༄༅། །བོད་ལྗོངས་ལྷ་མི་ཡོངས་ཀྱིས་དད་མོས་རྩེ་གཅིག་གིས་ལུགས་གཉིས་ཀྱི་འདྲེན་པ་མཆོག་ཏུ་མངའ་གསོལ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཆེན་པོའི་ཕྱག་ཐམ།

སེམས་འཚོར་དམར་པོ།

སེམས་འཚོར་དམར་པོ།
འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།

ཟིན་བྲིས་རྣམས་གྲངས།

དྲང་སྲོང་རྒན་པོའི་ལྟ་གྲུབ།

ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།།སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།།སུ་དང་གང་གིས་འཇུ་ཡང་མི་ཟིན་པ།།བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།
ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།།དེ་རིང་གཡའ་དག་མཁའ་ནས་ཉི་གཞོན་འཛུམ།།གནམ་སའི་གཤིས་ལུགས་ངེས་མེད་འགྱུར་བ་འདི།།འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།
འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།།རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།།གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།།དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།
བྱང་ཐང་བྱེ་མ་སྤུངས་པའི་ཇག་ལམ་ན།།མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།།ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།།གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།
གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།།ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།།སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།།སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།
2007/3/26/བྲིས།

གདུང་བའི་སྨྲེ་ངག


གཉིད་ནི་རྨོངས་དང་འཐོམ་པའི་ཆ་ལག་ཕྱིར།།སུ་དང་གང་གིས་བསྟོད་པ་མི་བྱེད་མོད།།རྨི་ལམ་གྲོང་ཁྱེར་འགྲིམས་པའི་ལྟད་མོ་ལ།།གཟིགས་ན་གཉིད་ལ་མི་བསྟེན་མཐུ་མེད་ཡིན།།ངོས་འཛིན་གཏོད་སོ་མེད་པའི་བར་སྣང་གི།།མཛེས་མཚོན་ཁ་དོག་བཀྲ་བའི་འཇའ་རིས་སྣེ།།འཁྲུལ་སྣང་ཨ་ཐས་ཟབ་པའི་བོད་རྒན་ཚོས།།རེ་བས་ཤི་འཐམ་བྱས་པའི་རྨི་ལམ་རིང༌།།གཞན་འཚང་སྔོག་པའི་ཕག་གི་མཆུ་ཏོ་ལ།།རང་འཚང་སྐྱག་པ་འགོས་པའི་དྲི་ངན་གྱིས།།དངོས་དོན་བདེན་པའི་དྲི་བསུང་འཐུལ་བ་ལ།།ཕན་པའི་རེ་བ་བཅོལ་པའི་འཁྲུལ་སྣང་ཟབ།།ཟླ་འོད་མུན་པས་ཟོས་པའི་མཚན་མོ་ན།།ནག་ཅན་རྐུན་མའི་གྲིབ་གཟུགས་མ་མཐོང་བར།།འབ་སྒྲས་གནམ་ས་དབྲལ་བའི་ཁྱི་རྒན་ལ།།རེ་བའི་བློ་གཏོད་བྱས་པའི་ལྷ་སྒྲུང་སྙན།།སྤང་རྒྱན་མེ་ཏོག་བཀྲ་བའི་གླིང་ཁ་ན།།ཕྱེ་མ་ལེབ་ཀྱིས་འཕུར་ལྡིང་རྩེན་པའི་རྗེས།།བསམ་མེད་བྱིས་པ་རྒྱུག་པའི་རྡོག་སྣེ་ནས།།གཡང་སའི་རྡོ་ལ་བརྡབས་པའི་ངུ་རྒྱངས་ཐོས།།ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་དུ།།འཁྱགས་པས་ས་གཞི་བསྡམས་པའི་སྲུབ་ཀ་ནས།།ལྗང་མདོག་མྱུ་གུ་འབུས་པའི་རེ་བ་འདིས།།མེས་པོའི་སྙིང་ལ་འཇའ་ཡི་ཁང་བཟང་བསྐྲུན།།བསམ་གཞིགས་འཁྱགས་ལ་འབྱར་བའི་གྲང་ལྷག་གསེབ།།རྣམ་རྟོག་བུ་ཡུག་འཚུབ་པའི་དུར་ཁྲོད་ན།།ཕ་མེས་སྟོང་གི་རྣམ་ཤེས་ཐིམ་པའི་ཤུལ།།རེ་བའི་ལྷག་མ་འཇགས་རྩྭ་སྐམ་པོ་ཙམ།། ༢༠༠༧.༣.༢༠ ལ་བྲིས།

ཕྱིར་དྲན།

རི་རྩེ་ཁ་བས་ཉིན་རེ་ཉིན་རེར་བསྟིམས།།ནགས་ཀྱི་ཤིང་ལོ་རིམ་གྱིས་རིམ་གྱིས་ལྷུང༌།།ད་ནི་ཁོར་ཡུག་མཛེས་པའི་རྣམ་ཤེས་འདིའང༌།།དགུན་འཁྱགས་ལྷགས་པའི་རུམ་དུ་འབྱར་བར་ངེས།།ད་ནངས་བྱེ་འུའི་གསུང་སྙན་མ་ཐོས་གོང༌།།ཞོགས་རླུང་བསིལ་མོས་ཕྲ་ཡོལ་ཁད་ཀྱིས་ཕྱེས།།མགོ་བོ་སྔས་ལ་འབྱར་བའི་རྨི་ལམ་ཡང༌།།གཟུགས་མེད་རླུང་བུ་ལྡང་བས་ཧད་ཀྱིས་དཀྲོགས།།དབྱར་དགུན་སྟོན་དཔྱིད་ཤོག་ལྷེ་བསྒྱུར་བ་བཞིན།།དུས་བཞི་ཤུགས་ཀྱིས་ལོ་ཡི་འཁོར་ལོ་བསྐོར།།མི་ལོ་བཅུ་བདུན་ས་མཐར་དལ་གྱིས་རྫོགས།།དྲན་ཤེས་བསྣོལ་མས་སེམས་ཀྱི་ཚོར་འདུ་བཀྲུགས།།ལྟེ་ཁྲག་གང་དུ་འཕོས་པའི་ཕ་ཡུལ་དང༌།།བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་ཕ་མ་ཟུང༌།།ཤ་ཁྲག་གཅིག་པའི་སྤུན་ཉེ་གྲོགས་པོ་སོགས།།རི་ཁྲི་ཆུ་སྟོང་བརྒལ་བའི་ཕ་རོལ་ལུས།།མི་ཡུལ་འཁྱམས་པ་མི་ཡི་ལས་དབང་སྟེ།།ལྷ་ཡུལ་སླེབས་པའི་རེ་བ་བདག་ལ་མེད།།རང་ལུས་རང་ལ་དབང་བའི་ལས་དབང་ཞིག།མི་མངོན་གནམ་གྱི་དབྱིངས་ནས་གནང་རོགས་གྱིས།།
Powered by Blogger.

འཁྲུལ་སྣང༌།


ཡ་ཀི་རྩ་གསུམ་ལྷ་ཡུལ་མན་ཆད་ནས།།མ་ཀི་རྡོ་རྗེའི་དམྱལ་ཁམས་ཡན་ཆད་ན།།བྱ་བྱེད་བསྣོལ་མ་འཐབ་པའི་འཁྲུལ་སྣང་འདི།།སྒྱུ་རྩལ་སྙན་ངག་སྨྲ་བའི་ལྟད་མོ་ཞིག།
ཕ་རྒན་མུ་གེས་ཤི་བའི་དུར་ས་ན།།བུ་རྒྱུད་ཕྱུག་པོས་ཐུགས་སྤྲོ་བཏང་བྱས་ཏེ།།རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་པ་ཡིས།།རྣམ་ཤེས་འཁྱམས་པོ་འགུག་པའི་མགྲོན་བརྡར་སྨྲ།།
མ་རྒན་ཆང་སར་ཆས་པའི་རྟེན་འབྲེལ་ཐོག།བུ་མོས་བྲོ་གར་ཁྲབ་པའི་གླུ་གཞས་ཀྱིས།།ཆང་དང་སྦི་རག་མཆོད་པའི་སྐུ་མགྲོན་ཚོར།།སེམས་ཁམས་རླུང་གིས་བཀྱགས་པའི་འཁྲུལ་སྣང་སྟེར།།
ཡོད་ཚད་མཇེ་ཡིས་ཕུང་པའི་སྔགས་རྒན་དང༌།།དད་རྫས་སྟུ་རིན་སྤྲོད་པའི་གྲུབ་རྫུན་གཉིས།།རྨོངས་དད་བྲག་གི་བཙན་རྫོང་བརྩེགས་པའི་ནང༌།།བག་མེད་ཤ་ཆང་རོལ་བའི་འཁོར་ཚོགས་རྒྱས།།
སྔགས་ནག་གཅོད་པས་ལྷ་འདྲེ་གཡབ་མོ་བྱེད།།བསམ་མེད་བྱིས་པས་ཁྱི་སྨྱོན་རྡོ་ཡིས་རྡུང༌།།རྙོག་འཛིང་གཡབ་མོ་བྱེད་སའི་གྲུ་ག་འདིར།།ལྷིང་འཇགས་རེ་བ་མཚན་མོའི་རྨི་ལམ་ཙམ།།

སེམས་ཚོར་དམར་པོ།

རི་སུལ་ཁ་བས་བསྟིམས་པའི་ལྷག་རླུང་གསེབ།།རྣམ་ཤེས་རླུང་དང་འགྲོགས་པའི་བ་དོའི་ལུས།།གོས་མེད་གཅེར་བུར་འགྲིམས་པའི་སྐྱོ་གར་ལ།།བརྩེ་སེམས་གོས་བཟང་སྐོན་པའི་བྱམས་ལྡན་སུ།།མེ་མདའི་བུ་ཡུག་འཚུབ་པའི་གཡུལ་ས་ན།།ཚེ་སྲོག་རླུང་གིས་བདས་པའི་ཉམས་ཐག་འབུམ།།ཟུངས་ཁྲག་ཡུར་ཆུ་འཐེན་པའི་གཤིན་ཐང་ནས།།བདག་མེད་བམ་རོས་ཁེངས་པར་སུ་ཡིས་གཟིགས།།ལས་དབང་སྔས་སུ་བྱས་པའི་ལྷོ་མཐའ་ནས།། མིག་ཆུས་གདོང་རིས་བརླན་པའི་ངུ་རྒྱངས་ཀྱིས།།བྱང་བརྒྱུད་ཁ་བས་གཡོག་པའི་དུར་ས་ན།།རྒྱང་རིང་མིག་གིས་ཅེར་བ་སུ་ཡིས་གཟིགས།།གཞན་གནོད་བཞི་ལས་ལྡོག་པའི་སྲིད་དོན་གྱིས།།ཐར་པའི་ཁང་བཟང་མཛེགས་པའི་ལམ་ཟུར་ནས།།ཕ་ས་དོན་དུ་གཉེར་བའི་རྨི་ལམ་ལ།།རེ་བའི་རྨི་ཐག་འཕྱངས་པ་སུ་ཡིས་གཅོད།།ཡར་གི་གསེར་གྱི་ཉི་མའི་འོད་སྣང་འོག།མར་གི་འདུ་ལོང་འཚུབ་པའི་ལྷིང་འཇགས་སྣེ།།རྟག་བརྟན་ཐེར་ཟུག་འཛིན་པའི་འཁྲུལ་སྣང་ལ།།མི་རྟག་སྒྱུ་མའི་རང་ངོ་སུ་ཡིས་སྤྲོད།།མི་ཡུལ་སྔས་སུ་བྱས་པའི་གྲུ་ཁ་ན།།མི་ལོ་ལྔ་བཅུ་ཟིན་པའི་མཇུག་སྣེ་ནས།།མི་ནུས་གདམ་བྱ་མང་བའི་མིག་འཁྲུལ་གྱིས།།བྱིས་པའི་སེམས་ཁམས་བསླུས་པ་སུ་ཡིས་དཀྲོགས།།དགྲ་ལ་ཞི་མོལ་རེ་བའི་འཛུམ་མདངས་ཕག།གཉེན་ལ་རྒྱུག་རྡུང་ཕོག་པའི་ན་ཚ་ཡིས།།ཀི་ཅོས་གནམ་ས་དབྲལ་བའི་ཁོར་ཡུག་ན།།གཉིས་ཕན་འབྲས་བཟང་སྨིན་པ་སུ་ཡིས་རེ།།ནམ་མཁའི་འཇའ་རིས་མིག་གི་ལྟད་མོར་མཛེས།།སྤྲང་པོའི་གླིང་བུ་ཕྱུག་པོའི་རྣ་བར་སྙན།།ཞི་བའི་ལྟ་གྲུབ་བྱིས་པའི་བུ་རམ་གྱིས།།བཀྲེས་ལྟོགས་སེལ་བའི་ལོག་རྟོག་སུ་ཡིས་བཟློག།ཕ་རྒན་བསད་ནས་ཞགས་གསུམ་མ་ལོན་གོང༌།།ཕ་མེད་དྭ་ཕུག་འཁྱམ་པོས་ཁ་བཏགས་སྣེ།།ཕ་བསད་དགྲ་བོའི་མགུལ་ལ་འཐེན་པ་འདི།།ཕ་བཟང་བུ་ཡི་གྲལ་གསེབ་སུ་ཡིས་བཞག།ཁ་འདི་འཕྲེད་དུ་ཕྱེས་པའི་རྟེན་འབྲེལ་གྱིས།།འཕྲེད་འཕྲེད་གཏམ་ལ་རྫོགས་མཐའ་མི་འདུག་པས།།སེམས་ཀྱི་ཁྱེའུ་ཆུང་ངུས་པའི་མིག་ཆུ་རིས།།འཕྲེད་དུ་འབབ་པའི་སྙན་ཚིག་འདི་ཉིད་སྤེལ།།
སྤྱི་ལོ་༢༠༠༨ཟླ་བ་༣ཚེས་༧ཉིན་བྲིས།

དྲན་པའི་སྐྱོ་གདུང༌།


འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།སྐྱིད་པའི་ཕ་ཡུལ་སླེབས་པའི་སྐལ་བ་དེ་མེད་འདྲ།།དྲིན་ཅན་ཕ་མ་མཇལ་བའི་ལས་འཕྲོ་དེ་མི་འདུག།དྲན་གདུང་སེམས་ཀྱི་མིག་ཆུ་ཁོག་པ་ལ་གཞུར་ནས།།མི་ཚེ་ས་མཐར་བསྐྱལ་བའི་ལས་དབང་འདི་སྐྱོ་བ།།སྤུན་མཆེད་གཉེན་ཚན་དུ་མའི་ཞལ་པར་ཙམ་ཐོས་བྱུང༌།།སྐབས་འགར་པར་དང་བརྙན་ཕབ་ལྟད་མོ་ཙམ་མཐོང་ཡང༌།།ཕན་ཚུན་ལྷན་དུ་འཛོམས་པའི་གོ་སྐབས་དེ་བརླགས་ནས།།མི་ཚེ་ཕལ་ཆེར་མི་ཡུལ་ལུང་པ་ལ་རྫོགས་སོང༌།།སྐྱེས་ས་འཚར་ས་བསིལ་ལྡན་བོད་ལྗོངས་ལ་ཡིན་ཡང༌།།རྒ་ས་ཤི་ས་ལྷོ་མཐའི་ཚ་བ་ནང་ངེས་པས།།རྒྱུས་མེད་མི་ཡུལ་འཁྱམས་པའི་ཉམ་ཆུང་གི་གྲྭ་རྐྱང༌།།བསམ་ཞིང་བསམ་ཞིང་སེམས་སྡུག་ན་བུར་བཞིན་འཐུལ་སོང༌།།མི་བཟད་སྐྱོ་བའི་ཚོར་རླབས་སེམས་ཁོང་ནས་འཕྱུར་ཡང༌།།གདོང་གི་བཤུ་སྐོག་མཉེད་པའི་འཛུམ་ཀོང་འདི་བསྟན་བཞིན།།མི་ཚོགས་འདྲ་མིན་གསེབ་ཏུ་འགྲོ་ཁུལ་རང་བྱེད་པ།།འཇིག་རྟེན་མི་ལུས་ལེན་པའི་ཡ་ཚུལ་ཙམ་ལོས་ཡིན།།
༢༠༠༨.༥.༡༧ཉིན་དགེ་འོས་B.edའཛིན་གྲྭའི་ནང་གནན་ཐབས་མེད་པའི་སྐྱོ་སྣང་ཞིག་གིས་རྐྱེན་བྱས་ཏེ་དཀར་པང་ཐོག་ཐོལ་བྱུང་དུ་བྲིས།

Followers


དྲྭ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Monday, November 7, 2011

བོད་ཀྱི་བུད་མེད་ཀྱི་ལས་དབང༌།

བེ་རི་འཇིགས་མེད་དབང་རྒྱལ།

བྱུང་ཟིན་སྒྲུང་གི་གཏམ་རྒྱུད་རིང་པོ་ལས།།
འབྱུང་འགྱུར་རྡོག་སྣེ་འཚོལ་བ་གལ་ཆེ་བས།།
སུ་དང་གང་གི་རྣ་བའི་རྒྱ་སྒོ་ལ།།
འགྲོ་དང་མི་འགྲོ་ཅི་ཡང་འཆད་རིགས་སྙམ།།

ཆར་དང་ཉི་ཟེར་འཐབ་པའི་བར་སྲུབ་ནས།།
བོད་ཀྱི་བུ་མོའི་ལས་དབང་ནམ་མཁའི་འཇའ།།
དུས་རབས་དབྱར་གྱི་གནམ་གཤིས་དང་བསྟུན་ནས།།
སྣ་ལྔའི་ཁ་དོག་ཅུང་ཟད་འབྱེད་ལ་སྤྲོ།།

སྤྱིར་བུད་མེད་ཀྱི་ལས་དབང༌།

ལོ་རྒྱུས་ཐོག་ཕྱི་མིག་རགས་ཙམ་བལྟས་ན་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་གི་ལོ་རྒྱུས་ཀྱི་རྒྱུད་རིམ་དང༌། རྒྱ་ནག་ལྟ་བུར་མཚོན་ན་བུ་དང་བུ་མོ་གཉིས་ལས་བུ་མཐོང་ཆེར་འཛིན་པར་མ་ཟད། བུ་སྐྱེས་ན་མི་ཚང་གི་བསོད་ནམས་རང་དུ་ངོས་འཛིན་གྱིས་སྐྱེས་རྟེན་གྲ་རྒྱས་བྱེད། བུ་མོ་སྐྱེས་ན་མི་ཚང་དེའི་ལས་ཆགས་རང་དུ་རྩིས་ནས་བློ་ཕམ་བྱེད། ད་དུང་ཆུང་དུས་ནས་ཐག་རིང་མི་འགྲོ་བའི་ཆེད་རྐང་པ་ལ་ལྷག་གོག་ཆུང་ཆུང་གཡོགས་ནས་གཟུགས་པོ་ཇི་ཙམ་འཚར་ཡང་རྐང་པ་འཚར་ཐབས་མེད་པར་བྱས་ཏེ་བཞག་པར་བོད་པ་ཚོས་རྒྱ་མོ་རྐང་ལི་ཟེར་སྲོལ་ཡོད། བུ་མོ་ཞིག་གིས་ཆང་ས་གཅིག་བརྒྱབ་ཚར་རྗེས་ཡང་བསྐྱར་ཆང་ས་བརྒྱབ་ན་མི་རུང་བ་དང༌། གལ་ཏེ་དེ་རིགས་བྱུང་ན་བུ་མོ་དེ་ཧ་ཅང་གི་བཙོག་པ་བརྩི་བའི་ལུགས་སྲོལ་རྒྱུན་རིང་དུ་དར།
            རྒྱ་གར་ལ་མཚོན་ན་བུད་མེད་ཅིག་གཉེན་སྒྲིག་ཚར་བ་དང༌། དེ་ནས་བཟུང་རང་གི་ཁྱོ་གའི་ཚེ་གཡོག་རང་དུ་ངོས་འཛིན་བྱས་ཏེ། དུས་རྒྱུན་དུ་ཁྱོ་གའི་རྐང་རྡུལ་སི་དྷི་ར་དང་བསྲེས་ནས་རང་གི་དཔྲལ་བར་འབྱུགས་དགོས་པ་དང༌། ཁྱོ་གའི་རྐང་པ་བཀྲུས་པའི་ཆུ་བཏུང་ནས་དམ་ཚིག་གཙང་མ་སྲུང་དགོས། ད་དུང་ཁག་གཅིག་ཁྱོ་ག་གྲོངས་ན་དེའི་རོ་དང་མཉམ་དུ་མེ་ནང་བསྲེགས་སྲོལ་དར་བ་དེ་ཚོར། སྔོན་གྱི་རྒྱ་གར་བའི་སྙན་ངག་པ་མི་ཉུང་བ་ཞིག་གིས་མྱ་ངན་གྱི་ཉམས་མཚོན་པའི་དཔེར་བརྗོད་ཀྱང་མང་པོ་བཀོད་མྱོང༌།
            བུད་མེད་ཅིག་གཉེན་བསྒྲིགས་ཟིན་པའི་རྗེས་རང་གི་མཛའ་བོ་འདས་གྲོངས་སོང་ན། དེ་ནས་བཟུང་བཟའ་ཟླ་གཞན་འཚོལ་མི་ཆོག་པ་དང༌། ད་དུང་ཁྱིམ་རྒྱུད་འཛིན་མཁན་ཕྲུ་གུ་བུ་ཞིག་མེད་ན་ས་ཁང་སོགས་ཁ་རྗེན་དབང་ཐང་ཡང་རྫོགས་གཞུང་བཞེས་གཏང་སྲོལ་ཡོད་པ་འདུལ་བའི་གཞུང་དང་རིག་བྱེད་ཀྱི་གཏམ་བརྒྱུད་མང་པོ་ནས་ཐོན་འོང༌། ཁྱོ་ག་འདས་གྲོངས་སོང་བའམ་ཁྱོ་ག་དང་ཁ་བྲལ་བའི་བུད་མེད་ལ་ཡུག་ས་མ་ཞེས་ཤིན་ཏུ་བཙོག་པ་དང་ཉམ་དམའ་བའི་གྲས་ལ་བཞག་ཏེ། དེས་གཡོས་པའི་ཁ་ཟས་མི་གཞན་གྱིས་ཟོས་ན་ལམ་འགྲོ་མི་རྒྱུག་པ་དང༌། ཕྱི་ནང་གི་རྣལ་འབྱོར་པ་ཚོས་ཟོས་ན་གསང་སྔགས་ཀྱི་མཐུ་མི་འགྲུབ་པ་སོགས་ཀྱི་ཉེས་པ་བགྲངས་པ་སྟེ། ཤིན་ཏུ་དམོད་པའི་ཚུལ་ཡི་དམ་ཆོས་སྲུང་ཁག་གི་སྒྲུབ་ཐབས་སུ་བཀོད།
རི་པིན་དང་ཁྲའོ་ཤན་ཡུལ་གྱི་བུད་མེད་ཚོ་ལོ་ན་ཉི་ཤུ་བརྒལ་བའི་སྔོན་ནས་གནས་སྒོ་མ་འགྲིམས་ན་གོ་རྒན་དུ་རྩིས་ནས་སྤྱི་ཚོགས་ནང་མཐོང་ཆུང་མྱོང་དགོས་པ་དང༌། དེ་རྗེས་ནས་གཉེན་སྒྲིག་བྱེད་ས་རག་མིན་ཡང་ཁག་པོ་ཡིན། བུ་མོ་ལ་རིན་ཐང་མི་རྩི་བའི་སྲོལ་སྡུག་སྐྱག་དེ་དུས་རབས་ཉི་ཤུ་པའི་ནང་དུའང་མཇུག་སྒྲིལ་རྒྱུ་ཕར་བཞག་ནས། ད་དུང་དེ་བས་ཛ་དྲག་པ་དང་ཡ་ངའི་གནས་སུ་སླེབས་ཏེ། ཚན་རིག་དང་འཕྲུལ་རིགས་ཀྱིས་འཛམ་གླིང་དབང་བསྒྱུར་བྱས་པའི་སྐབས་བསྟུན་ནས། རྒྱ་ནག་ཏུ་འཆར་ལྡན་བུ་བཙས་ཀྱི་སྲིད་ཇུས་འོག ཁྱིམ་ཚང་གཅིག་ལ་ཕྲུ་གུ་གཉིས་ལས་སྐྱེ་མི་ཆོག་པའི་བཀོད་ཁྱབ་ལ་བརྟེན་ནས། མངལ་དུ་ཕྲུ་གུ་ཆགས་པ་དང་བུ་དང་བུ་མོ་ག་རེ་ཡིན་མིན་སྨན་པ་ལ་བལྟ་བཅུག་སྟེ། བུ་མོ་ཡིན་ན་ལྐོག་ནས་སྐོག་རྐྱང་བྱེད་པའི་ལམ་སྲོལ་དེ་བརྒྱ་ཁྱབ་ཏུ་ཕྱིན་ནས་དུས་རབས་ཉི་ཤུ་པའི་དུས་མཇུག་དང༌། ཉེར་གཅིག་པའི་དུས་མགོར་རྒྱ་ནག་གི་ཕྲུ་གུའི་གྲངས་འབོར་ཐད། བུ་བརྒྱ་ཆ་བརྒྱད་ཅུ་དང་བུ་མོ་བརྒྱ་ཆ་ཉི་ཤུ་ཟིན་མིན་གྱི་མཚམས་ལ་སླེབས། ཐབས་སྐྱོ་བའི་གནས་ཚུལ་དེར་རྒྱ་ནག་གིས་ཕྱི་ཚུལ་ནས་འགོག་ཐབས་འདྲ་མིན་བྱས་ཀྱང་དོན་དངོས་ཐོག་ཛ་དྲག་པོའི་གནས་ཚུལ་དེ་ད་དུང་ཡང་མུ་མཐུད་ནས་འགྲོ་བཞིན་པ་རེད། ད་དུང་ཉེ་ཆར་ཤེས་གསལ་བྱུང་བའི་གནས་ཚུལ་དེ་ལས་ཛ་དྲག་པ་ཞིག་ནི། མངལ་གྱི་ཕྲུ་གུ་བུ་མོ་ཡིན་པ་ཤེས་ན། རྒྱ་སྒོར་སྟོང་ཕྲག་ལྷག་བྱས་ནས་ཕྲུ་གུའི་ཤ་ཟ་སའི་ཟ་ཁང་ནང་དུ་བཙོང་པ་དང༌། དེ་ཡང་མ་ཤི་བའི་སྔོན་གྱི་གོང་ཚད་དང་ཤི་ནས་བཙོང་པའི་གོང་ཚད་ལ་ཁྱད་པར་ཆེན་པོ་ཡོད་ཚུལ་གསལ་བ། འདི་རིགས་གོ་བ་ཙམ་གྱི་སེམས་ལ་སྐྱི་ཡལ་བའི་སྐྲག་སྣང་དང་ཡ་ང་བའི་སྐྱོ་སྣང་རེ་མི་སྐྱེ་ཀ་མེད་འོང༌། ད་དུང་ལྷོ་ཨ་རག་སྦུ་སོགས་ཁ་ཆེ་ཆོས་ལུགས་པ་དག་གི་སྲོལ་རྒྱུན་ནང་བུད་མེད་ལ་གནའ་གཅོད་དང་སྡུག་གྱོང་ག་ཚོད་མྱོང་མྱོང་ཡོད་པ་རྣམས་བཤདཔས་མི་ཚར་ལ། དུས་རབས་ཉེར་གཅིག་པའི་ནང་དུ་ད་དུང་མུ་མཐུད་བཞིན་ཡོད་པ་ངས་འགྲེལ་བཤད་མ་རྒྱག་ནའང་མཁྱེན་ངེས་སྙམ།
            ནུབ་ཕྱོགས་པར་མཚོན་ན་བུད་མེད་ཀྱི་མངལ་དུ་ཟླ་བ་དགུ་ལྷག་རིང་ཕྲུ་གུ་ཁུར་དགོས་པ་དཀོན་མཆོག་གི་ཁྲིམས་ཆད་ཕོག་པ་ཡིན་ལུགས་དང༌། བུད་མེད་རྣམས་དང་པོ་ནས་སྡོད་ཚུགས་མེད་པར་དཀོན་མཆོག་གི་ཁྲིམས་ཆད་འོག་ནས་བྱུང་ཚུལ་སོགས་གནའ་བོའི་སྤྱི་ཚོགས་ནང་གུས་བརྩི་ཆེ་ཤོས་དཀོན་མཆོག་ཡིན་པའི་སྐབས། དཀོན་མཆོག་ལག་ཆར་སྤྱད་དེ་བུད་མེད་རྣམས་ནམ་ཡང་ལང་རྒྱུ་མེད་པར་བཟོ་རྒྱུའི་འགྲེལ་བརྗོད་དེ་དག་གི་འོག་ནས་ནུབ་ཕྱོགས་པའི་བུད་མེད་ཚོ་གནས་སྟངས་མང་པོའི་ཐོག་ནས་དཀའ་སྡུག་བློ་ཡུལ་ལས་འདས་པ་མྱོང་ཚུལ་གྱི་ལོ་རྒྱུས་ཤིན་ཏུ་རིང་པ་སོགས། ལོ་རྒྱུས་ཐོག་འཛམ་གླིང་ཤར་ནུབ་ཀྱི་བུད་མེད་ཚོའི་ལས་དབང་ལ་ཕྱི་འདང་རེ་བརྒྱབ་ན་དངོས་གནས་ཤ་ཚ་དགོས་པ་དང་སྙིང་རྗེ་དགོས་པ་ཉུང་ཉུང་མིན།
རང་རེ་བོད་ཀྱི་ལོ་རྒྱུས་ནང་བོད་ཀྱི་བུད་མེད་ཚོར་ལྷམ་གོག་ཆུང་ཆུང་བསྐོན་ནས་རྐང་ལུ་བཟོས་པ་དང༌། ཁྱོ་གའི་རོ་དང་མཉམ་དུ་མེ་བསྲེགས་བཏང་བ་སོགས་བྱུང་མྱོང་མེད་ལ། ད་དུང་གཡུང་དྲུང་བོན་གྱི་གཞུང་ལུགས་སོགས་བོད་ཀྱི་གནའ་བོའི་རིག་གཞུང་ནང་བུད་མེད་ལ་བརྙས་བཅོས་མཐོང་ཆུང་དེ་འདྲ་བཟོས་པའི་ལོ་རྒྱུས་མེད།
            སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་ཡིག་ཐོག་འཁོད་པའི་རྩ་ཁྲིམས་ཐེངས་དང་པོ་མི་ཆོས་གཙང་མ་བཅུ་དྲུག་གི་ནང་ཚན་ཞལ་ལྕེ་བཅུ་བཞི་པར། གྲོགས་ངན་དང་བུད་མེད་ཀྱི་ཁ་ལ་མི་ཉན་པ། ཞེས་བཀོད་ཡོད་པ་དེ་ལོ་རྒྱུས་ཐོག་བོད་ཀྱི་བུད་མེད་ལ་ཆ་འཇོག་མི་རུང་བའི་ཚད་གཞི་ཡིག་ཐོག་ཏུ་བཀོད་པ་ཐེངས་དང་པོ་དེ་རེད། ཡིན་ནའང་རྩ་ཁྲིམས་བཟོ་མཁན་རང་ཉིད་ཀྱིས་རྒྱ་ནག་གི་ཀོང་ཇོའི་ཁ་ལ་ཉན་ནས་བོད་དུ་ཇོ་ཤག་རྣམ་གཉིས་ཀྱི་གཙུག་ལག་ཁང་དང༌། ཕོ་བྲང་པོ་ཏཱ་ལ་སོགས་གསར་བཞེངས་བྱས་པ་དང༌། བོད་ཀྱི་བཀའ་བློན་ཚོའི་གདོང་ལ་ཚོན་དམར་པོ་བྱུགས་སྲོལ་བཀག་པ་སོགས་དངོས་སུ་ལག་བསྟར་བྱས་པས། ཡིག་ཐོག་གི་རྩ་ཁྲིམས་དེ། དེ་དུས་ནས་ཞིག་པར་མ་ཟད་འཇོག་མཁན་རང་ཉིད་ཀྱིས་བཤིགས་པ་ཞིག་རེད།
            སྐབས་དེ་དུས་རྩ་ཁྲིམས་ཐོག་དེ་ལྟར་འཁོད་དོན་ཡང༌། དབང་ལྡན་བློན་པོ་ཁག་གཅིག་གིས་མཐོང་སྣང་ལ། བཙན་པོ་སྲོང་བཙན་སྒམ་པོས་ཀོང་ཇོའི་ཁ་ལ་ཉན་དྲགས་པའི་དྭོགས་གཞི་ཤུགས་ཆེར་བྱུང་བའི་རྐྱེན་བྱས་ནས་བཀོད་པ་ཞིག་ལས། བཙན་པོ་རང་གིས་དགོངས་འཆར་མིན་པ་གསལ་པོ་རེད། སྐབས་དེར་གལ་སྲིད་སྲོང་བཙན་གྱིས་བློན་པོ་ཁག་གཅིག་གི་དགོངས་འཆར་གཞིར་བཟུང་གིས་བཀོད་པའི་རྩ་ཁྲིམས་དོན་ཚན་བཅུ་དྲུག་ལས་བཅུ་བཞི་པ་དེ་བཞིན[1] ལག་བསྟར་གནང་ནས་བུད་མེད་ཀྱི་ཁ་ལ་མ་ཉན་ན། ད་ལྟར་མཐོང་ཆོས་སུ་ཡོད་པའི་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་རྣམ་གཉིས་དང༌། ཕོ་བྲང་པོ་ཏཱ་ལ་སོགས་ང་ཚོ་མིག་ལམ་དུ་གྲུབ་ཐབས་མེད་པ་ཞིག་རེད།
            མདོར་བསྡུས་ནས་ཞུས་ན་བོད་ཀྱི་ལོ་རྒྱུས་ཐོག་ཡིག་ཐོག་ནས་རྩ་འཛིན་ཞུ་སའི་ཡིག་ཆ་ནང་བུད་མེད་ལ་དོ་ཕོག་འགྲོ་རྒྱུའི་རིགས་འཁོད་པ་ནི་རྩ་ཚིག་དེ་ཉག་གཅིག་རེད། ཡིག་ཆ་དེའི་ནང་དོན་ཐད་ག་འདྲ་བྱས་ནས་འཁོད་པའི་བྱུང་རིམ་ཐོག དེ་སྔོན་མི་སུ་ཞིག་གིས་དཔྱད་པ་གཏོང་མྱོང་མིན་མི་ཤེས་མོད། ལོ་རྒྱུས་དངོས་ཀྱི་རྒྱབ་ལྗོངས་དང་བསྟུན་ནས་ཞུས་ནཁོ་བོས་གོང་དུ་ཞུས་པའི་འགྲེལ་བརྗོད་དེ་རང་གི་ཐོག་ཏུ་དབབ་རྒྱུ་ལས་མེད་སྙམ།
            དེ་ལས་གཞན་གྲོལ་ལུང་པ་དང༌། བུ་སྟོན་རིན་ཆེན་གྲུབ་པ། འཇུ་མི་ཕམ་པ་སོགས་མཁས་གྲུབ་སྐྱེས་ཆེན་མི་ཉུང་བ་ཞིག་གིས་བུད་མེད་ཀྱི་སྐོར་ལ་གང་ཞིག་གསུང་པ་དེ་རིགས་ནི། མི་ལོ་གཉིས་སྟོང་ཡར་སྔོན་གྱི་རྒྱ་གར་བའི་སྤྱི་ཚོགས་ཀྱི་འགྲོ་སྲོལ་གུ་དྭོགས་པའི་རིང་ལུགས་དེ་རང་ལ་རྩ་འཛིན་བྱས་ནས་བཅས་པའི་ཆོས་འདུལ་བའི་གླེང་གཞི་ཁག་དང་སྒོ་བསྟུན་ཏེ། དོ་བདག་སོ་སོའི་སེམས་རྒྱུད་འདུལ་ཐབས་འབུར་འདོན་བྱས་པ་ཙམ་ལས། ཆེད་དུ་མངགས་ནས་བུད་མེད་ཀྱི་སྐྱོན་དང་ཉེས་དམིགས་ཐེར་འདོན་བྱེད་པ་དང༌། བུད་མེད་ཀྱི་གཉའ་དང་སེམས་ཤུགས་གཅོག་ཐབས་བྱས་པ། བུད་མེད་ཀྱི་ཐོབ་ཐང་འཕྲོགས་ནས་སྐྱེས་པའི་གནས་བབ་ཇེ་མཐོར་གཏོང་བ་ལྟ་བུའི་ཆེད་དུ་མིན་པ་གསུང་རྩོམ་ཁག་ལ་ཞིབ་ཏུ་གཟིགས་ན་གསལ་པོ་ཤེས་ཐུབ་པ་ཞིག་རེད།
            དེ་ལས་གཞན་བོད་ཀྱི་གཏམ་རྒྱུད་དང་བཤད་སྲོལ་ཁག་གཅིག་ཏུ། བློ་ཕུག་ནག་མོ་ལ་བཅོལ་ན་རྒྱལ་ཁབ་ཕུང་ཟེར་བ་དང༌། ཕོ་མཐའ་མས་བློ་ཕུག་མོ་ལ་བཅོལ་ཟེར་བ་དང༌།
ཡང༌། ར་ནག་མོ་གཉིས་དེ་མཐོ་ལ་དགའ། །ཡང་མཐོ་ལ་ཨེ་དགའ་ར་ལ་ལྟོས།
མེ་ནག་མོ་གཉིས་དེ་འབར་ལ་དགའ། །ཡང་འབར་ལ་ཨེ་དགའ་མེ་ལ་ལྟོས།
ཁྱི་ནག་མོ་གཉིས་དེ་ཟུག་ལ་དགའ། ཡང་ཟུག་ལ་ཨེ་དགའ་ཁྱི་ལ་ལྟོས།
ཕག་ནག་མོ་གཉིས་དེ་ཉལ་ལ་དགའ། །ཡང་ཉལ་ལ་ཨེ་དགའ་ཕག་ལ་ལྟོས།
འདྲེ་ནག་པོ་གཉིས་དེ་ང་རྒྱལ་ཆེ། །ཡང་ང་རྒྱལ་ཨེ་ཆེ་འདྲེ་ལ་ལྟོས།
ཤིག་ནག་མོ་གཉིས་ལ་རུས་པ་མེད། །ཡང་ཞུས་པ་ཨེ་འདུག་ཤིག་ལ་ལྟོས།
བྱ་ནག་མོ་གཉིས་ལ་རྣ་ཆོག་མེད། །ཡང་རྣ་ཆོག་ཨེ་འདུག་བྱ་ལ་ལྟོས།
ལྟ་བུ་མང་པོ་ཞིག་བགྲང་སྲོལ་ཡོད་པ་དེ་རིགས་ནི། གོང་དུ་ཞུས་པའི་སྲོང་བཙན་སྐབས་ཀྱི་དོན་སྐྱོན་དེའི་བག་ཆགས་ཀྱི་ལྷག་མ་རྒྱུན་འབྱམས་སུ་ཕྱིན་པ་ལས། གཞན་བློ་ཕུག་ནག་མོ་ལ་བཅོལ་ནས་ཕུང་སོང་བའི་དཔང་རྟགས་ལོ་རྒྱུས་གསལ་པོ་ཞིག་སུ་ལའང་བསྟན་རྒྱུ་མེད་ལ། བུད་མེད་ཚོ་འདོད་ཆགས་ཆེ་རབས་དང་ཞེ་སྡང་ཆེ་རབས་མང་པོ་ཞིག་དཔེ་ལ་སྦྱར་ནས་བཤད་པ་ཡང༌། འདུལ་བའི་གཞུང་གི་ནང་གསལ་བའི་བུད་མེད་ཀྱི་སྐྱོན་འགའ་ཞིག་ལ་གཞི་བཅོལ་ནས། དེ་ལ་བོད་ཀྱི་གདོད་མའི་རྩོམ་རིག་གི་ཚིག་རྒྱན་སྤྲས་པ་ཙམ་ལས། བོད་ཀྱི་བུད་མེད་ཚོར་དམིགས་བསལ་སྐྱོན་གནས་དེ་འདྲ་ཡོད་པའི་ལོ་རྒྱུས་ཀྱི་གཞི་འཛིན་ས་གང་ཡང་མེད།

བོད་ཀྱི་བུད་མེད་ཀྱི་འཇོན་ཐང༌།


ལོ་རྒྱུས་ཐོག་བོད་ཀྱི་བུད་མེད་ཁྲོད་ནས་དབང་འཛིན་པ་དང་རྩོམ་པ་པོ། ཉམས་ལེན་པ་སོགས་བྱུང་མྱོང་བ་ཉུང་ཉུང་མིན། འོན་ཀྱང་སྐྱེས་པ་དང་བསྡུར་ན་ཉུང་ཉུང་ཡིན། དེ་ཡང་རྩོམ་པ་པོ་དང་ཉམས་ལེན་པ་སོགས་དེ་བས་ཉུང་ཉུང་ཡིན། དབང་འཛིན་པར་མཚོན་ན་དུས་རབས་བདུན་པའི་ནང་གནམ་རི་བཙན་པོ་བཀྲོངས་ནས་སྲོང་བཙན་དགོངས་ལོ་བཅུ་གསུམ་ནས་མགོ་བཙུགས་ཏེ་རྒྱལ་སྲིད་བཟུང་བའི་སྐབས། ལོ་ཤས་རིང་དོན་དངོས་ཐོག་དབའ་གཡུ་ཚ་དང༌། མྱང་ཀང་ཙན་གྱིས་རམ་འདེགས་བྱས་ནས་ཡུམ་གྱིས་དབང་ཆ་བཟུང་བ་དང༌། ཁྲི་སྲོང་བཀྲོངས་ནས་མུ་ཏིག་བཙན་པོས་རྒྱལ་སྲིད་བཟུང་སྐབས་དོན་དངོས་ཀྱི་དབང་ཆ་ཡོངས་རྫོགས་ཡུམ་གྱིས་བཟུང་པ་སོགས་ཀྱི་ལོ་རྒྱུས་ཉུང་ཉུང་མིན། དུས་ཕྱིས་ཁམས་ཀྱིས་རྒྱལ་ཕྲན་དུ་མའི་ནང༌། སྡེ་དགེ་རྒྱལ་མོ་དང༌། གླིང་ཚང་རྒྱལ་མོ། ཁང་སར་དཔོན་མོ་ལྟ་བུ་བུད་མེད་དབང་འཛིན་པ་ཆེན་པོ་བྱུང་བ་ཡང་ཉུང་ཉུང་མིན། དེ་དག་ནི་དབང་འཛིན་པའི་མིང་དང་དོན་གཉིས་ཀ་ལྡན་པ་ཡིན་ལ། དེ་ལས་གཞན་མནའ་ནས་ད་བར་མིང་སྐམ་པོའི་ཐོག་ནས་སྤྱི་སྒེར་གྱི་བདག་དབང་ཕལ་མོ་ཆེ་ཁྱོ་གས་བཟུང་བའི་ཁུལ་བྱེད་པ་ཙམ་ལས། དོན་དངོས་ཐོག་སྤྱི་སྒེར་གྱི་དབང་ཆ་མང་ཆེ་བ་ནི་བུད་མེད་ཀྱི་བཟུང་ཡོད། དཔེ་མཚོན་འགའ་ཞིག་ཞུ་ན། ཕོ་བྲང་པོ་ཏཱ་ལ་དང་དགའ་བཞི་འཁྲུལ་སྣང་གི་གཙུག་ལག་ཁང་སོགས་ཀོང་ཇོའི་བཀོད་འདོམས་གཞི་བཟུང་གིས་སྲོང་བཙན་གྱིས་ཕྱག་བསྟར་གནང་བས་མཚོན་ནུས་པ་ཞིག་རེད་ལ། དུས་ཕྱིས་ཀྱང་སྡེ་པ་གཞུང་གི་སྐུ་དྲག་ཚོ་སོག་ཆས་རྫིག་པོ་རེ་གྱོན་ནས་རྩེ་ཕོ་བྲང་དུ་དྲུང་ཇ་དང་ཚོགས་འདུར་བཅར། མང་ཚོགས་ཀྱི་མཐོང་སར་ལྷ་སའི་གྲོང་ཁྱེར་ནང་རྟ་ལ་སྡོམ་བརྒྱབས། གཡོག་འཁོར་བཅུ་གྲངས་རེ་ཁྲིད་ནས་ཕེབས་སྐབས་གཟི་བརྗིད་ཆེན་པོ་འདྲ་སྣང་ཡང༌། མི་དམངས་ཁྲོད་ནས་མགོ་འདྲེན་ཞུ་མཁན་དང་རེ་བ་བཅོལ་མཁན་ཚོ། གཟིམ་ཤག་ནང་གི་ལྕམ་ཆུང་སྐུ་ཞབས་བར་བཅར་ནས། ལག་གདུབ་དང་སྐེ་རྒྱན་སོགས་ཀྱི་འབུལ་ཚན་འདྲ་མིན་བཀྱགས་ཏེ་ཞུ་བ་རྒྱག་ན་དོན་འབྲས་སོན་གྱི་ཡོད་པས། དོན་དངོས་ཐོག་དབང་ཆའི་མ་ལག་ནི་གཟིམས་ཤག་ནང་གི་ལྕམ་ཆུང་སྐུ་ཞབས་རང་ལ་རག་ལས་བསྡད་ཡོད།
            དེ་བཞིན་ཁམས་དང་ཨ་མདོའི་ཁུལ་དུའང་སྐྱེས་པ་ཚོས་ཇ་གྲལ་ཆང་གྲལ་ལ་དཔའ་གཏམ་དང་རྫིག་གཏམ་འདྲ་བཤད། ཕྱོགས་བསྐྱོད་སྐབས་མེ་མདའ་རྒྱབ་ལ་ཁུར། སྐེད་གྲི་སྐེད་ལ་གཟེར། སྐེ་ལ་གའུ་བཏགས། འོག་ཏུ་རྟ་ཕོ་ཞོན། སྐྱེས་པ་ཕོ་ཡི་ཉམས་ཇི་ཙམ་འདོན་ཁུལ་བྱས་ཀྱང༌། ནང་དུ་སླེབས་དུས་དབང་ཆ་ཡོངས་རྫོགས་ཀྱི་བདག་པོ་ནི་ཁྱིམ་བདག་མ་རང་ཡིན། དེ་སྔོན་འདམ་གཞུང་དཔོན་པོ་ཞིག་གིས། འདམ་བརྒྱ་ཕྱོགས་བརྒྱད་ཀྱི་དཔོན་པོ་ང་ཡིན། ངའི་དཔོན་པོ་ནང་ལ་ཡོད། ཅེས་པའི་དཔེ་དེ་ད་ལྟའི་བར་རྒྱུན་འཇགས་སུ་གནས་པ་འདིས་མཚོན་ཐུབ་པ་ཞིག་རེད། ནུབ་ཕྱོགས་པ་ཚོར་གཏམ་དཔེ་ཞིག་ཡོད་པ་འདི་ལྟར། Behind every Successful man,there is a woman གྲུབ་འབྲས་ལྡན་པའི་ཁྱོ་ག་ཀུན་གྱི་རྒྱབ་ཏུ་སྟངས་འཛིན་བྱེད་མཁན་སྐྱེས་དམན་རེ་ཡོད། ཅེས་པའི་བཤད་སྲོལ་ལ་བལྟས་ན་ནུབ་ཕྱོགས་པ་ཚོ་ལ་ཡང་རང་རེ་བོད་པ་ནང་བཞིན་ཡིན་པ་གསལ་པོ་ཤེས་ཐུབ།
            དེང་སང་ཡང་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་གྱི་འཁྲབ་སྟོན་པ་ཚོསནང་གི་ཁྱིམ་བདག་མ་ལ། ང་ཚོའི་ནང་སྲིད་བཀའ་བློན་ཞེས་པའི་ཐ་སྙད་སྦྱར་གྱི་ཡོད་པ་འདིའི་ཐོག་ནས་ནང་གི་དབང་ཆའི་མ་ལག་ཡོངས་རྫོགས་སུས་བཟུང་གི་ཡོད་པ་དེ་གསལ་པོ་མཚོན་གྱི་ཡོད་པ་རེད།    བཙན་བྱོལ་ནང་གཞིས་ཆགས་ཁག་གི་ཚོང་དང་ཞིང་ལས་ཀྱི་ཡོངས་འབབ་དང་དངུལ་འཛིན་ཕལ་ཆེ་བ་ནང་གི་ཁྱིམ་བདག་མའི་ལག་ཏུ་ཡོད་ལ། རྡ་སའི་ཁོར་ཡུག་འདི་གཅིག་པུར་མཚོན་ནའང་གཞུང་ཞབས་སྲི་ཞུ་ལས་བྱེད་པ་ཚོའི་ཟླ་རེའི་གླ་ཕོག་ཚུན་ཚད་བཟའ་ཟླའི་ལག་ཏུ་བཞག་པ་ལས་ཁྱོ་ག་ཚོས་ཉར་སྲོལ་མེད་པ་དང༌། ཁྱིམ་གྱི་བྱུང་སོང་རྩིས་འགྲོ་ཡོངས་རྫོགས་ཀྱི་འགན་དབང་ཁྱིམ་བདག་མས་གནང་གི་ཡོད་པས། དབྱིན་སྐད་ཐོག་Home Ministirཞེས་འབོད་སྲོལ་ཡོད་པ་འདིའི་ཐོག་ནས་དོན་དངོས་ཀྱི་དབང་ཚད་སུས་བཟུང་གི་ཡོད་པ་དེ་གསལ་པོར་མཚོན་ཐུབ་པ་ཞིག་རེད་ལ། དབང་ཚད་དེ་ལྟར་བཟུང་བ་དེས། མི་ཚང་སྐོར་གྱི་དཔལ་འབྱོར་དང་གནས་བབ་ཐད་ཁྱོ་གས་བདག་སྐྱོང་བྱེད་པ་ལས་ཕྱོགས་གང་ཐད་ནས་བརྟན་ལྷིང་ཡོང་གི་ཡོད་པས་འོས་ཤིང་འཚམ་པ་ཞིག་ཀྱང་རེད། དེར་བརྟེན་བུད་མེད་ཚོས་རང་ལ་དབང་བའི་འོས་འགན་དེ་དག་བདག་སྐྱོང་མུ་མཐུད་ནས་གནང་རྒྱུ་གལ་ཆེར་འཛིན་པ་ལས། དབང་ཚོད་གསར་པ་ཞིག་ལ་ལག་པ་བསྙབ་འགྲོ་ས་གང་ཡང་མི་འདུག་སྙམ།

བུད་མེད་ཚོའི་ཤེས་ཡོན་ཐོབ་ཐང༌།

གནའ་རབས་བོད་ཀྱི་སྤྱི་ཚོགས་ནང་ཤེས་ཡོན་ཅན་གྱི་མི་སྣ་ཤིན་ཏུའང་ཉུང་ལ། ཤེས་ཡོན་བསླབ་སའི་ཁོར་ཡུག་ཀྱང་ཧ་ཅང་དཀོན། ཤེས་ཡོན་ཅན་གྱི་བུད་མེད་ནི་དེ་བས་དཀོན་ལ། ཐ་ན་བོད་ཡིག་ཀློག་ཙམ་ཤེས་མཁན་བུད་མེད་ཤིན་ཏུའང་ཉུང༌། ཡིན་ནའང་དེ་ནི་ད་ལྟར་མཇུག་སྒྲིལ་ཟིན་པའི་ལོ་རྒྱུས་ཀྱི་གླེགས་བམ་ཙམ་ཞིག་ཡིན་པས། བསྐྱར་ཀློག་བྱེད་མི་དགོས་པར་བྱས། ད་ལྟའི་ཆར་བོད་ཀྱི་གཏན་སློབ་དང་ཉིན་སློབ་ཇི་སྙེད་ཅིག་ཡོད་པའི་ནང་དུ་ཕོ་མོ་འདྲ་མཉམ་གྱིས་འཛུལ་ཞུགས་ཆོག་པ་ལས་དབྱེ་འབྱེད་གང་ཡང་མེད་ལ། དགེ་རྒན་གྱིས་སློབ་ཁྲིད་སྐབས་འདྲ་མཉམ་གྱིས་ཁྲིད་པ་ལས་ཕྱོགས་ལྷུང་བྱས་པ་གང་ཡང་མེད། དེ་བཞིན་ལོ་ཕྱེད་དང་ལོ་འཁོར་གྱི་རྒྱུགས་སྤྲོད་གང་ཞིག་གཏོང་ནའང་འདྲ་མཉམ་ལས་རྒྱུགས་ཤོག་དང་རྒྱུགས་འབྲས་དབྱེ་འབྱེད་བྱས་པའི་སྲོལ་རྒྱུན་དང་ལོ་རྒྱུས་ཟུར་ཙམ་ཡང་མེད། འོན་ཀྱང་གཞི་རིམ་དང་མཐོ་རིམ་བར་རིམ་པར་རྒྱུད་པའི་མཇུག་སྣེ་ནས་སྐྱེས་པ་སློབ་ཐོན་པ་མང་ལ་བུད་མེད་སློབ་ཐོན་པ་ཉུང་ཉུང་ཆགས་འགྲོ་གི་ཡོད། དེའི་རྒྱུ་མཚན་གང་ཡིན་ནམ། ང་ཚོས་ངེས་པར་དུ་བརྩད་གཅོད་བྱེད་དགོས་པའི་དོན་གནད་ཅིག་འདི་རང་ཡིན། སློབ་ཕྲུག་བུ་ཚོར་གཞི་རིམ་ཐོག་ནས་མཐོ་རིམ་འགྲིམས་སྐབས། ཁྱིམ་ནས་ཞེད་སྣང་དང་དོགས་ཟོན་གང་ཡང་མི་དགོས་པར་སློབ་ཡོན་སྤྲོད་ཐུབ་ཙམ་བྱུང་ན་དེ་གས་འགྲིགས་པའི་ལྟ་སྟངས་ལྡན་ལ། བུ་མོ་ཚོ་ཁྱིམ་དང་ཁ་ཐག་རིང་དུ་ཕྱིན་པ་དང༌། ལྷག་དོན་རྒྱལ་ས་དང་གྲོང་ཁྱེར་ལྟ་བུར་ལོ་མང་བསྡད་ན་གནས་ཚུལ་སྡུག་སྐྱག་དེ་འདྲ་ཐོན་འོང་བའི་དྭོགས་ཟོན་གྱིས་མཐོ་སློབ་ལ་གཏོང་མཁན་ཉུང་དུ་འགྲོ་གི་ཡོད། བུ་མོ་ཁག་གཅིག་ནི་འཛིན་གྲྭ་བཅུ་བཅུ་གཅིག་ནས་མི་ཆེ་དཔོན་རིགས་དང་སྔགས་འཆང་གདུང་སྲས་ཁག་གིས་འདེམས་སྒྲུག་བྱས་ཏེ། ལྷ་ལྕམ་དང་གསང་ཡུམ་ལ་ཁྲིད་འགྲོ་གི་ཡོད་ལ། ཁག་གཅིག་ནི་ཁྱིམ་གྱི་གནས་བབ་དང་བསྟུན་ནས་བུ་མོ་སུ་ཏྲ་འཚོང་བར་ཚོང་འགྲིམས་ཆེ་བས་སློབ་གྲྭ་ནས་འཐོན་འགྲོ་གི་ཡོད། གནས་སྟངས་དེ་དག་གི་འོག་ནས་བོད་ཀྱི་བུད་མེད་མཐོ་སློབ་ཐོན་མཁན་གྱི་བརྒྱ་ཆ་རང་བཞིན་གྱིས་ཉུང་དུ་འགྲོ་གི་ཡོད། ང་ཚོའི་བུ་མོ་ཚོ་ལོ་བཅོ་བརྒྱད་ཟིན་ནས་རང་ཉིད་ཀྱི་གནས་ཚུལ་དང་བདེ་འཇགས་རང་ཉིད་ཀྱིས་འགན་སྲུང་མི་ཐུབ་པ་ག་ལ་ཡོད། མི་ཆེན་པོ་དང་སྔགས་འཆང་གདུང་སྲས་ཀྱི་ལྷ་ལྕམ་དང་གསང་ཡུམ་ལ་འདོད་རྔམས་དེ་ཙམ་བྱེད་དགོས་དོན་འདུག་གམ། མི་ཚང་གྱི་གནས་བབ་ལ་བུ་མོ་ཁོ་ནས་འགན་ལེན་དགོས་དོན་དེ་བས་འདུག་གམ། གནས་ཚུལ་འདི་གསུམ་ཐག་ཆད་ན་བོད་ཀྱི་བུ་མོ་མཐོ་སློབ་ཐོན་མཁན་གྱི་བརྒྱ་ཆའི་གྲངས་འབོམས་བུ་དང་གཞི་རྩའི་ཐོག་ནས་འདྲ་བོ་ཆགས་ཐུབ་ངེས་སྙམ།

བོད་ཀྱི་བུད་མེད་དང་སྨྲ་བརྗོད་རང་དབང༌།

དེ་སྔོན་ཡིན་ན་མདོ་ཁམས་གཉིས་སུ། བུད་མེད་སྨྲ་བ་ཉུང་ན་ཡ་རབས་རྩི་བ་དང༌། མོ་ལ་རབ་འབྲིང་ཐ་གསུམ་ཕྱེས་ནས། མོ་རབ་ལོ་རྡུང༌། མོ་འབྲིང་ཟླ་རྡུང༌། མོ་ཐ་ཞགས་རྡུང༌། ཞེས་པའི་སྡོམ་ཚིག་འོག བུད་མེད་རབ་འབྲིང་ཐ་གསུམ་དུ་ཕྱེས་ནས་ཉེས་རྡུང་རབ་འབྲིང་ཐ་གསུམ་གཟེད་མྱོང་བའི་ལོ་རྒྱུས་ཐུང་ཐུང་མིན། ད་དུང་ཆེས་ཡ་མཚན་དགོས་པ་ཞིག་ལ། བུད་མེད་ཚོ་རང་ཉིད་ཁྱོ་གས་མ་རྡུང་ནས་ཡུན་རིང་སོང་ན། སེམས་ཁྲལ་བྱས་ནས་རང་གི་གྲོགས་མོ་ཚོར་ཁྱོ་གའི་སེམས་ལ་ང་ཡོད་ས་མ་རེད། ཉེས་རྡུང་མ་བཏང་ནས་ཡུན་རིང་ཕྱིན་སོང༌། ཟེར་བ་ལྟ་བུའི་སེམས་གཏམ་བཤད་སྲོལ་ཡང་ཡོད་འདུག་ལ། རང་ཉིད་མཛའ་བོའི་ཅ་ལག་ལྟ་བུར་བརྩིས་ཏེ། ཕྱི་ལོགས་སུ་ཉི་འཚིག་ཆར་སྦངས་ཇི་ཙམ་བྱེད་ནའང་བདག་པོ་མི་བྱེད་པར་བཞག་པའི་ཅ་ལག་ནང་བཞིན་གྱི་ཚོར་སྣང་ཡོང་གི་ཡོད། དེ་ནི་བུད་མེད་ཚོའི་ངོས་ནས་བཤད་ན་རང་གི་མཛའ་བོ་ལ་ལྷོད་མེད་པའི་བརྩེ་དུངས་མཚོན་བྱེད་བླ་ན་མེད་པ་ཞིག་ཡིན་ལ། ཁྱོ་གའི་ངོས་ནས་བཤད་ན་རང་གི་ཆུང་མར་ཁོག་པའི་གཏིང་གི་བརྩེ་བ་མཚོན་པའི་བརྡ་རྟགས་ཤིག་ཏུ་རྩི་གི་ཡོད། ཡིན་ནའང་ཉེས་རྡུང་གི་ཆོ་ག་ཕྱག་ལེན་དེ་དག་ལ་དུས་རབས་ཀྱི་བསམ་བློས་དཔྱད་ཞིབ་རགས་ཙམ་བྱས་ན། ཆེས་ཀླ་ཀློ་དང་ཆེས་གདུག་རྩུབ་གྱི་ཚོར་སྣང་ཞིག་རང་དབང་མེད་པར་འཆར་ངེས་ལ། དུས་རབས་འདིར་གནའ་རབས་ཀྱི་བརྩེ་དུངས་མཚོན་པའི་ཆོ་ག་ཕྱག་ལེན་དེ་རིགས་མཇུག་སྒྲིལ་ཚར་བས། བསྐྱར་གསོ་དང་འཕེལ་རྒྱས་གཏོང་ཐབས་བྱས་ན་ཕན་ཐོགས་གང་མེད།
ད་ལྟའི་དུས་རབས་འདི་ནི་ལུས་ངག་ཡིད་གསུམ་ལ་རང་དབང་གི་ཁོར་ཡུག་རྒྱ་སྐྱེད་བྱེད་པའི་དུས་རབས་ཡིན་ལ། དེ་ལས་ཀྱང་ད་དུང་སྨྲ་བརྗོད་རང་དབང་གི་ཁོར་ཡུག་ཤིན་ཏུ་ཡངས་པའི་དུས་རབས་ཤིག་ཀྱང་ཡིན། དེར་བརྟེན་སྨྲ་བརྗོད་རང་དབང་ནི། སུས་ཀྱང་བཀག་འགོག་མི་ཐུབ་པའི་ཆོས་ཉིད་ཀྱི་རང་བཞིན་དུ་གྱུར་ཟིན་པས། འགོག་ཐབས་མེད་ལ། འགོག་དོན་ཡང་མེད། འོན་ཀྱང་སྨྲ་བརྗོད་རང་དབང་ལ་ཚད་གཞི་དང་ས་མཚམས་རེ་དགོས་པ་ཡང་ཆོས་སྲིད་གཉིས་ཀའི་གཤིས་ལུགས་དང་མཐུན་པར་སེམས།
            གཞན་དུ་ས་མཚམས་འདི་དམ་འཛིན་མ་བྱས་པའི་མཇུག་འབྲས་འགའ་ཞིག་དཔེར་མཚོན་དུ་ཞུ་ན། ཁྱིམ་གྱི་ཁ་རྩོད་ཆུང་ངུ་རེས་ཁྱོ་གའི་ཉེས་རྡུང་འོག་ནས་བཙན་བྱོལ་བོད་ཀྱི་བུད་མེད་བདེ་ལེགས་སྨན་ཁང་དུ་ཉལ་མྱོང་བ་ཉུང་ཉུང་མིན་ལ། ད་ལྟར་ཡང་གཅིག་བྱས་ན་དོན་སྐྱོན་དེའི་འོག་ནས་ཁ་ཤས་ཉལ་ཡོད་སྲིད། ང་ཚོའི་མིག་སྔར་རྒྱ་གར་ཡུལ་མིས་ཁྱི་འཁྱམས་རྡུང་པ་མཐོང་ནའང་རྡུང་མཁན་ལ་ཁོང་ཁྲོ་ཟ་ཞིང༌། བརྡུང་ས་ལ་སྙིང་རྗེ་རང་ཤུགས་ཀྱིས་སླེབས་ན། བཀྲུས་ན་མི་དག་པའི་བོད་ཀྱི་བུད་མེད་གཅིག་གི་ཉེས་རྡུང་གཟེད་པ་མཐོང་དུས། ཤ་ཚ་དང་སྙིང་རྗེ་སྐྱེ་བ་བཤད་མ་དགོས་པ་རེད། འོ་ན་ཤ་ཚ་དང་སྙིང་རྗེ་སྐམ་པོ་དེས་ཕར་ཕྱོགས་ལ་ག་རེ་ཕན་ནམ་ཞེ་ན།  དེས་ཕན་ཐོགས་གང་ཡང་མེད། འོ་ན་ཕན་ཐོགས་ཡོད་པའི་ཐབས་ལམ་གང་ཞིག་ལ་བརྟེན་ན། དོན་སྐྱོན་དེ་ཉིད་ཆེན་པོ་ནས་ཆུང་ཆུང་དང༌། ཆུང་ཆུང་ནས་མེད་པ་བཟོ་ཐུབ་ཅེ་ན། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ཞེས་པའི་དཔེ་ལྟར། དོན་སྐྱོན་དེ་ཉིད་འབྱུང་རྐྱེན་འཚོལ་དགོས། དེ་ནི་བུད་མེད་ཚོས་སྨྲ་བརྗོད་ངག་གི་རང་དབང་བེད་སྤྱོད་གཏོང་ཐལ་ཆེ་དྲགས་པས་རང་གི་མཛའ་བོ་ཐེངས་མང་སུན་པོར་བཟོས་པས། སྐྱེས་པ་ཁྱོ་ག་ཚོས་ལུས་ཀྱི་འགུལ་བསྐྱེད་རང་དབང་བེད་སྤྱོད་མི་གཏོང་ཀ་མེད་ཆགས་ཏེ། ལུས་ངག་གི་རང་དབང་བེད་སྤྱོད་ཀྱི་ས་མཚམས་ལས་བརྒལ་བའི་མཇུག་འབྲས་སུ། བདེ་ལེགས་སྨན་ཁང་གི་ནད་པའི་ཉལ་ཁྲི་མི་ཉུང་བ་ཞིག་བཅད་བཟུང་བྱེད་དགོས་བྱུང་བའི་གནས་སྟངས་དེ་ཉིད་ཡོང་གི་ཡོད། མིག་སྔར་མཐོང་རྒྱུ་ཡོད་པའི་ཉེས་རྡུང་གཟོད་མཁན་བུད་མེད་དེ་ཚོའི་ལུས་ཀྱི་རྨ་ཁ་དང་གདོང་གི་སྐྱོ་ཉམས་དེ་དག་ལ་བསམ་གཞིག་རེ་བྱེད་དུས་དངོས་གནས་ཤ་ཚ་དགོས་པ་དང་བློ་ཕམ་དགོས་པ་ཞིག་འཆར་ངེས། དེ་དང་ཆབས་ཅིག་ཏུ་ཉེས་རྡུང་གཏོང་མཁན་ལ་གནོན་ཐབས་མེད་པའི་ཁོང་ཁྲོ་ཞིག་ཀྱང་རང་བཞིན་གྱི་སླེབས་ངེས།
            ཁོང་ཁྲོ་དེས་རྐྱེན་བྱས་ནས་ཉེས་རྡུང་གཏོང་མཁན་དང་གཟེད་མཁན་གཉིས་ཀྱི་དབར། ནག་ཉེས་ཆེ་ཆུང་གིས་ཚད་ཐིགས་རེ་བཞག་འདོད་ན། ང་ཚོས་སྨན་པ་རང་ལ་ཞུ་གཏུགས་བརྒྱབ་ན་ཐག་གཅོད་ནུས་པ་ཞིག་རེད། ལག་པ་རང་དབང་གིས་ཉེས་རྡུང་འོག་ལུས་ཐོག་རྨས་སྐྱོན་ཤོར་བའི་རྨ་ཁ་དེ་རིགས་སྨན་པས་དྲག་སྐྱེད་ཐུབ་ལ། སྨྲ་བརྗོད་རང་དབང་གི་ཁ་རྡུང་འོག་སེམས་ཁམས་ལ་རྨས་སྐྱོན་ཤོར་བའི་རྨ་ཁ་དེ་རིགས་སྨན་པས་བཅོས་ཐབས་མེད་པའི་ནད་གཞི་ཞིག་ཡིན་པས། དོན་དངོས་ཐོག་ཁོག་རྩིས་ཞིབ་ཏུ་བརྒྱབ་ན་ནག་ཉེས་ཀྱི་བརྒྱ་ཆ་སུ་ཞིག་མང་བ་ཆགས་འདུག་པ་ལའང་ཕྱི་འདང་ཞིག་མི་རྒྱག་ཐབས་མེད་རེད། ངས་དཔྱད་པ་འདི་འདྲ་བྱས་པ་དང་མཇུག་འབྲས་ལ་དཔགས་པའི་འགྲེལ་བརྗོད་འདི་འདྲ་ཞུ་དོན་ནི། དོན་སྐྱོན་འདིའི་འོག་ནས་བདེ་ལེགས་སྨན་ཁད་གི་ཉལ་ཁྲིའི་ཐོག་ཉལ་མཁན་ཉུང་དུ་འགྲོ་བའམ། ཡང་ན་མེད་པར་བཟོ་ཐབས་ཀྱི་ལམ་སྣེ་ཞིག་འཚོལ་བའི་ཆེད་ཁོ་ན་ལས། མཇུག་འབྲས་སྐྱུར་མོ་དེའི་ངན་ཁག་ཕར་དཀྲི་ཚུར་དཀྲི་བཟོ་རྒྱུའི་ཆེད་དུ་མིན། དེ་ལྟར་དོན་སྐྱོན་དེའི་ཐོག་མའི་བྱུང་རིམ་ནས་མཐའ་མའི་མཇུག་འབྲས་བར་ཁོག་རྩིས་ཤིག་བརྒྱབས་ན། ད་བཟོད་བུད་མེད་ཚོས་སྨྲ་བརྗོད་ངག་གི་རང་དབང་དང་དམངས་གཙོ་ལ་ས་མཚམས་དང་ཚད་གཞི་ངེས་ཅན་ཞིག་དགོས་པ་ར་འཕྲོད་ཡོང་ངེས་ལ། ར་འཕྲོད་དེ་ལྟར་བྱུང་བ་ནས་ལུས་སེམས་ལ་ཆགས་གྲུམ་ཐེབས་པའི་རྨ་ཁ་ཡང་རང་བཞིན་གྱིས་ཉུང་ཉུང་ནས་མེད་པར་ཆགས་ངེས་སྙམ།

མཐའ་བསྡོམས།

མདོར་བསྡུས་ན་རང་རེ་བོད་ཀྱི་བུད་མེད་ཚོའི་ནུས་ཤུགས་གོང་འཕེལ་དུ་གཏོང་དགོས་ན། གཙོ་བོ་རང་གིས་རྐང་པའི་ཐོག་རང་ཉིད་འགྲོ་ཐུབ་པ་དང༌། རང་གི་གཤོག་པའི་ཐོག་རང་ཉིད་འཕུར་ཐུབ་པ་བྱེད་རྒྱུ་ལས། བྱ་རྒོད་ཀྱི་གཤོག་པའི་ཐོག་རང་ཉིད་འཕུར་ཐབས་དང༌། རྟ་རྒོད་ཀྱི་གོམ་པའི་ཐོག་རང་ཉིད་རྒྱུག་ཐབས་ཀྱི་རྟོག་འཆར་སྒུག་ས་གང་ཡང་མེད། དེར་བརྟེན་རང་རེ་བོད་ཀྱི་བུད་མེད་ཚོས། ྋགོང་ས་མཆོག་གི་བཀའ་སློབ་དང༌། ཟམ་གདོང་མ་ཧཱ་པཎ་ཌི་ཏའི་ལམ་སྟོན། གྲོས་ཚོགས་དང་འཛིན་སྐྱོང་གི་བཀོད་སྒྲིག་གང་ཞིང་གནང་བ་དེ་དག་ལ་རང་ངོས་ནས་དམ་འཛིན་བྱས་ཏེ། དེང་སང་མཐོང་ཆོས་སུ་ཡོད་པའི་འཛམ་གླིང་ཤར་ནུབ་ཀྱི་བུད་མེད་དབང་འཛིན་པ་དང༌། རྩོམ་པ་པོ། ཚན་རིག་པ། ཉམས་ཞིབ་པ། ཆབ་སྲིད་པ། བསམ་བློ་སོགས་མང་མ་དྲགས་ན་ཉུང་མི་དྲགས་པའི་གྲངས་ཀ་བགྲང་དུ་ཡོད་པ་དེ་ཚོ་ལ། ཁ་མིག་ཡར་ལྟ་དང༌། བཟང་པོ་དཔེ་འདྲེན་བྱས་ནས། རང་གི་ཤེས་ཚོད་དང་རང་གི་འཇོན་ཐང༌། རང་གི་ནུས་པ་དང་རང་གི་རིན་ཐང༌། རང་གི་གནས་བབ་དང་རང་གི་གོ་སྐབས་སོགས། རང་གི་ལག་སྣེར་ཡོད་པའི་ལས་ཀ་དང༌། རང་གི་རྡོག་སྣེར་ཡོད་པའི་ལམ་བུ་ལ་ཕྱི་ཀྱེད་དང་ཟུར་འགྲོས་མི་བྱེད་པར། གདོང་མཆོང་དང་དང་ལེན་བྱས་ནས། མ་འོངས་པའི་མདུན་ལྗོངས་ལ་འདྲ་མཉམ་གྱི་གོ་སྟབས་མཉམ་སྤོ་ཐུབ་པ་གནང་རྒྱུའི་ཆོད་སེམས་བརྟན་པོ་ལྡན་པ་དང༌། རྨོངས་འཐོམ་དང་སྒྱུད་ལུག་གི་གཞན་དབང་དུ་མི་ཚུད་པར་གནང་རྒྱུ་དེ་རྒྱ་མཚོའི་རླབས་བཞིན་དུས་ཐོག་ཏག་ཏག་འཁེལ་འདུག་སྙམ།

འཕེལ་གྲིབ་རླབས་རིས་རྩེན་པའི་མཚོ་ངོགས་ན།།
ལས་དབང་རླུང་གིས་བདས་པའི་གཡོ་གྲུ་བཞིན།།
བོད་ཀྱི་བུད་མེད་གླེང་བའི་གཏམ་ཡན་འདི།།
ལེགས་ཉེས་གང་འགྱུར་བདག་ཀྱང་འཕྱང་མོ་ཉུག།
རིང་ནས་རང་གི་རིགས་ལ་དུངས་པའི་འཕྲུལ།།
གཡོལ་བར་མ་ནུས་སེམས་ཀྱི་ཚོར་འདུའི་རླབས།།
ཐོལ་བྱུང་འཕྱུར་བའི་བང་རིམ་འཁྲིགས་པ་འདིས།།
གནད་ཀྱི་འགག་ལ་ཕན་པའི་རྒྱུར་གྱུར་ཅིག།

དགེ་མིང་ཟུར་ཙམ་འདྲེན་པ་བེ་རི་འཇིགས་མེད་ཀྱིས་སྤྱི་ལོ་ ༢༠༠༩།༤།༢༩ ཉིན་སྤྱི་འཐུས་རྒྱུན་ལས་ཁང་དུ་ཤར་མར་བྲིས།






[1]       ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་ནི།  དཀོན་མཆོག་བླ་མས་གཟུང་ནས་གུས་པས་མཆོད། ༢དམ་པའི་ཆོས་སྒྲུབ་པ། ༣ཕ་མ་ལ་བྲིན་དུ་བཟོ་བ། ༤ཡོན་ཏན་ཅན་གོང་དུ་བསྐུར་བ། ༥ རྒན་པ་སྲི་ཞུ་སྒྲུབ་པ། ༦ གསར་འགྲོགས་མེད་པ་གཞུང་བཟང་བ། ༧ཡུལ་མི་ཁྱིམ་མཚེས་དང་དམན་པ་ལ་ཕན་བཏགས་པ། ༨ཅི་ཟེར་ལ་མི་ཉན་ཡིད་བརྟན་པ། ༩ ཡ་རབས་ལ་མིག་དཔེ་བལྟ་བ། ༡༠ ནོར་ལ་ཆོག་ཤེས་ལྡན་པ། ༡༡དྲིན་ཅན་ལ་ཕན་ལན་བསྒྲུབ་པ། ༡༢བྲེ་སྲང་གཡོ་སྒྱུ་མེད་པ། ༡༣ ཉེ་རིང་མེད་པ་སྤྱི་སྙོམས། ༡༤བུད་མེད་དང་གྲོགས་ངན་གྱི་ཁ་ལ་མི་ཉན་པ། ༡༥ངག་འཇམ་ལ་སྨྲ་མཁས་པ། ༡༦ཆོས་དང་འཇིག་རྟེན་གང་ལའང་དཀའ་སྤྱད་ནུས་པ་བཅས་སོ། དེབ་ཐེར་གཞན་དང་གཞན་དུ་བཤད་སྲོལ་མི་འདྲ་བའང་འདུག