༄༅། །བོད་ལྗོངས་ལྷ་མི་ཡོངས་ཀྱིས་དད་མོས་རྩེ་གཅིག་གིས་ལུགས་གཉིས་ཀྱི་འདྲེན་པ་མཆོག་ཏུ་མངའ་གསོལ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཆེན་པོའི་ཕྱག་ཐམ།

སེམས་འཚོར་དམར་པོ།

སེམས་འཚོར་དམར་པོ།
འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།

ཟིན་བྲིས་རྣམས་གྲངས།

དྲང་སྲོང་རྒན་པོའི་ལྟ་གྲུབ།

ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།།སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།།སུ་དང་གང་གིས་འཇུ་ཡང་མི་ཟིན་པ།།བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།
ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།།དེ་རིང་གཡའ་དག་མཁའ་ནས་ཉི་གཞོན་འཛུམ།།གནམ་སའི་གཤིས་ལུགས་ངེས་མེད་འགྱུར་བ་འདི།།འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།
འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།།རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།།གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།།དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།
བྱང་ཐང་བྱེ་མ་སྤུངས་པའི་ཇག་ལམ་ན།།མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།།ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།།གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།
གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།།ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།།སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།།སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།
2007/3/26/བྲིས།

གདུང་བའི་སྨྲེ་ངག


གཉིད་ནི་རྨོངས་དང་འཐོམ་པའི་ཆ་ལག་ཕྱིར།།སུ་དང་གང་གིས་བསྟོད་པ་མི་བྱེད་མོད།།རྨི་ལམ་གྲོང་ཁྱེར་འགྲིམས་པའི་ལྟད་མོ་ལ།།གཟིགས་ན་གཉིད་ལ་མི་བསྟེན་མཐུ་མེད་ཡིན།།ངོས་འཛིན་གཏོད་སོ་མེད་པའི་བར་སྣང་གི།།མཛེས་མཚོན་ཁ་དོག་བཀྲ་བའི་འཇའ་རིས་སྣེ།།འཁྲུལ་སྣང་ཨ་ཐས་ཟབ་པའི་བོད་རྒན་ཚོས།།རེ་བས་ཤི་འཐམ་བྱས་པའི་རྨི་ལམ་རིང༌།།གཞན་འཚང་སྔོག་པའི་ཕག་གི་མཆུ་ཏོ་ལ།།རང་འཚང་སྐྱག་པ་འགོས་པའི་དྲི་ངན་གྱིས།།དངོས་དོན་བདེན་པའི་དྲི་བསུང་འཐུལ་བ་ལ།།ཕན་པའི་རེ་བ་བཅོལ་པའི་འཁྲུལ་སྣང་ཟབ།།ཟླ་འོད་མུན་པས་ཟོས་པའི་མཚན་མོ་ན།།ནག་ཅན་རྐུན་མའི་གྲིབ་གཟུགས་མ་མཐོང་བར།།འབ་སྒྲས་གནམ་ས་དབྲལ་བའི་ཁྱི་རྒན་ལ།།རེ་བའི་བློ་གཏོད་བྱས་པའི་ལྷ་སྒྲུང་སྙན།།སྤང་རྒྱན་མེ་ཏོག་བཀྲ་བའི་གླིང་ཁ་ན།།ཕྱེ་མ་ལེབ་ཀྱིས་འཕུར་ལྡིང་རྩེན་པའི་རྗེས།།བསམ་མེད་བྱིས་པ་རྒྱུག་པའི་རྡོག་སྣེ་ནས།།གཡང་སའི་རྡོ་ལ་བརྡབས་པའི་ངུ་རྒྱངས་ཐོས།།ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་དུ།།འཁྱགས་པས་ས་གཞི་བསྡམས་པའི་སྲུབ་ཀ་ནས།།ལྗང་མདོག་མྱུ་གུ་འབུས་པའི་རེ་བ་འདིས།།མེས་པོའི་སྙིང་ལ་འཇའ་ཡི་ཁང་བཟང་བསྐྲུན།།བསམ་གཞིགས་འཁྱགས་ལ་འབྱར་བའི་གྲང་ལྷག་གསེབ།།རྣམ་རྟོག་བུ་ཡུག་འཚུབ་པའི་དུར་ཁྲོད་ན།།ཕ་མེས་སྟོང་གི་རྣམ་ཤེས་ཐིམ་པའི་ཤུལ།།རེ་བའི་ལྷག་མ་འཇགས་རྩྭ་སྐམ་པོ་ཙམ།། ༢༠༠༧.༣.༢༠ ལ་བྲིས།

ཕྱིར་དྲན།

རི་རྩེ་ཁ་བས་ཉིན་རེ་ཉིན་རེར་བསྟིམས།།ནགས་ཀྱི་ཤིང་ལོ་རིམ་གྱིས་རིམ་གྱིས་ལྷུང༌།།ད་ནི་ཁོར་ཡུག་མཛེས་པའི་རྣམ་ཤེས་འདིའང༌།།དགུན་འཁྱགས་ལྷགས་པའི་རུམ་དུ་འབྱར་བར་ངེས།།ད་ནངས་བྱེ་འུའི་གསུང་སྙན་མ་ཐོས་གོང༌།།ཞོགས་རླུང་བསིལ་མོས་ཕྲ་ཡོལ་ཁད་ཀྱིས་ཕྱེས།།མགོ་བོ་སྔས་ལ་འབྱར་བའི་རྨི་ལམ་ཡང༌།།གཟུགས་མེད་རླུང་བུ་ལྡང་བས་ཧད་ཀྱིས་དཀྲོགས།།དབྱར་དགུན་སྟོན་དཔྱིད་ཤོག་ལྷེ་བསྒྱུར་བ་བཞིན།།དུས་བཞི་ཤུགས་ཀྱིས་ལོ་ཡི་འཁོར་ལོ་བསྐོར།།མི་ལོ་བཅུ་བདུན་ས་མཐར་དལ་གྱིས་རྫོགས།།དྲན་ཤེས་བསྣོལ་མས་སེམས་ཀྱི་ཚོར་འདུ་བཀྲུགས།།ལྟེ་ཁྲག་གང་དུ་འཕོས་པའི་ཕ་ཡུལ་དང༌།།བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་ཕ་མ་ཟུང༌།།ཤ་ཁྲག་གཅིག་པའི་སྤུན་ཉེ་གྲོགས་པོ་སོགས།།རི་ཁྲི་ཆུ་སྟོང་བརྒལ་བའི་ཕ་རོལ་ལུས།།མི་ཡུལ་འཁྱམས་པ་མི་ཡི་ལས་དབང་སྟེ།།ལྷ་ཡུལ་སླེབས་པའི་རེ་བ་བདག་ལ་མེད།།རང་ལུས་རང་ལ་དབང་བའི་ལས་དབང་ཞིག།མི་མངོན་གནམ་གྱི་དབྱིངས་ནས་གནང་རོགས་གྱིས།།
Powered by Blogger.

འཁྲུལ་སྣང༌།


ཡ་ཀི་རྩ་གསུམ་ལྷ་ཡུལ་མན་ཆད་ནས།།མ་ཀི་རྡོ་རྗེའི་དམྱལ་ཁམས་ཡན་ཆད་ན།།བྱ་བྱེད་བསྣོལ་མ་འཐབ་པའི་འཁྲུལ་སྣང་འདི།།སྒྱུ་རྩལ་སྙན་ངག་སྨྲ་བའི་ལྟད་མོ་ཞིག།
ཕ་རྒན་མུ་གེས་ཤི་བའི་དུར་ས་ན།།བུ་རྒྱུད་ཕྱུག་པོས་ཐུགས་སྤྲོ་བཏང་བྱས་ཏེ།།རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་པ་ཡིས།།རྣམ་ཤེས་འཁྱམས་པོ་འགུག་པའི་མགྲོན་བརྡར་སྨྲ།།
མ་རྒན་ཆང་སར་ཆས་པའི་རྟེན་འབྲེལ་ཐོག།བུ་མོས་བྲོ་གར་ཁྲབ་པའི་གླུ་གཞས་ཀྱིས།།ཆང་དང་སྦི་རག་མཆོད་པའི་སྐུ་མགྲོན་ཚོར།།སེམས་ཁམས་རླུང་གིས་བཀྱགས་པའི་འཁྲུལ་སྣང་སྟེར།།
ཡོད་ཚད་མཇེ་ཡིས་ཕུང་པའི་སྔགས་རྒན་དང༌།།དད་རྫས་སྟུ་རིན་སྤྲོད་པའི་གྲུབ་རྫུན་གཉིས།།རྨོངས་དད་བྲག་གི་བཙན་རྫོང་བརྩེགས་པའི་ནང༌།།བག་མེད་ཤ་ཆང་རོལ་བའི་འཁོར་ཚོགས་རྒྱས།།
སྔགས་ནག་གཅོད་པས་ལྷ་འདྲེ་གཡབ་མོ་བྱེད།།བསམ་མེད་བྱིས་པས་ཁྱི་སྨྱོན་རྡོ་ཡིས་རྡུང༌།།རྙོག་འཛིང་གཡབ་མོ་བྱེད་སའི་གྲུ་ག་འདིར།།ལྷིང་འཇགས་རེ་བ་མཚན་མོའི་རྨི་ལམ་ཙམ།།

སེམས་ཚོར་དམར་པོ།

རི་སུལ་ཁ་བས་བསྟིམས་པའི་ལྷག་རླུང་གསེབ།།རྣམ་ཤེས་རླུང་དང་འགྲོགས་པའི་བ་དོའི་ལུས།།གོས་མེད་གཅེར་བུར་འགྲིམས་པའི་སྐྱོ་གར་ལ།།བརྩེ་སེམས་གོས་བཟང་སྐོན་པའི་བྱམས་ལྡན་སུ།།མེ་མདའི་བུ་ཡུག་འཚུབ་པའི་གཡུལ་ས་ན།།ཚེ་སྲོག་རླུང་གིས་བདས་པའི་ཉམས་ཐག་འབུམ།།ཟུངས་ཁྲག་ཡུར་ཆུ་འཐེན་པའི་གཤིན་ཐང་ནས།།བདག་མེད་བམ་རོས་ཁེངས་པར་སུ་ཡིས་གཟིགས།།ལས་དབང་སྔས་སུ་བྱས་པའི་ལྷོ་མཐའ་ནས།། མིག་ཆུས་གདོང་རིས་བརླན་པའི་ངུ་རྒྱངས་ཀྱིས།།བྱང་བརྒྱུད་ཁ་བས་གཡོག་པའི་དུར་ས་ན།།རྒྱང་རིང་མིག་གིས་ཅེར་བ་སུ་ཡིས་གཟིགས།།གཞན་གནོད་བཞི་ལས་ལྡོག་པའི་སྲིད་དོན་གྱིས།།ཐར་པའི་ཁང་བཟང་མཛེགས་པའི་ལམ་ཟུར་ནས།།ཕ་ས་དོན་དུ་གཉེར་བའི་རྨི་ལམ་ལ།།རེ་བའི་རྨི་ཐག་འཕྱངས་པ་སུ་ཡིས་གཅོད།།ཡར་གི་གསེར་གྱི་ཉི་མའི་འོད་སྣང་འོག།མར་གི་འདུ་ལོང་འཚུབ་པའི་ལྷིང་འཇགས་སྣེ།།རྟག་བརྟན་ཐེར་ཟུག་འཛིན་པའི་འཁྲུལ་སྣང་ལ།།མི་རྟག་སྒྱུ་མའི་རང་ངོ་སུ་ཡིས་སྤྲོད།།མི་ཡུལ་སྔས་སུ་བྱས་པའི་གྲུ་ཁ་ན།།མི་ལོ་ལྔ་བཅུ་ཟིན་པའི་མཇུག་སྣེ་ནས།།མི་ནུས་གདམ་བྱ་མང་བའི་མིག་འཁྲུལ་གྱིས།།བྱིས་པའི་སེམས་ཁམས་བསླུས་པ་སུ་ཡིས་དཀྲོགས།།དགྲ་ལ་ཞི་མོལ་རེ་བའི་འཛུམ་མདངས་ཕག།གཉེན་ལ་རྒྱུག་རྡུང་ཕོག་པའི་ན་ཚ་ཡིས།།ཀི་ཅོས་གནམ་ས་དབྲལ་བའི་ཁོར་ཡུག་ན།།གཉིས་ཕན་འབྲས་བཟང་སྨིན་པ་སུ་ཡིས་རེ།།ནམ་མཁའི་འཇའ་རིས་མིག་གི་ལྟད་མོར་མཛེས།།སྤྲང་པོའི་གླིང་བུ་ཕྱུག་པོའི་རྣ་བར་སྙན།།ཞི་བའི་ལྟ་གྲུབ་བྱིས་པའི་བུ་རམ་གྱིས།།བཀྲེས་ལྟོགས་སེལ་བའི་ལོག་རྟོག་སུ་ཡིས་བཟློག།ཕ་རྒན་བསད་ནས་ཞགས་གསུམ་མ་ལོན་གོང༌།།ཕ་མེད་དྭ་ཕུག་འཁྱམ་པོས་ཁ་བཏགས་སྣེ།།ཕ་བསད་དགྲ་བོའི་མགུལ་ལ་འཐེན་པ་འདི།།ཕ་བཟང་བུ་ཡི་གྲལ་གསེབ་སུ་ཡིས་བཞག།ཁ་འདི་འཕྲེད་དུ་ཕྱེས་པའི་རྟེན་འབྲེལ་གྱིས།།འཕྲེད་འཕྲེད་གཏམ་ལ་རྫོགས་མཐའ་མི་འདུག་པས།།སེམས་ཀྱི་ཁྱེའུ་ཆུང་ངུས་པའི་མིག་ཆུ་རིས།།འཕྲེད་དུ་འབབ་པའི་སྙན་ཚིག་འདི་ཉིད་སྤེལ།།
སྤྱི་ལོ་༢༠༠༨ཟླ་བ་༣ཚེས་༧ཉིན་བྲིས།

དྲན་པའི་སྐྱོ་གདུང༌།


འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།སྐྱིད་པའི་ཕ་ཡུལ་སླེབས་པའི་སྐལ་བ་དེ་མེད་འདྲ།།དྲིན་ཅན་ཕ་མ་མཇལ་བའི་ལས་འཕྲོ་དེ་མི་འདུག།དྲན་གདུང་སེམས་ཀྱི་མིག་ཆུ་ཁོག་པ་ལ་གཞུར་ནས།།མི་ཚེ་ས་མཐར་བསྐྱལ་བའི་ལས་དབང་འདི་སྐྱོ་བ།།སྤུན་མཆེད་གཉེན་ཚན་དུ་མའི་ཞལ་པར་ཙམ་ཐོས་བྱུང༌།།སྐབས་འགར་པར་དང་བརྙན་ཕབ་ལྟད་མོ་ཙམ་མཐོང་ཡང༌།།ཕན་ཚུན་ལྷན་དུ་འཛོམས་པའི་གོ་སྐབས་དེ་བརླགས་ནས།།མི་ཚེ་ཕལ་ཆེར་མི་ཡུལ་ལུང་པ་ལ་རྫོགས་སོང༌།།སྐྱེས་ས་འཚར་ས་བསིལ་ལྡན་བོད་ལྗོངས་ལ་ཡིན་ཡང༌།།རྒ་ས་ཤི་ས་ལྷོ་མཐའི་ཚ་བ་ནང་ངེས་པས།།རྒྱུས་མེད་མི་ཡུལ་འཁྱམས་པའི་ཉམ་ཆུང་གི་གྲྭ་རྐྱང༌།།བསམ་ཞིང་བསམ་ཞིང་སེམས་སྡུག་ན་བུར་བཞིན་འཐུལ་སོང༌།།མི་བཟད་སྐྱོ་བའི་ཚོར་རླབས་སེམས་ཁོང་ནས་འཕྱུར་ཡང༌།།གདོང་གི་བཤུ་སྐོག་མཉེད་པའི་འཛུམ་ཀོང་འདི་བསྟན་བཞིན།།མི་ཚོགས་འདྲ་མིན་གསེབ་ཏུ་འགྲོ་ཁུལ་རང་བྱེད་པ།།འཇིག་རྟེན་མི་ལུས་ལེན་པའི་ཡ་ཚུལ་ཙམ་ལོས་ཡིན།།
༢༠༠༨.༥.༡༧ཉིན་དགེ་འོས་B.edའཛིན་གྲྭའི་ནང་གནན་ཐབས་མེད་པའི་སྐྱོ་སྣང་ཞིག་གིས་རྐྱེན་བྱས་ཏེ་དཀར་པང་ཐོག་ཐོལ་བྱུང་དུ་བྲིས།

Followers


དྲྭ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Friday, November 11, 2011
སྒྲུང་རྩོམ་གྱི་རྒྱུ་ཆ་འཚོལ་སྡུད་བྱེད་སྟངས་དང་འབྲི་ཐབས།

___བེ་རི་འཇིགས་མེད།
སྒྲུང་རྩོམ་གྱི་གོ་དོན་དང་རྣམ་གྲངས།

སྒྲུང་རྩོམ་ནི་གནའ་དེང་གང་དུའང་མེད་ཐབས་མེད་པའི་བོད་ཀྱི་རྩོམ་རིག་གི་ཆ་ལག་གལ་ཆེ་རང་བཞིན་ལྡན་པ་ཞིག་ཡིན་ལ། མི་རིགས་རང་ཉིད་ཀྱི་སྤྱི་ཚོགས་ཚོར་བ་མཚོན་པའི་སྒྱུ་རྩལ་གྱི་ལྷུ་ལག་མེད་ཐབས་མེད་པ་ཞིག་ཀྱང་ཡིན།

སྤྱིར་སྒྲུང་གི་གོ་དོན་ཐད། བོད་རྒྱ་ཚིག་མཛོད་དུ།སྔོན་བྱུང་རབ་བཏགས་ཀྱི་ལོ་རྒྱུས ཞེས་བྲིས་སྣང་ལ། སྒྲུང་མཁན་གྱི་གོ་དོན་ཡང་།སྔོན་བྱུང་ལོ་རྒྱུས་བཤད་མཁན་དང་ལོ་རྒྱུས་གླུ་རུ་ལེན་མཁན་ལ་ངོས་འཛིན་དང་། སྒྲུང་གཏམ་ནི།སྔོན་བྱུང་གཏམ་རྒྱུན་རང་ལ་ངོས་འཛིན་བྱས་འདུག ཡང་རབ་གཏགས་ཀྱི་ལོ་རྒྱུས་བློ་ལ་ཤར་བ་ལ་སྒྲུང་བབ་ཅེས་ཟེར་བ་དང་། སྒྲུང་བཤད་པ་ནི།སྔར་གྱི་གཏམ་རྒྱུན་བཤད་པའམ་། ཡང་ན་རྫུན་བཤད་པའི་དོན་དོན་ནམ་མིང་ཚབ་ཏུ་བཀོལ་ཚུལ་འཁོད་པ་འདི་དག་ནི་སྒྲུང་གི་ངོ་གདོང་གི་གོ་དོན་གྱི་འགྲེལ་བརྗོད་ཙམ་ཡིན།[1] དུང་དཀར་ཚིག་མཛོད་དུ། སྒྲུང་གི་གོ་དོན་བཤད་སྐབས། སྒྲུང་བོན་ཞེས་པ་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་དྲངས་པའི་རྒྱལ་རབས་དྲུག་པ་ཁྲི་ལྡེའུ་བཙན་གྱི་དུས་དབུ་རུ་ངོམ་ཤོད་བོན་ཞེས་བྱ་བར་བོན་གྱི་གཤེན་རབ་མི་བོ་ཆེ་བྱ་བ་ཞིག་བྱུང་བ་དེས་ཐོག་མར་བརྩམས་པ་རྣམས་ཡིན། འདི་ལ་གཞུང་གཞན་དུ་བརྡོལ་བོན་ཟེར།[2] ཞེས་བྲིས་འདུག་པ་ནི། སྒྲུང་ལྡེའུ་བོན་གྱི་ནང་གི་སྒྲུང་ཞེས་པ་དེ་གང་ལས་བྱུང་བའི་ཁུངས་བསྟན་པ་སེམས་ལ། དེ་ཉིད་བརྡོལ་བོན་གྱི་གཞུང་ཡིན་པའི་ཁུངས་དང་རྒྱུ་མཚན་ནི་གཡུང་དྲུང་བོན་ལུགས་འཛིན་པའི་མཁས་པ་ཞིག་ལ་དྲིས་ན་མ་གཏོགས་སུས་ཤེས། སོག་པོ་དགེ་བཤེས་ཆོས་གྲགས་ཀྱི་བརྡ་དག་མིང་ཚིག་གསལ་བར། བོན་སྒྲུང་ནི། བོན་གྱི་ཆོས་འབྱུང་ལྟ་བུ་ཞེས་འགྲེལ་འདུག [3]གང་ལྟར་ཡང་། རྫུན་པའི་ལམ་ནས་བདེན་པའི་གནས་ལུགས་མཚོན་པ་ནི་སྒྲུང་གི་ངོ་གདོང་གི་རྒྱབ་དུ་ཡོད་པའི་གནས་ལུགས་ཀྱི་རིན་ཐང་དངོས་དེ་ཡིན་པས་རིན་ཐང་དེ་ཉིད་ངོ་གདོང་གི་རྒྱབ་ཏུ་གབ་སྡོད་ཡོད་པ་དེ་ཡང་མཁྱེན་དགོས་པའི་དོན་གནད་གལ་ཆེ་ཞིག་ཡིན། དེས་ན་རྫུན་པའི་ལམ་ནས་བདེན་པའི་གནས་ལུགས་ལམ་སྟོན་ནུས་པའི་གཏམ་རྒྱུད་དང་འབྲེལ་བའི་སྒྱུ་རྩལ་གྱི་བརྡ་ཐབས་སམ་རྩོམ་རིག་ཆ་ལག་ཅིག་ལ་སྒྲུང་རྩོམ་ཟེར་ན་ཆོག་སྙམ། འོན་ཀྱང་སྒྲུང་རྩོམ་ཡིན་ཚད་འདིའི་ཁྱབ་ཁོངས་སུ་འདུ་བའི་ངེས་པ་མེད་དེ། རྩོམ་པ་པོས་མ་འོངས་མངོན་གཟིགས་སམ་ཚོད་བགོམ་གྱིས་འབྱུང་འགྱུར་ལམ་སྟོན་དང་འབྲེལ་བ་ཡོད་པའི་གཏམ་ལ་སྒྱུ་རྩལ་གྱི་མཚོན་རྩི་བྱུག་པའི་སྒྲུང་རྩོམ་ཡང་དེང་རབས་སྒྲུང་རྩོམ་སྨྲ་བ་མི་ཉུང་བ་ཞིག་གིས་བྲིས་འདུག་པ་མཐོང་དུ་ཡོད་པས་སོ།།ནང་གསེས་དབྱེ་བ་རགས་ཙམ་ཕྱེས་ན། གནའ་སྒྲུང༌། ལྷ་སྒྲུང༌། གླིང་སྒྲུང༌། བྱིས་སྒྲུང༌། དེང་སྒྲུང་བཅས། ལྔ་རུ་འབྱེད་ན་ཅུང་གོ་བདེ་བར་སྙམ་ལ། ཡང་སྒྲུང་རྩོམ་ལ་རྟོག་པ་འཆར་ཡན་གྱི་སྒྲུང་རྩོམ་དང་། སྒྱུ་འཕྲུལ་དངོས་ཡོད་ཀྱི་སྒྲུང་རྩོམ་གྱི་དབྱེ་སྒོ་གཉིས་སུ་ཕྱེས་ནའང་རུང་སྙམ།  ནང་གསེས་ཞིབ་ཕྲའི་དབྱེ་བ་ནི་ཤིན་ཏུའང་མང་པོར་དབྱེ་རུང་བ་སེམས་སོ།
གནའ་སྒྲུང་ནི། སྒྲུང་ལྡེ་བོན་གསུམ་གྱི་ནང་གི་མ་སངས་ཀྱི་སྒྲུང་ལྟ་བུ་སྟེ། དེང་སང་རོ་ལངས་གསེར་འགྱུར་གྱི་སྒྲུང་ཕལ་ཆེ་བ་རྣམས་སོ།
ལྷ་སྒྲུང་ནི། གནའ་བོའི་སྤྱི་ཚོགས་ཁྲོད་ཀྱི་བསམ་བློའི་འཆར་སྒོ་དང་བསྟུན་ནས་སྐབས་དེའི་སྤྱི་ཚོགས་འཚོ་བའི་དགོས་མཁོ་དང་འཚམས་པའི་གནས་སྟངས་མང་པོ་ཞིག་ལྷ་འདྲེ་ལ་གཞི་བཅོལ་ནས་བཤད་པའི་སྲོལ་རྒྱུན་ཡིག་ཐོག་ཏུ་བཀོད་པ་ལ་ཟེར་བ་སྙམ། འདི་དང་གནའ་སྒྲུང་གཉིས་ཕན་ཚུན་གཅིག་པ་ལྟ་བུ་ཡང་ཤིན་ཏུ་མང༌།[4]
གླིང་སྒྲུང་ནི། གླིང་གེ་སར་རྒྱལ་པོའི་གཏམ་བརྒྱུད་བཤད་སྒྲོས་འདྲ་མིན་ལ་གཞི་བཅོལ་ནས། མདོ་ཁམས་གང་སར་སྤྱི་ཚོགས་ཁོར་ཡུག་གི་འཚོ་བའི་རྒྱུན་རིམ་དང་སྲོལ་རྒྱུན་རིག་གཞུང་གི་སྲོག་རྩར་གཟུང་ནས་བཅོས་སྒྲུང་འདྲ་མིན་བྲིས་པའི་རིག་ལ་ཟེར་ཆོག་སྙམ།
        བྱིས་སྒྲུང་ནི། གནའ་ནས་ད་ལྟའི་བར་བྱིས་པ་ཚོས་རང་གི་སེམས་ཀྱི་འཆར་སྒོ་གཞིར་བཟུང་ནས་ཕྱིའི་ཁོར་ཡུག་སོགས་ལ་འགྲེལ་བརྗོད་འདྲ་མིན་དང་འབྲེལ་བའི་ངག་སྒྲོས་དང༌། རྒན་རབས་ཚོས་བྱིས་པའི་སེམས་ཁམས་ལ་གཞི་བཅོལ་ནས་སྣོད་བཅུད་ཀྱི་འགྲེལ་བརྗོད་ཅི་རིགས་སུ་བཅོས་པའི་ངག་སྒྲོས་ཡིག་ཏུ་ཕབ་པའི་ཚིག་ལྷུག་གི་རིགས་རྣམས་ཡིན་ཆོག་སྙམ། དཔེ་ན། ཤིག་དང་ལྗི་བའི་བྱིས་སྒྲུང་ལྟ་བུས་མཚོན་ནུས་སྙམ།
དུས་རབས་སྒྲུང་རྩོམ་ནི། བསམ་བློའི་ལྟ་གྲུབ་དུས་རབས་ཀྱི་རྗེས་བསྙེགས་པ་དང༌། བརྗོད་གཞིའི་སྙིང་དོན་ཚོར་བ་དང་ཆེས་འབྲེལ་བ། རྩོམ་གྱི་སྒྲོམ་གཞི་དེང་རབས་ཀྱི་ཚིག་སྦྱོར་དང་མཐུན་པ། བྱེད་ལས་སྤྱི་ཚོགས་ཁྲོད་ཀྱི་སྐྱོན་ཡོན་ཡོ་སྲོང་དང་དང་ངན་སྲོལ་ཐེར་འདོན། གོ་སྐོན་ར་སྤྲོད་ཀྱི་ནུས་པ་ལྡན་པ། ཚིག་གི་སྒྲོམ་ཀློག་ན་སྙན་ཞིང་གསོན་ཉམས་ལྡན་པ། དོན་གྱི་རོ་མྱོང་ན་སྤྱི་ཚོགས་ཚོར་བའི་གནས་བབས་གསལ་བ་ཞིག་ལ་ངོས་འཛིན་བྱས་ན་ཆོག་སྙམ། དཔེར་ན་དོན་གྲུབ་རྒྱལ་གྱི་སད་ཀྱིས་བཅོམ་པའི་མེ་ཏོག་དང༌། བཀྲ་ཤིས་དཔལ་ལྡན་གྱི་ཁྱིམ་ཕལ་བའི་གཏམ་བརྒྱུད་ལྟ་བུས་མཚོན་ནུས་སྙམ།

སྒྲུང་རྩོམ་གྱི་རྒྱུ་ཆ་འཚོལ་སྡུད་བྱེད་སྟངས།
སྒྲུང་རྩོམ་ནི་ཚོར་བའི་ཟ་འཕྲུག་གིས་འགུལ་སྐྱོད་ཐེབས་པའི་སྙན་ཚིག་ཙམ་དུ་མི་བསྡད་པར་དེ་ལས་ཡོངས་སུ་ལས་བརྒལ་ཏེ། ཚོར་བའི་ཟ་འཕྲུག་དེ་དང་འབྲེལ་བའི་རབ་གཏགས་ཀྱི་ཡ་མཚན་པའི་གཏམ་རྒྱུད་གང་ཞིག་གསར་དུ་བསྐྲུན་ནས། གཏམ་རྒྱུད་དེའི་ནང་གི་མི་སྣ་དང་ཁོར་ཡུག རྒྱུ་རྐྱེན་དང་བྱུང་རིམ། རྙོག་འཛིངས་དང་མཇུག་འབྲས་བཅས། རྩོམ་པ་པོའི་བསམ་བློའི་ཀུན་རྟོག་གིས་བློས་བསླངས་དང་། དངོས་ཡོད་གནས་སྟངས་ཀྱི་རམ་འདེགས་ལ་བརྟེན་ནས་གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་ངག་རིག་ལས། མགོ་མཐོང་བ་དང་མཇུག་ཀློག་འདོད་པའི་ཚོར་ཤུགས་རང་བཞིན་གྱིས་སླེབས་པ། ཀློག་གིན་ཀློག་གིན་རྩོམ་ཡིག་ནང་གི་བརྗོད་གཞི་མི་སྣའི་ཚོར་ཤུགས་དེ་དག་མི་མངོན་པའི་སྒོ་ནས་ཀློག་པ་པོ་རང་གི་ཚོར་བའི་ཐོག་ཏུ་ངང་གིས་གིས་སླེབས་འོང་པ། ཚོར་ཤུགས་ཀྱི་རྒྱུན་རིམ་དེ་དང་འབྲེལ་ནས་ཀློག་པ་པོའི་སེམས་ཁམས་སུ་དགའ་སྐྱོ་ཁྲོ་ཆགས་ཀྱི་རྣམ་པ་ཅི་རིགས་སུ་འགྱུར་བའི་སྣེ་ནས་སྒྲུང་དེའི་དོན་སྙིང་གི་ལམ་སྟོན་གང་ཞིག་གནང་ཡོད་པ་དེ་ཆུ་སྐྱར་ཞི་ལ་རྐུ་ཆགས་བཞྀན་ཀློག་པ་པོའི་སེམས་ངོགས་སུ་འཛུལ་ཐུབ་པ་ཞིག་དགོས། སྤྱིར་སྒྲུང་རྩོམ་འབྲི་བར་མེད་དུ་མི་རུང་བའི་ཆ་རྐྱེན་ཁག་གཅིག་ངོ་སྤྲོད་ཞུ་ན།
༡༽ བསམ་བློའི་ཐོག་ནས་བརྗོད་གཞི་བཀོད་སྒྲིག་བཟོ་སྟངས་དེ་ཡིན། རྩོམ་པ་པོ་རང་ཉིད་ཀྱིས་སྤྱི་ཚོགས་ཁྲོད་ཀྱི་སྐྱོན་ཡོན་གང་ཞིག་ཐེར་འདོན་བྱེད་འདོད་པ་དེ་ཉིད་སྒྲུང་གི་མི་སྣ་གང་འདྲ་ཞིག་དང་སྡེབ་ན་འཚམས་མིན་ཐག་གཅོད་བརྟན་པོ་བྱེད་དགོས།
༢༽ མི་སྣ་གང་ཞིག་བཀོད་སྒྲིག་བྱས་པ་དེ་དང་འཚམས་པའི་ཀུན་སྤྱོད་བཟོ་དབྱིབས་ངོ་སྤྲོད་ཀྱི་ཐོག་ནས་མི་སྣ་དེའི་བསམ་བློའི་རྒྱུན་རིམ་ཡང་རང་བཞིན་གྱིས་ཤེས་ནུས་པ་དགོས།
༣༽ མི་སྣ་དེ་དང་དེ་དག་ཕན་ཚུན་འགྲོ་འདུག་གི་བྱ་སྤྱོད་སྤེལ་སའི་ཁོར་ཡུག་གི་མཛེས་བཀོད་སོགས་ཀྱང་སྒྲུང་གི་མི་སྣའི་བསམ་བློ་དང་བསྟུན་ནས་བཀོད་སྒྲིག་ཞིབ་ཚགས་བྱེད་དགོས།
༤༽ སྒྲུང་གི་གྲུབ་ཆ་གཙོ་བོ་ནི་སྐད་ཆ་ཡིན། དེར་བརྟེན་སྐད་ཆའི་རྒྱུན་རིམ་ལ་རྩོམ་པ་པོའི་ཞེ་འདོད་ཀྱི་དམིགས་ཡུལ་གང་ཞིག་ཡོད་པ་དེ་མ་བརླགས་པའི་ཐོག་ནས་ཀློག་པ་པོའི་བསམ་བློར་དགའ་སྐྱོ་ཁྲོ་ཆགས་ཀྱི་རྣམ་པར་བསྒྱུར་ཐུབ་པའི་སྒྱུ་རྩལ་གྱི་ཉམས་ཐོན་ཐབས་བྱེད་དགོས།
༥༽ སྒྲུང་རྩོམ་གང་ཞིག་བྲིས་པ་དེའི་རྙོག་འཛིང་གི་རྒྱུད་རིམ་ཁྲོད་ནས་སྤྱི་ཚོགས་ནང་གི་ངན་པ་ཐེར་འདོན་དང་བཟང་པོ་ངོ་སོ་ཐོན་པ་སོགས། མདོར་ན་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལ་ཕན་ཐོགས་པའི་བླང་བྱ་གང་ཞིག་ཀློག་པ་པོའི་བསམ་བློའི་ནང་མི་མངོན་པའི་སྒོ་ནས་ཆུ་སྐྱར་བྱི་ལ་རྐུན་ཆགས་བཞིན་འཛུལ་ཐུབ་པ་ཞིག་དགོས། (འགྲེལ་བརྗོད་ངག་ཐོག་ནས་ཞུ་རྒྱུ)

སྒྲུང་རྩོམ་འབྲི་ཐབས།

སྒྲུང་རྩོམ་ནི་སྙན་ངག་དང་ལ་གཞས་ལྟ་བུའི་སྟབས་བདེའི་འབྲི་སྟངས་ཤིག་མིན་ལ། ལྷག་པར་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་སྒྲུང་རྩོམ་ནི་དེ་བས་ལས་སླ་བ་ཞིག་མིན། འདིར་སྒྲུང་རྩོམ་འབྲི་ཐབས་ཀྱི་དྲན་གསོ་ཕྱོགས་སྡོམ་རེ་གཉིས་ཙམ་ཞུ་ན།
༡༽ གཞན་གྱིས་བྲིས་པའི་སྒྲུང་རྩོམ་ཡང་ཡང་ཀློག་དགོས། དེས་རང་ཉིད་ཀྱིས་མ་ཤེས་པ་དང་མ་གོ་བའི་གནས་ལུགས་མང་པོ་ཞིག་རང་ཉིད་དངོས་སུ་སོང་ནས་དཀའ་སྤྱད་འབད་བརྩོན་མི་དགོས་པར་ཤེས་རྟོགས་ཐུབ་པ་མ་ཟད། ཚིག་སྦྱོར་གྱི་ཐོག་ནས་སྒྱུ་རྩལ་གྱི་ཞག་རྩི་ལྡན་པའི་མཚོན་སྟངས་ཀྱང་མང་པོ་ཞིག་ལས་སླ་བོའི་སྒོ་ནས་ཤེས་ཐུབ།
༢༽ རྒྱུན་ལྡན་ནས་མི་གཞན་གྱི་སྐད་ཆ་ལ་དངོས་ཤུགས་རྒྱུད་གསུམ་ནས་དོ་སྣང་ཤུགས་ཆེར་སྤྲོད་རྒྱུ་མ་ཟད། སྐད་ཆའི་རྒྱུན་རིམ་དང་། སྐད་ཆའི་བབ་དང་བསྟུན་ནས་བཤད་མཁན་གྱི་རྣམ་འགྱུར་ལའང་དོ་སྣང་ཤུགས་ཆེར་བྱེད་དགོས་ལ། ད་དུང་སྐད་ཆ་དེ་དག་གི་རྒྱུན་རིམ་དང་འབྲེལ་བ་ཡོད་པའི་གནས་ཚུལ་ལ་ཕུད་དེད་གཏོང་ནས་བརྟག་དཔྱད་ནན་པོ་གནང་དགོས། དེས་རང་ཉིད་ཀྱི་སྒྲུང་རྩོམ་གང་ཞིག་བྲིས་ནའང་། དེ་དག་དང་འབྲེལ་བའི་རྒྱུན་རིམ་དང་མི་སྣ་ཞིབ་འབྲི། སྒྲུང་གི་རྒྱུན་རིམ་ལ་ཞིབ་ཚགས་ཀྱི་རང་བཞིན་དང་གནས་ལུགས་གཏིང་ཟབ་ཏུ་གཏོང་པའི་ཁྱད་ཆོས་ལྡན་ཐུབ།
༣༽ ས་གནས་གང་དུ་སླེབས་ཀྱང་དེའི་གནམ་གཤིས་འགྱུར་འགྲོས་དང་། རི་ལུང་ཆགས་དབྱིབས། ཐ་ན་ཁང་པའི་ནང་གི་ནང་ཆས་སྒྲིགས་བཀོད་ཚུན་ཆད་རྒྱུན་ལྡན་ནས་དོ་སྣང་ནན་པོ་གནང་དགོས། དེས་རང་ཉིད་་ཀྱིས་སྒྲུང་རྩོམ་གང་ཞིག་འབྲི་ནའང་། སྒྲུང་རྩོམ་དེ་དང་འབྲེལ་བའི་ཁོར་ཡུག་གམ་མཛེས་བཀོད་དམ་ཡང་ན་ཡུལ་ལྗོངས་བཀོད་སྒྲིག་གི་ཆ་ལག་ཐད་དཀའ་ཚེགས་མེད་པའི་སྒོ་ནས་འབྲི་ཐུབ།
༤༽ གོང་གསལ་ཆ་རྐྱེན་དེ་དག་ལ་དོ་སྣང་ཤུགས་ཆེ་དང་འབྲེལ་བའི་སྒོ་ནས་རྒྱུན་ལྡན་ཤོག་སྨྱུག་གཉིས་པོ་ཆོས་གྲོགས་དང་། ཡང་ན་དགའ་གྲོགས་ནང་བཞིན་རང་ལུས་དང་མི་འབྲལ་བར་མ་ཟད། ཆོས་གྲོགས་དང་དགའ་གྲོགས་ནང་བཞིནཉིན་རེ་ནས་ཉིན་རེར་ཕན་ཚུན་བཟང་ཕྱོགས་ཀྱི་འབྲེལ་བ་ཁ་ཇེ་དམ་དང་གཏིང་ཇེ་ཟབ་ཏུ་གཏོང་དགོས། དེས་རང་ཉིད་ཀྱིས་སྒྲུང་རྩོམ་གང་ཞིག་འབྲི་ནའང་། ཁ་བཤད་སྐམ་པོའི་སྒྲུང་མཁན་ཙམ་དུ་མི་འགྱུར་བར། རིག་པ་དཔེ་ཐོག་འགོད་པའི་ལག་ལེན་དངོས་ཀྱི་ཐོག་ལ་ཁ་ཡོད་ལག་ཡོད་ཀྱི་དོན་སྙིང་ལྡན་པའི་སྒྲུང་རྩོམ་འབྲི་མཁན་ཞིག་ཏུ་འགྱུར་ངེས།
ཁ་བཤད་ཆུ་ཡི་ལྦུ་བ་དཀར་པོ་ཡིས།།
བ་ཚྭའི་ཁྲོན་པ་སྟོང་ཕྲག་ཁེངས་ན་ཡང་།།
རིག་པ་དཔེ་ཐོག་འགོད་པའི་ལག་ལེན་གྱི།།
གསེར་གྱི་ཐིགས་པ་གཅིག་གི་དོ་ཟླ་མིན།།
ཝཱ་ཎཱ་མཐོ་སློབ་ཀྱི་རིག་རླབས་རྩོམ་རིག་ཟབ་སྦྱོང་ཐོག <<སྒྲུང་རྩོམ་གྱི་རྒྱུ་ཆ་འཚོལ་སྡུད་བྱེད་སྟངས་དང་འབྲི་ཐབས>> ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དགོས་འདུན་གནང་དོན་བཞིན། ལྕགས་སྟག་སྤྱི་ལོ་ ༢༠༡༠ ཟླ་ ཚེས ཉིན་ནཻ་རུ་མགྲོན་ཁང་གི་ཡང་ཐོག་ཏུ་བྲིས་པ་དགེ་ལེགས་འཕེལ།།



[1] བོད་རྒྱ་ཚིག་མཛོད་ཆེན་མོ།། P.614
[2] དུང་དཀར་ཚིག་མཛོད། P.735
[3] Tibetan Machine geshe Chodak Dictionaries
[4] ལྷ་སྒྲུང་ལ་བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ལྷ་འདྲེ་སོགས་ཀྱི་གཏམ་རྒྱུད་ཡོད་པའི་གནའ་སྒྲུང་། ཞེས་འགྲེལ་འདུག པོད་གསུམ་པ། P.3080