ་རྣམ་པར་སྤངས། །
ཟོ་བཟང་དད་པ་ལ་བརྟེན་པ། །
སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། །
དེ་ལ་དུས་སུ་འདོམས་པར་བྱ། །
ཅིག་ཤོས་དེ་ལས་ལྡོག་པའོ། །
ཞེས་ པ་སྟེ། བསྟན་བཅོས་འདི་ཉིད་ཀྱི་གདམས་ངག་བསྟན་དུ་རུང་བའི་སྣོད་ནི། གདམས་ངག་སྟོན་མཁན་གྱི་སློབ་དཔོན་དེ་ལ་སློབ་དཔོན་དུ་འཛིན་ཅིང༌། ཞེ་ས་དང་བཅས་པས་དྲིན་དུ་གཟོ་བ་དང༌། འགལ་རྐྱེན་བསླབ་པར་བྱ་བའི་གནས་དེ་ལ་སྤྲོ་བ་ཞན་པའི་ལེ་ལོ་དང༌། བྱ་བ་གཞན་ལ་འཇུག་པའི་གཡེང་བ་གཉིས་སྤངས་པ་སྟེ། སྐྱོན་དེ་དག་གིས་གླགས་མི་རྙེད་པའི་རྟག་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ་དང༌། མཐུན་རྐྱེན་ཟོ་སྟེ་རང་བཞིན་བཟང་ཞིང༌། བསླབ་བྱའི་གནས་ལ་མཆོག་ཏུ་དད་པ་ལ་བརྟེན་པའི་གུས་སྦྱོར་གྱི་བརྩོན་འགྲུས་དང་ ལྡན་པ་སྟེ། མཚན་ཉིད་གསུམ་དང་ལྡན་པའི་སྐྱེས་བུ་དེས་ནི། བསླབ་པར་བྱ་བ་གང་ཡིན་པ་དེ་མྱུར་དུ་རྟོགས་པར་འགྱུར་བས། དེ་ལ་དུས་ཤེས་པར་བྱས་ནས་དུས་སུ་འདོམས་པར་བྱ་ཞིང༌། གོང་དུ་བཤད་པའི་སྣོད་ལྡན་གྱི་ཅིག་ཤོས་སློབ་དཔོན་ལ་མི་གུས་པ་དང༌། ལེ་ལོ་དང་གཡེང་བ་ཅན་དང༌།  རང་བཞིན་ངན་ཅིང་དད་པ་མེད་པ་རྣམས་ནི་ སྣོད་དང་མི་ལྡན་པས། དུས་སུ་འདོམས་པ་དེ་ལས་གོ་ལྡོག་སྟེ་རེ་ཞིག་འདོམས་པར་བྱ་བ་མ་ཡིན་མོད། འོན་ཀྱང་ཕྱི་ནས་དོན་དུ་གཉེར་ཞིང་འདུན་པར་གྱུར་ན་ལེགས་པར་རྗེས་སུ་བསྟན་པར་ བྱའོ། །
གཉིས་པ་འགྲེལ་པ་ནི།  དེ་སོགས་ཞིབ་ཏུ་འབད། །
ཅེས་ པ་སྟེ། དེ་ལྟར་མཁས་པའི་ཕུལ་དུ་ཕྱིན་པར་འདོད་པ་རྣམས་ཀྱི་ནི། གོང་དུ་བཤད་པ་ལྟར་གྱི་རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་དང༌། རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་དང་བཅས་པའི་འཇུག་ཚུལ་དེ་དག་ལ་སོགས་པ་ སུམ་རྟགས་ཀྱི་ཚིག་དོན་ཕྲ་མོ་ལའང་ཞིབ་ཏུ་བརྟགས་ཤིང་དཔྱད་ནས་ལེགས་པར་འབད་ དགོས་ཏེ། སུམ་རྟགས་མ་ཤེས་ན་མཁས་པའི་གྲལ་དུ་ཆུད་པར་དཀའ་བས་སོ། །

གསུམ་པ་བཤད་པ་མཐར་ཕྱིན་པའི་ཚུལ།

            གསུམ་པ་བཤད་པ་མཐར་ཕྱིན་པའི་ཚུལ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          བྱཱ་ཀ་ར་ཎའི་རྩ་བ་སུམ་ཅུ་པ་ཞེས་བྱ་བ་
སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ། །
ཞེས་ པ་སྟེ། བྱཱ་ཀ་ར་ཎ་ལུང་སྟོན་པ། དེ་ཡང་སྒྲའི་མཚན་ཉིད་ལུང་དུ་སྟོན་པས་ལུང་སྟོན་པ། ལེའུ་ཕྱི་མ་རྟགས་འཇུག་གི་རྟེན་གཞིར་གྱུར་པས་རྩ་བ། གཞུང་ཚད་ཤླཽ་ཀ་སུམ་ཅུར་ཡོད་པས་སུམ་ཅུ་པའོ། །སློབ་དཔོན་ཨ་ནུ་སྟེ་ཐོན་མི་སམྦྷོ་ཊས་མཛད་པ་རྫོགས་སོ། །ཞེས་པའོ། །
གཉིས་ པ་འགྲེལ་པ་ནི། ཚིག་གི་ལོ་མས་མ་བསྒྲིབས་ཤིང༌། །དོན་གྱི་འབྲས་བུ་གཡུར་ཟ་བའི།  །ལེགས་བཤད་ལྗོན་པའི་དབང་པོ་འདི། །དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ། །
ཅེས་ པ་སྟེ། ཚིག་དོན་བོད་ཀྱི་ཡི་གེའི་བརྡ་དཔྱད་ལ་ཉེ་བར་མཁོ་བ་སློབ་དཔོན་ཆེན་པོ་ཐོན་མིས་ མཛད་པའི་སུམ་ཅུ་པའི་དོན་གཞོན་ནུ་བློ་གསར་རྣམས་ལ་གོ་བདེ་བའི་ཕྱིར་དུ་དགོས་ མེད་དང༌། ཡང་ཡང་ཟློས་པ་ལ་སོགས་པའི་ཚིག་གི་ལོ་མས་མ་བསྒྲིབས་ཤིང༌། དོན་གྱི་སྙིང་པོ་རྣམས་གསལ་བར་ཕྱེ་བའི་འབྲས་བུ་གཡུར་དུ་ཟ་བའི་ལེགས་བཤད་ཀྱི་ བསྟན་བཅོས་ཡོན་ཏན་གྱི་ཚོགས་འབད་མེད་དུ་འཇོ་བའི་ལྗོན་པའི་དབང་པོ་འདི་ཉིད་ བྱེད་པོ་དགེ་སློང་བློ་བཟང་ཆོས་འཕེལ་ལམ། བརྡ་སྤྲོད་ཀྱི་མིང་དབྱངས་ཅན་གྲུབ་པའི་རྡོ་རྗེས་གཞན་ཕན་གྱི་ལྷག་བསམ་བཟང་པོས་ སྤེལ་བའོ།། །།
སྨྲས་པ། ཀུན་ཏུ་ལེགས་བྱས་རབ་ཡངས་འོ་མཚོ་ཆེ། །
ཀུན་གྱི་དྲི་མའི་དུད་ཁུ་རིང་དུ་འདོར། །
ཀུན་ཀྱང་རིག་ཚུལ་ཟབ་མོར་རྟག་པར་རོལ། །
ཀུན་གཟིགས་དཔལ་སྟུག་མཆོག་ཏུ་འགྱུར་བར་ཤོག །
ཅེས་ལུང་སྟོན་པ་སུམ་ཅུ་པ་དང་དེའི་སྙིང་པོ་ལེགས་བཤད་ལྗོན་དབང་སྦྱར་བའི་འགྲེལ་པ་ཐུ་མིའི་དགོངས་པ་རབ་ཏུ་ གསལ་བའི་སྣང་བྱེད་ཅེས་བྱ་བ་འདི་ནི། སྔར་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་རྟགས་འཇུག་རྩ་འགྲེལ་སྦྱར་བའི་འགྲེལ་པ་ བགྱིས་ཟིན་ཀྱང༌། བློ་གསལ་གཞན་ལ་ཕན་པ་དང་སུམ་རྟགས་ཡ་བྲལ་དུ་མ་སོང་བའི་ཆེད་དུ་ད་དུང་སུམ་ཅུ་པ་ རྩ་འགྲེལ་སྦྱར་བའི་འགྲེལ་པ་ཞིག་དགོས་ཞེས་ཁྲིག་དགོན་ཤར་སྤྲུལ་བྱམས་པ་བསྟན་ འཛིན་གྱིས་བསྐུལ་ངོར། དཀའ་ཆེན་བློ་བཟང་བཟོད་པས་སྔར་ཉི་འོད་དུ་ལག་ལེན་སྙིང་པོར་འདྲིལ་བའི་སློབ་སྦྱོང་སྐབས་སྐྱབས་མགོན་ཐམས་ཅད་མཁྱེན་པ་ཆེན་པོར་སྤྱན་ཞུར་ཕུལ་བའི་དཔེར་བརྗོད་རྣམས་གུང་ བསྒྲིགས་ནས། ཁྲིག་དགོན་གཟིམ་ཆུང་ངོ་མཚར་ཕུན་ཚོགས་སུ་སྦྱར་བའོ། །རྩ་བའི་ཚིག་འགྲེལ་རྣམས་ དངུལ་ཆུའི་སུམ་རྟགས་ཀྱི་འགྲེལ་པ་གཞིར་བཞག་པ་ཡིན་ནོ།།     །།