༄༅། །བོད་ལྗོངས་ལྷ་མི་ཡོངས་ཀྱིས་དད་མོས་རྩེ་གཅིག་གིས་ལུགས་གཉིས་ཀྱི་འདྲེན་པ་མཆོག་ཏུ་མངའ་གསོལ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཆེན་པོའི་ཕྱག་ཐམ།

སེམས་འཚོར་དམར་པོ།

སེམས་འཚོར་དམར་པོ།
འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།

ཟིན་བྲིས་རྣམས་གྲངས།

དྲང་སྲོང་རྒན་པོའི་ལྟ་གྲུབ།

ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།།སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།།སུ་དང་གང་གིས་འཇུ་ཡང་མི་ཟིན་པ།།བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།
ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།།དེ་རིང་གཡའ་དག་མཁའ་ནས་ཉི་གཞོན་འཛུམ།།གནམ་སའི་གཤིས་ལུགས་ངེས་མེད་འགྱུར་བ་འདི།།འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།
འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།།རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།།གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།།དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།
བྱང་ཐང་བྱེ་མ་སྤུངས་པའི་ཇག་ལམ་ན།།མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།།ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།།གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།
གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།།ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།།སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།།སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།
2007/3/26/བྲིས།

གདུང་བའི་སྨྲེ་ངག


གཉིད་ནི་རྨོངས་དང་འཐོམ་པའི་ཆ་ལག་ཕྱིར།།སུ་དང་གང་གིས་བསྟོད་པ་མི་བྱེད་མོད།།རྨི་ལམ་གྲོང་ཁྱེར་འགྲིམས་པའི་ལྟད་མོ་ལ།།གཟིགས་ན་གཉིད་ལ་མི་བསྟེན་མཐུ་མེད་ཡིན།།ངོས་འཛིན་གཏོད་སོ་མེད་པའི་བར་སྣང་གི།།མཛེས་མཚོན་ཁ་དོག་བཀྲ་བའི་འཇའ་རིས་སྣེ།།འཁྲུལ་སྣང་ཨ་ཐས་ཟབ་པའི་བོད་རྒན་ཚོས།།རེ་བས་ཤི་འཐམ་བྱས་པའི་རྨི་ལམ་རིང༌།།གཞན་འཚང་སྔོག་པའི་ཕག་གི་མཆུ་ཏོ་ལ།།རང་འཚང་སྐྱག་པ་འགོས་པའི་དྲི་ངན་གྱིས།།དངོས་དོན་བདེན་པའི་དྲི་བསུང་འཐུལ་བ་ལ།།ཕན་པའི་རེ་བ་བཅོལ་པའི་འཁྲུལ་སྣང་ཟབ།།ཟླ་འོད་མུན་པས་ཟོས་པའི་མཚན་མོ་ན།།ནག་ཅན་རྐུན་མའི་གྲིབ་གཟུགས་མ་མཐོང་བར།།འབ་སྒྲས་གནམ་ས་དབྲལ་བའི་ཁྱི་རྒན་ལ།།རེ་བའི་བློ་གཏོད་བྱས་པའི་ལྷ་སྒྲུང་སྙན།།སྤང་རྒྱན་མེ་ཏོག་བཀྲ་བའི་གླིང་ཁ་ན།།ཕྱེ་མ་ལེབ་ཀྱིས་འཕུར་ལྡིང་རྩེན་པའི་རྗེས།།བསམ་མེད་བྱིས་པ་རྒྱུག་པའི་རྡོག་སྣེ་ནས།།གཡང་སའི་རྡོ་ལ་བརྡབས་པའི་ངུ་རྒྱངས་ཐོས།།ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་དུ།།འཁྱགས་པས་ས་གཞི་བསྡམས་པའི་སྲུབ་ཀ་ནས།།ལྗང་མདོག་མྱུ་གུ་འབུས་པའི་རེ་བ་འདིས།།མེས་པོའི་སྙིང་ལ་འཇའ་ཡི་ཁང་བཟང་བསྐྲུན།།བསམ་གཞིགས་འཁྱགས་ལ་འབྱར་བའི་གྲང་ལྷག་གསེབ།།རྣམ་རྟོག་བུ་ཡུག་འཚུབ་པའི་དུར་ཁྲོད་ན།།ཕ་མེས་སྟོང་གི་རྣམ་ཤེས་ཐིམ་པའི་ཤུལ།།རེ་བའི་ལྷག་མ་འཇགས་རྩྭ་སྐམ་པོ་ཙམ།། ༢༠༠༧.༣.༢༠ ལ་བྲིས།

ཕྱིར་དྲན།

རི་རྩེ་ཁ་བས་ཉིན་རེ་ཉིན་རེར་བསྟིམས།།ནགས་ཀྱི་ཤིང་ལོ་རིམ་གྱིས་རིམ་གྱིས་ལྷུང༌།།ད་ནི་ཁོར་ཡུག་མཛེས་པའི་རྣམ་ཤེས་འདིའང༌།།དགུན་འཁྱགས་ལྷགས་པའི་རུམ་དུ་འབྱར་བར་ངེས།།ད་ནངས་བྱེ་འུའི་གསུང་སྙན་མ་ཐོས་གོང༌།།ཞོགས་རླུང་བསིལ་མོས་ཕྲ་ཡོལ་ཁད་ཀྱིས་ཕྱེས།།མགོ་བོ་སྔས་ལ་འབྱར་བའི་རྨི་ལམ་ཡང༌།།གཟུགས་མེད་རླུང་བུ་ལྡང་བས་ཧད་ཀྱིས་དཀྲོགས།།དབྱར་དགུན་སྟོན་དཔྱིད་ཤོག་ལྷེ་བསྒྱུར་བ་བཞིན།།དུས་བཞི་ཤུགས་ཀྱིས་ལོ་ཡི་འཁོར་ལོ་བསྐོར།།མི་ལོ་བཅུ་བདུན་ས་མཐར་དལ་གྱིས་རྫོགས།།དྲན་ཤེས་བསྣོལ་མས་སེམས་ཀྱི་ཚོར་འདུ་བཀྲུགས།།ལྟེ་ཁྲག་གང་དུ་འཕོས་པའི་ཕ་ཡུལ་དང༌།།བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་ཕ་མ་ཟུང༌།།ཤ་ཁྲག་གཅིག་པའི་སྤུན་ཉེ་གྲོགས་པོ་སོགས།།རི་ཁྲི་ཆུ་སྟོང་བརྒལ་བའི་ཕ་རོལ་ལུས།།མི་ཡུལ་འཁྱམས་པ་མི་ཡི་ལས་དབང་སྟེ།།ལྷ་ཡུལ་སླེབས་པའི་རེ་བ་བདག་ལ་མེད།།རང་ལུས་རང་ལ་དབང་བའི་ལས་དབང་ཞིག།མི་མངོན་གནམ་གྱི་དབྱིངས་ནས་གནང་རོགས་གྱིས།།
Powered by Blogger.

འཁྲུལ་སྣང༌།


ཡ་ཀི་རྩ་གསུམ་ལྷ་ཡུལ་མན་ཆད་ནས།།མ་ཀི་རྡོ་རྗེའི་དམྱལ་ཁམས་ཡན་ཆད་ན།།བྱ་བྱེད་བསྣོལ་མ་འཐབ་པའི་འཁྲུལ་སྣང་འདི།།སྒྱུ་རྩལ་སྙན་ངག་སྨྲ་བའི་ལྟད་མོ་ཞིག།
ཕ་རྒན་མུ་གེས་ཤི་བའི་དུར་ས་ན།།བུ་རྒྱུད་ཕྱུག་པོས་ཐུགས་སྤྲོ་བཏང་བྱས་ཏེ།།རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་པ་ཡིས།།རྣམ་ཤེས་འཁྱམས་པོ་འགུག་པའི་མགྲོན་བརྡར་སྨྲ།།
མ་རྒན་ཆང་སར་ཆས་པའི་རྟེན་འབྲེལ་ཐོག།བུ་མོས་བྲོ་གར་ཁྲབ་པའི་གླུ་གཞས་ཀྱིས།།ཆང་དང་སྦི་རག་མཆོད་པའི་སྐུ་མགྲོན་ཚོར།།སེམས་ཁམས་རླུང་གིས་བཀྱགས་པའི་འཁྲུལ་སྣང་སྟེར།།
ཡོད་ཚད་མཇེ་ཡིས་ཕུང་པའི་སྔགས་རྒན་དང༌།།དད་རྫས་སྟུ་རིན་སྤྲོད་པའི་གྲུབ་རྫུན་གཉིས།།རྨོངས་དད་བྲག་གི་བཙན་རྫོང་བརྩེགས་པའི་ནང༌།།བག་མེད་ཤ་ཆང་རོལ་བའི་འཁོར་ཚོགས་རྒྱས།།
སྔགས་ནག་གཅོད་པས་ལྷ་འདྲེ་གཡབ་མོ་བྱེད།།བསམ་མེད་བྱིས་པས་ཁྱི་སྨྱོན་རྡོ་ཡིས་རྡུང༌།།རྙོག་འཛིང་གཡབ་མོ་བྱེད་སའི་གྲུ་ག་འདིར།།ལྷིང་འཇགས་རེ་བ་མཚན་མོའི་རྨི་ལམ་ཙམ།།

སེམས་ཚོར་དམར་པོ།

རི་སུལ་ཁ་བས་བསྟིམས་པའི་ལྷག་རླུང་གསེབ།།རྣམ་ཤེས་རླུང་དང་འགྲོགས་པའི་བ་དོའི་ལུས།།གོས་མེད་གཅེར་བུར་འགྲིམས་པའི་སྐྱོ་གར་ལ།།བརྩེ་སེམས་གོས་བཟང་སྐོན་པའི་བྱམས་ལྡན་སུ།།མེ་མདའི་བུ་ཡུག་འཚུབ་པའི་གཡུལ་ས་ན།།ཚེ་སྲོག་རླུང་གིས་བདས་པའི་ཉམས་ཐག་འབུམ།།ཟུངས་ཁྲག་ཡུར་ཆུ་འཐེན་པའི་གཤིན་ཐང་ནས།།བདག་མེད་བམ་རོས་ཁེངས་པར་སུ་ཡིས་གཟིགས།།ལས་དབང་སྔས་སུ་བྱས་པའི་ལྷོ་མཐའ་ནས།། མིག་ཆུས་གདོང་རིས་བརླན་པའི་ངུ་རྒྱངས་ཀྱིས།།བྱང་བརྒྱུད་ཁ་བས་གཡོག་པའི་དུར་ས་ན།།རྒྱང་རིང་མིག་གིས་ཅེར་བ་སུ་ཡིས་གཟིགས།།གཞན་གནོད་བཞི་ལས་ལྡོག་པའི་སྲིད་དོན་གྱིས།།ཐར་པའི་ཁང་བཟང་མཛེགས་པའི་ལམ་ཟུར་ནས།།ཕ་ས་དོན་དུ་གཉེར་བའི་རྨི་ལམ་ལ།།རེ་བའི་རྨི་ཐག་འཕྱངས་པ་སུ་ཡིས་གཅོད།།ཡར་གི་གསེར་གྱི་ཉི་མའི་འོད་སྣང་འོག།མར་གི་འདུ་ལོང་འཚུབ་པའི་ལྷིང་འཇགས་སྣེ།།རྟག་བརྟན་ཐེར་ཟུག་འཛིན་པའི་འཁྲུལ་སྣང་ལ།།མི་རྟག་སྒྱུ་མའི་རང་ངོ་སུ་ཡིས་སྤྲོད།།མི་ཡུལ་སྔས་སུ་བྱས་པའི་གྲུ་ཁ་ན།།མི་ལོ་ལྔ་བཅུ་ཟིན་པའི་མཇུག་སྣེ་ནས།།མི་ནུས་གདམ་བྱ་མང་བའི་མིག་འཁྲུལ་གྱིས།།བྱིས་པའི་སེམས་ཁམས་བསླུས་པ་སུ་ཡིས་དཀྲོགས།།དགྲ་ལ་ཞི་མོལ་རེ་བའི་འཛུམ་མདངས་ཕག།གཉེན་ལ་རྒྱུག་རྡུང་ཕོག་པའི་ན་ཚ་ཡིས།།ཀི་ཅོས་གནམ་ས་དབྲལ་བའི་ཁོར་ཡུག་ན།།གཉིས་ཕན་འབྲས་བཟང་སྨིན་པ་སུ་ཡིས་རེ།།ནམ་མཁའི་འཇའ་རིས་མིག་གི་ལྟད་མོར་མཛེས།།སྤྲང་པོའི་གླིང་བུ་ཕྱུག་པོའི་རྣ་བར་སྙན།།ཞི་བའི་ལྟ་གྲུབ་བྱིས་པའི་བུ་རམ་གྱིས།།བཀྲེས་ལྟོགས་སེལ་བའི་ལོག་རྟོག་སུ་ཡིས་བཟློག།ཕ་རྒན་བསད་ནས་ཞགས་གསུམ་མ་ལོན་གོང༌།།ཕ་མེད་དྭ་ཕུག་འཁྱམ་པོས་ཁ་བཏགས་སྣེ།།ཕ་བསད་དགྲ་བོའི་མགུལ་ལ་འཐེན་པ་འདི།།ཕ་བཟང་བུ་ཡི་གྲལ་གསེབ་སུ་ཡིས་བཞག།ཁ་འདི་འཕྲེད་དུ་ཕྱེས་པའི་རྟེན་འབྲེལ་གྱིས།།འཕྲེད་འཕྲེད་གཏམ་ལ་རྫོགས་མཐའ་མི་འདུག་པས།།སེམས་ཀྱི་ཁྱེའུ་ཆུང་ངུས་པའི་མིག་ཆུ་རིས།།འཕྲེད་དུ་འབབ་པའི་སྙན་ཚིག་འདི་ཉིད་སྤེལ།།
སྤྱི་ལོ་༢༠༠༨ཟླ་བ་༣ཚེས་༧ཉིན་བྲིས།

དྲན་པའི་སྐྱོ་གདུང༌།


འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།སྐྱིད་པའི་ཕ་ཡུལ་སླེབས་པའི་སྐལ་བ་དེ་མེད་འདྲ།།དྲིན་ཅན་ཕ་མ་མཇལ་བའི་ལས་འཕྲོ་དེ་མི་འདུག།དྲན་གདུང་སེམས་ཀྱི་མིག་ཆུ་ཁོག་པ་ལ་གཞུར་ནས།།མི་ཚེ་ས་མཐར་བསྐྱལ་བའི་ལས་དབང་འདི་སྐྱོ་བ།།སྤུན་མཆེད་གཉེན་ཚན་དུ་མའི་ཞལ་པར་ཙམ་ཐོས་བྱུང༌།།སྐབས་འགར་པར་དང་བརྙན་ཕབ་ལྟད་མོ་ཙམ་མཐོང་ཡང༌།།ཕན་ཚུན་ལྷན་དུ་འཛོམས་པའི་གོ་སྐབས་དེ་བརླགས་ནས།།མི་ཚེ་ཕལ་ཆེར་མི་ཡུལ་ལུང་པ་ལ་རྫོགས་སོང༌།།སྐྱེས་ས་འཚར་ས་བསིལ་ལྡན་བོད་ལྗོངས་ལ་ཡིན་ཡང༌།།རྒ་ས་ཤི་ས་ལྷོ་མཐའི་ཚ་བ་ནང་ངེས་པས།།རྒྱུས་མེད་མི་ཡུལ་འཁྱམས་པའི་ཉམ་ཆུང་གི་གྲྭ་རྐྱང༌།།བསམ་ཞིང་བསམ་ཞིང་སེམས་སྡུག་ན་བུར་བཞིན་འཐུལ་སོང༌།།མི་བཟད་སྐྱོ་བའི་ཚོར་རླབས་སེམས་ཁོང་ནས་འཕྱུར་ཡང༌།།གདོང་གི་བཤུ་སྐོག་མཉེད་པའི་འཛུམ་ཀོང་འདི་བསྟན་བཞིན།།མི་ཚོགས་འདྲ་མིན་གསེབ་ཏུ་འགྲོ་ཁུལ་རང་བྱེད་པ།།འཇིག་རྟེན་མི་ལུས་ལེན་པའི་ཡ་ཚུལ་ཙམ་ལོས་ཡིན།།
༢༠༠༨.༥.༡༧ཉིན་དགེ་འོས་B.edའཛིན་གྲྭའི་ནང་གནན་ཐབས་མེད་པའི་སྐྱོ་སྣང་ཞིག་གིས་རྐྱེན་བྱས་ཏེ་དཀར་པང་ཐོག་ཐོལ་བྱུང་དུ་བྲིས།

Followers


དྲྭ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Friday, November 11, 2011

སུམ་རྟགས་རྩ་འགྲེལ་ཀྱི་རྣམ་བཤད་ཐོན་མིའི་དགོངས་པ་རབ་ཏུ་གསལ་བའི་སྣང་བྱེད་དང་། སྙན་ངག་མེ་ལོང་གཞུང་གི་དགོངས་དོན་དབྱངས་ཅན་དགའ་སྐྱེད་ཅེས་བྱ་བ་བཞུགས་སོ་།




བཀྲས་ལྷུན་མཁན་ཆེན་དཀའ་ཆེན་བློ་བཟང་བཟོད་པས་མཛད་པ།


སྔོན་བརྗོད།

རྭ་སྟོད་སྐྱོང་བླ་སྤྲུལ་པའི་སྐུ་རིན་པོ་ཆེ།

༄༅༅། །ལྔ་རིག་སྨྲ་བའི་ཁྱུ་མཆོག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བཀྲས་ལྷུན་མཁན་སྔགས་རིན་པོ་ཆེ་དཀའ་ཆེན་བློ་བཟང་བཟོད་པ་མཆོག་ནས་ལྗགས་རྩོམ་མཛད་པའི། ལུང་སྟོན་པ་སུམ་ཅུ་པ་དང་ལེགས་བཤད་ལྗོན་དབང་སྦྱར་བའི་རྣམ་བཤད་ཐོན་མིའི་འགྲེལ་བ་རབ་ཏུ་གསལ་བའི་སྣང་བྱེད་དང༌། ལུང་སྟོན་པ་རྟགས་ཀྱི་འཇུག་པ་དང་དཀའ་གནད་གསལ་བའི་མེ་ལོང་སྦྱར་བའི་རྣམ་བཤད་ཐོན་མིའི་འགྲེལ་པ་རབ་ཏུ་གསལ་བའི་སྣང་བྱེད། སྙན་ངག་མེ་ལོང་གཞུང་གི་དགོངས་དོན་དབྱངས་ཅན་དགའ་བསྐྱེད་བཅས། འདི་དག་བརྗོད་བྱ་ཆ་ཚང་ཞིང༌། རྗོད་བྱེད་ཤིན་ཏུ་གསལ་བ། སྐབས་འགར་མཚན་ཉིད་ཀྱི་གཞུང་ལུགས་ཆེན་པོ་རྣམས་ཀྱི་ཚིགས་བཅད་རྣམས་དཔེར་བརྗོད་དུ་དྲངས་པར་མཛད་འདུག་པ་བཅས། འགྲན་ཟླ་དང་བྲལ་བའི་ལེགས་བཤད་འདི་རྣམས་ལ་ཕན་འདོགས་ཆེན་པོ་འབྱུང་བ་བདོན་མི་ཟ་བས། དཔེ་སྐྲུན་མཛད་པ་པོ་རྣམས་ལ་ཐུགས་རྗེ་ཆེ། ཞེས་མཁན་རིན་པོ་ཆེ་དམ་པ་དེའི་དྲུང་ནས་མདོ་སྔགས་ཀྱི་གཞུང་ཆེན་ཁག་གི་ལུང་ཁྲིད་དུ་མ་མནོས་པའི་སྐལ་བཟང་དགའ་སྟོན་མྱོང་པའི་སློབ་བུའི་ཐ་ཤལ་བ་རྭ་སྟོད་སྐྱོང་བླ་སྤྲུལ་མིང་ངག་དབང་བློ་བཟང་ནས། མཁན་རིན་པོ་དམ་པ་དེ་ཉིད་སླར་ཡང་བསྟན་འགྲོའི་དོན་དུ་བསམ་བཞིན་སྲིད་པ་བཟུང་བའི་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང༌། དཀྱིལ་ཁང་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱི་གཟིམས་ཤག་ཏུ་བྲིས་ཏེ་ཕུལ།།


དཔེ་སྐྲུན་གསལ་བཤད།

ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་སྤྱི་དང༌། བྱེ་བྲག་མདོ་སྔགས་དགོངས་འགྲེལ་དང་བཅས་པར་མཁྱེན་རླབས་ཀྱི་འཇུག་པ་མཆོག་ཏུ་ཡངས་པ། འཕགས་ཡུལ་དཔལ་གྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་དཀའ་ཆེན་བློ་བཟང་བཟོད་པ་དཔལ་བཟང་པོ་མཆོག་གིས། སྤྱི་ལོའི་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་དུ་མཛད་པའི།  སུམ་རྟགས་རྩ་འགྲེལ་གྱི་རྣམ་བཤད་ཐོན་མིའི་དགོངས་པ་རབ་ཏུ་གསལ་བའི་སྣང་བྱེད་དང༌། སྙན་ངག་མེ་ལོང་གཞུང་གི་དགོངས་དོན་དབྱངས་ཅན་དགའ་སྐྱེད་ཅེས་བྱ་བ། དེ་སྔོན་སྤར་སྐྲུན་ཐེངས་གཅིག་བྱས་ཡོད་རུང༌། ཡིག་ནོར་མང་རབས་གཅིག་བྱུང་ཡོད་པར་བརྟེན། ད་རེས་གསུང་རྩོམ་འདི་ཆེད་དུ་དཔེ་སྐྲུན་ཞུས་པའི་དགོས་དམིགས་གཙོ་བོ་ནི། མཁན་རིན་པོ་ཆེའི་གསུང་སྐྱེས་སློབ་མ་གྲལ་མཐའ་བ་དཀྱིལ་ཁང་སྤྲུལ་མིང་པ་ཕྲན་ལ། ལ་དྭགས་སོགས་ས་ཁུལ་མང་པོ་ཞིག་ནས། མཁན་རིན་པོ་ཆེའི་སློབ་མ་དང་ཡང་སློབ་མང་པོས་སུམ་རྟགས་འགྲེལ་པ་འདི་བཞིན་བསྐྱར་དུ་སྤར་བསྐྲུན་ཞུ་དགོས་སྐོར་ཡང་ཡང་བསྐུལ་བ་ལ་བརྟེན། སླར་ཡང་དཔེ་བསྐྲུན་ཞུས་པ་ཡིན། སུམ་རྟགས་འགྲེལ་པ་འདིར་ཁྱད་ཆོས་གང་ཞིག་ཡོད་ཅེ་ན། སུམ་ཅུ་པའི་སྐབས་རྩ་བ་དང་ལྗོན་དབང་སྦྲགས་པ་དང༌། རྟགས་འཇུག་སྐབས་རྩ་བ་དང་དཀའ་གནད་གསལ་མེ་སྦྲགས་ནས་འགྲེལ་ཞིང༌། སུམ་ཅུ་པའི་སྐབས་ཕྲད་དང་རྣམ་དབྱེ་རང་རང་གི་ཐད་སྐབས་དང་འཚམས་པའི་དཔེར་བརྗོད་རྣམ་གྲངས་པོ་བཀོད་པ། རྟགས་འཇུག་སྐབས་བདག་གཞན་དུས་གསུམ་གྱི་རྣམ་གཞག་གཞུང་ཆེན་པོའི་བཤད་པ་དང་། བརྡ་སྤྲོད་ཀྱི་རང་ལུགས་སོ་སོར་མ་འདྲེས་པའི་རྣམ་པ་གསལ་པོ་བཀོད་ཡོད་པ་བཅས་ཡིན། འགྲེལ་པ་འདིའི་ཐོག་ནས་ཀློག་པ་པོ་སྤྱི་དང་ཡང་སྒོས་གསུང་རབ་ཀྱི་བརྡ་ཆད་ལ། ཆེད་དུ་གཉེར་མཁན་ཚོའི་བསམ་བློའི་ལྡུམ་རར་གོ་རྟོགས་ཀྱི་མེ་ཏོག་རྣམ་པར་བཀྲ་བའི་དབྱར་གཞུང་གསར་པ་ཞིག་སྐྲུན་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཞུ་རྒྱུ་ཡིན།
ད་ལན་གསུང་རྩོམ་འདི་སྤར་བསྐྲུན་ཞུས་པའི་དགེ་རྩ་ལ་བརྟེན་ནས། བོད་ཁ་བ་གངས་ཅན་པའི་ལྷག་པའི་ལྷ་སྐལ་རྒྱལ་མཆོག་ཡབ་སྲས་རྣམ་གཉིས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང༌། ཐུགས་བཞེད་མཛད་འཕྲིན་ལྷུན་གྱིས་འགྲུབ་པ་དང༌། མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་བཟོད་པ་རྒྱ་མཚོ་མཆོག་ཀྱང་གསན་བསམ་སློབ་གཉེར་མཐར་ཕྱིན་ཏེ། གོང་མའི་རྣམ་ཐར་བཟང་པོ་བདག་གིར་བཞེས་པའི་སྨོན་འདུན་བཅས། བཀྲས་ལྷུན་དཀྱིལ་ཁང་མཁན་སྤྲུལ་བསྟན་འཛིན་བློ་བཟང་ཆོས་འབྱོར་གྱིས།
སྤྱི་ལོ་༢༠༠༨ ཟླ་ ༡༢ ཚེས་ ༡༨ ཉིན།



མཛད་པ་པོའི་རྣམ་ཐར།


གཞུང་འདི་མཛད་པ་པོ་མཁས་པའི་དབང་པོ་བཀྲས་ལྷུན་དཀའ་ཆེན་བློ་བཟང་བཟོད་པ་དཔལ་བཟང་པོ་མཆོག་ནི། ལ་དྭགས་སྟོད་ཀྱི་ཆ་ཤར་སྔས་ཡུལ་གྱི་གྲོང་ཁྱིམ་སྲུན་དུ་ཡབ་དོན་གྲུབ་ཚེ་དབང་དང༌༑ ཡུལ་ཉི་མ་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་༡༩༢༢ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པ་(༡༩༣༢)ལོར་ཁྲིག་དགོན་ཚུལ་ཁྲིམས་རྣམ་དག་གླིང་དུ་ཆོས་ཞུགས་བགྱིས་ཏེ། ཨ་བླ་དཀའ་ཆེན་བློ་བཟང་བཀྲ་ཤིས་ཀྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་ཞུས་པའི་མཚན་བློ་བཟང་བཟོད་པ་གསོལ། དགུང་ལོ་བཅུ་གསུམ་པ་(༡༩༣༣)ལོར་དམ་པ་དེའི་དྲུང་ནས། ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཞུས། དགུང་ལོ་བཅུ་དྲུག་པ་༡༩༣༦)ལོར་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དཀྱིལ་ཁང་གྲྭ་ཚང་དུ་ཆོས་ཞུགས་བགྱིས་ཏེ། གདན་སའི་ཆོས་སྤྱོད་རྣམས་བློ་འཛིན་མཛད་ནས་རྒྱུགས་ཆུང་རྒྱུགས་ཆེན་ལེགས་འབུལ་མཛད། དགུང་ལོ་བཅོ་བརྒྱད་པ་(༡༩༣༨)ལོར་དཀྱིལ་ཁང་གྲྭ་ཚང་གི་དཀའ་ཆེན་བློ་བཟང་དངོས་གྲུབ་རིན་པོ་ཆེ་དགེ་བའི་བཤེས་གཉེན་དུ་བསྟེན་ཏེ། རིག་ལམ་ཐོག་མར་བསྡུས་གྲྭ་ལ་བརྩོན་པ་རྒྱ་ཆེར་གནང་སྟེ་བསྡུས་གྲྭའི་སྐྱོར་དཔོན་མཛད། དེ་ནས་རིམ་བཞིན་གཞུང་ཆེན་རྣམ་འགྲེལ་ལོ་ལྔ་དང༌། ཕར་ཕྱིན་ལོ་བཞི་དང༌། དབུ་མ། མཛོད༑ འདུལ་བ་གསུམ་ལོ་གཉིས་གཉིས་བཅས་མི་ལོ་ངོ་བཅོ་ལྔའི་རིང་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་ཕུལ་དུ་ཕྱིན་པར་མཛད༑ རྣམ་འགྲེལ་རྩ་བ་ལེའུ་བཞི་ཐུགས་འཛིན་གནང་སྟེ། དགེ་བའི་བཤེས་གཉེན་དཀའ་ཆེན་དངོས་གྲུབ་རིན་པོ་ཆེར་རྒྱུགས་འབུལ་མཛད། ཕར་ཕྱིན་འགྲེལ་ཆུང་དོན་གསལ་ཐུགས་འཛིན་གནང་སྐབས། མནལ་ལམ་དུ་རྗེ་བཙུན་བྱམས་མགོན་སྐུ་གསེར་གྱི་མདོག་ཅན་ཁྲུ་ཚད་བརྒྱད་ཅུ་པ་གཅིག་ལ། ཕྱག་སྐོར་དང་སྨོན་ལམ་འདེབས་པར་གཟིགས། ཤིང་རྟ་(༡༩༥༤)ཟླ་བ་དང་པོའི་ཚེས་གཉིས་ཉིན་གདན་ས་བཀྲ་ཤིས་ལྷུན་པོའི་མཁས་མང་འདུས་པའི་དབུས་སུ་དཀའ་ཆེན་གྱི་མཚན་བཏགས་བཞེས། མཁན་ཆེན་རྡོ་རྗེ་འཆང་སྐྱབས་རྗེ་མཛེས་པ་བློ་བཟང་བསྟན་འཛིན་ཡེ་ཤེས་ཀྱི་དྲུང་ནས་བསྙེན་པར་རྫོགས་པ་དགེ་སློང་གི་བསླབ་སྡོམ་བཞེས། དཀྱིལ་ཁང་གྲྭ་ཚང་གི་མཁན་པོ་བློ་བཟང་བཟོད་པ་དང༌། ཐོས་གླིང་གྲྭ་ཚང་གི་རྒྱ་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་ཕ་བོང་ཁ་པ་སོགས་བླ་མར་བསྟེན་ཏེ། མདོ་སྔགས་ཀྱི་དབང་ལུང་ཟབ་ཁྲིད་སོགས་མཐའ་ཡས་པ་གསན། དཀྱི་ཁང་མཁན་རིན་པོ་ཆེ་བློ་བཟང་བཟོད་པའི་དྲུང་ནས་སུམ་རྟགས་རྩ་འགྲེལ་དང༌། སྙན་ངག་མེ་ལོང་མ། དབྱངས་ཅན་སྒྲ་མདོ་བཅས་ཐུན་མོང་རིག་གནས་ལ་ཐུགས་སྦྱང་ཕུལ་དུ་ཕྱིན་པ་མཛད། སྟོད་ངམ་རིམ་དུ་འཆད་ཉན་པར་གདན་དྲངས་པ་ལྟར་ཕེབས་ནས་བཀའ་པོད་ལྔ་ཀའི་བཤད་པ་རྒྱ་ཆེར་གནང༌། དགོན་སྡེ་དེ་དག་ཏུ་དགེ་ཚུལ་གྱི་བསླབ་སྡོམ་ཡང་མང་དུ་གནང༌། ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བསྟན་འཛིན་འཕྲིན་ལས་འཇིགས་མེད་ཆོས་ཀྱི་དབང་ཕྱུག་དཔལ་བཟང་པོའི་བཀའ་དགོངས་བཞིན། བླ་སྤྲུལ་མཚན་ཞབས་པ་སོགས་དགེ་བའི་བཤེས་གཉེན་ཉེར་གཅིག་དང་ལྷན་དུ། ཕོ་བྲང་རྒྱལ་མཚན་མཐོན་པོའི་གཟིམ་ཆུང་ཉི་འོད་ཆེན་མོར་གཞུང་ཆེན་བཀའ་པོད་ལྔ་ལ་ལག་ལེན་སྙིང་པོ་འདྲིལ་བའི་སློབ་སྦྱོང་མཛད་ནས། གཞུང་ཆེན་བཀའ་པོད་ལྔའི་ལམ་བསྒྲིགས་བཀའ་རྩོམ་མཛད་དེ་ྋཀུན་གཟིགས་རིན་པོ་ཆེར་ཕུལ། སླར་ཡང་ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་དགོངས་བཞིན། ཉི་འོད་ཆེན་མོར་མཚན་ཞབས་པ་གསུམ་ལ་སོགས་པ་དགེ་བའི་བཤེས་གཉེན་རྣམས་དང་ལྷན་དུ་གསང་བདེ་སོགས་ཀྱི་བསྐྱེད་རྫོགས་དང༌། དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་དང་སྔགས་རིམ་ཆེན་མོའི་དགོངས་པ་བཞིན་རྒྱུད་སྡེ་བཞིའི་ཐིག་དང༌། ལས་བཞིའི་ཐབ་ཐིག་མཆོད་རྟེན་གྱི་ཐིག་སོགས་ལེགས་པར་སྦྱང་པར་མཛད། གདན་སར་བཞུགས་སྐབས་སློབ་མ་མཐའ་ཡས་པ་ལ། གཞུང་ཆེན་བཀའ་པོད་ལྔ་སོགས་ཀྱི་དམ་ཆོས་ཀྱི་བདུད་རྩིས་ཚིམས་པར་མཛད། ས་ཕག་(༡༩༥༩)དུས་འགྱུར་སྐབས་གང་གི་འཁྲུངས་ཡུལ་ལ་དྭགས་ལྗོངས་སུ་ཕེབས། ལ་དྭགས་སུ་བཞུགས་སྐབས་གཞིས་དགོན་མང་པོ་ལ། མདོ་སྔགས་གཉིས་ཀྱི་སྒོ་ནས་དབང་ལུང་བཤད་ཁྲིད་སོགས་མཐའ་ཡས་པ་སྩལ། རྒྱ་གར་འཕགས་པའི་ཡུལ་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་བཅས་ཚད་ལྡན་གྱི་བླ་མ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་གསུང་ཆོས་རྒྱ་ཆེར་གསན། (༡༩༧༢)ལོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་རྣམ་གཉིས་ཀྱིས་རྒྱ་གར་བྱེས་འཁོད་བཀྲ་ཤིས་ལྷུན་པོའི་དགོན་དུ་བཞུགས་ནས་བསྟན་པའི་བྱ་བ་མཛད་དགོས་ཞེས་བཀའ་གནང་བ་བཞིན་བཀྲ་ཤིས་ལྷུན་པོའི་དགོན་དུ་བཞུགས་ནས་ལོ་ཉི་ཤུ་རྩ་གྲངས་རིང་། མཁན་པོ་སྔགས་ཆེན་ཟུང་དུ་མཛད་ནས་བསྟན་པའི་འཁུར་གཅིག་ཐོག་ཏུ་བཞེས་ཏེ། སློབ་གཉེར་བ་རྣམས་ལ་བཀའ་པོད་ལྔའི་དཔེ་ཁྲིད་དང་། གཞན་ཡང་དབང་ལུང་མན་ངག་ཟབ་ཁྲིད་སོགས་མཐའ་ཡས་པའི་སྒོ་ནས་སློབ་མ་རྒྱ་ཆེར་བསྐྱངས། གཞན་ཡང་དགེ་ལྡན་པའི་བསྟན་འཛིན་སྐྱེས་ཆེན་གསེར་གྱི་རི་བོ་ལྟ་བུ་དུ་མར་མདོ་སྔགས་ཀྱི་བཀའ་ལུང་མན་ངག་རྒྱ་ཆེར་གནང་སྟེ། དགེ་ལྡན་བསྟན་པའི་རྒྱལ་ཚན་བླ་ན་བཏེགས་པའི་རྣམ་ཐར་རྨད་དུ་བྱུང་བ་རྒྱ་ཆེར་བསྐྱངས། མདོར་ན་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་འབའ་ཞིག་མཛད་བཞིན་པའི་ངང༌། དགུང་གྲངས་བདུན་བཅུ་དོན་བཞི་ཕེབས་པ་ཕྱི་ལོ་( ༡༩༩༥ )ཕྱི་ཟླ་དྲུག་པའི་ཚེས་ ༡༡ ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས། གང་གིས་ལྗགས་རྩོམ་མཛད་པ་ཡང་མདོ་སྔགས་རིག་གནས་ཀྱི་སྐོར་པོ་ཏི་ལྔ་ཙམ་བཞུགས། གསུངས་ལས་སྐྱེས་པའི་སློབ་མ་ཡང༌། དགེ་ལྡན་བསྟན་པའི་སྲོག་ཤིང་སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རི་རྫོང་སྲས་རིན་པོ་ཆེ་ཐུབ་བསྟན་ཉི་མ་དང༌། སྐྱབས་རྗེ་སྐྱོང་ལ་རིན་པོ་ཆེ། བཀྲས་ལྷུན་དཀྱིལ་ཁང་སྤྲུལ་སྐུ་སོགས་མཁན་ལས་བླ་སྤྲུལ་དགེ་བཤེས་ཤིན་ཏུ་མང༌། ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེའང་ད་ལྟར་བཀྲས་ལྷུན་དགོན་དུ་དམ་པ་གོང་མའི་རྣམ་ཐར་བདག་གིར་སྐྱོང་སྟེ། གོང་མའི་གཟིམ་ཤག་ཏུ་སློབ་གཉེར་གནང་ནས་སྐལ་བཟང་སྐྱེ་བོའི་དདད་པའི་ཞིང་ས་དམ་པར་བཞུགས་བཞིན་པ་ལགས་སོ། །
མཁྱེན་དཔྱོད་རྐང་པའི་འདེགས་འཇོག་གིས། །ས་ཆེན་འགྲན་པའི་ཐིག་ལེ་གཞལ།།
རྨད་བྱུང་མཛད་པའི་གཤོག་རླབས་ཀྱིས། །མི་མངོན་གནམ་གྱི་མཐོངས་མཐའ་འཚོལ།།
བཀྲ་ཤིས་དཔལ་གྱི་ཆོས་སྡེ་ཆེར། །བློ་བཟང་རྒྱལ་བའི་རིང་ལུགས་སྲོལ།།
འདེགས་པའི་ཁུར་ཆེ་བཟོད་པ་ལས། །ཞྭ་སེར་འོད་སྣང་ཕྱོགས་བརྒྱར་བརྡལ།།
གནམ་སྔོན་མཐིང་ཤོག་ལ་བསྒྱུར་ཏེ། །སྐར་ཚོགས་གསེར་རིས་བྱས་ན་ཡང༌།།
འདི་ཡི་རྣམ་པར་ཐར་པའི་རིས། །མཚོན་པའི་གསལ་བྱེད་ནུས་མ་ལགས།།
ཀུ་ཤའི་ཐིགས་པ་རྒྱ་མཚོ་ལས། །བླངས་འདི་བསོད་ནམས་ཛ་ཧུ་ནའི་ཆུ།།
བྱང་ཆེན་རྒྱ་མཚོ་ལ་འདྲེས་ཏེ། །ཕན་བདེའི་རླབས་ཕྲེངརྒོད་གྱུར་ཅིག།
ཅེས་པ་འདི་ཡང་མཁན་ཆེན་དམ་པ་དེ་ཉིད་ལ་ཤེས་ནས་དད་པ་ཐོབ་པ། དགེ་ལུགས་སྤྱྀ་འཐུས་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས། ས་བྱི(༢༠༠༨)ཟླ་བ་ ༡༢ ཚེས་ ༢༨ ཉིན། དེ་སྔོན་གསུང་སྐྱེས་སློབ་མ་ཚོས་སྒྲིག་པའི་རྣམ་ཐར་མདོར་བསྡུས་ཁག་ནས་སྙིང་བསྡུས་བྱས་པ་དགེ་ལེགས་འཕེལ།།




དཀར་ཆག
ལུང་སྟོན་པ་སུམ་ཅུ་པ་དང་ལེགས་བཤད་ལྗོན་དབང་སྦྱར་བའི་
རྣམ་བཤད་ཐོན་མིའི་དགོངས་པ་རབ་གསལ་སྣང་བྱེད།
དཔར་སྐྲུན་གསལ་བཤད།
མཆོད་བརྗོད་དང་གླེང་གཞི།
དང་པོ། བཤད་པ་ལ་འཇུག་པ།
     མཚན་དོན་འགྱུར་ཕྱག མཆོད་པར་བརྗོད་པ།
    བརྩམ་པར་དམ་བཅའ་བ།
གཉིས་པ། བཤད་པ་ཉིད་དགོད་པ།
1. སྦྱར་བྱ་ཡི་གེའི་རྣམ་གཞག་བཤད་པ།
བོད་ཡིག་གི་དབྱངས་གསལ་ངོས་བཟུང་བ་དང༌།
ཁྱད་པར་གྱི་དབྱེ་བ་བསྟནཔ།
2. སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ།
   ༡   རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་བཤད་པ།
1 སླར་བསྡུ་བཤད་པ།
2 ལ་དོན་བཤད་པ།
3 ཨི་ལྡན་གྱི་རྣམ་དབྱེ་བཤད་པ།
4 རྒྱན་སྡུད་བཤད་པ། 
5 ལྷག་བཅས་བཤད་པ།
6 འབྱེད་སྡུད་བཤད་པ།
7 འབྱུང་ཁུངས་བཤད་པ།
8 འབོད་སྒྲ་བཤད་པ། 
    . རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་བཤད་པ།
1 ནི་སྒྲ་བཤད་པ།
2 དང་སྒྲ་བཤད་པ།
3 དེ་སྒྲ་བཤད་པ།
4 སྤྱི་སྒྲ་བཤད་པ།
5 བདག་སྒྲ་བཤད་པ།
6 དགག་སྒྲ་བཤད་པ།
    ༣. ཞིང་སོགས་ཚིག་ཕྲད་ཞར་བྱུང་དང་བཅས་པ་བཤད་པ།  
1 ཞིང་སོགས་ཚིག་ཕྲད་དངོས་བཤད་པ།
2 འ་མཐའ་འཇུག་མིན་གྱི་དབྱེ་བ་བཤད་པ། 
3 ཚེག་ཤད་ཀྱི་ཁྱད་པར་བསྟན་པ།
4 གདམས་ངག་བརྗོད་པས་མཇུག་བསྡུ་བ།
གསུམ་པ། བཤད་པ་མཐར་ཕྱིན་པའི་ཚུལ།
ལུང་སྟོན་པ་རྟགས་ཀྱི་འཇུག་པ་དང་དཀའ་གསལ་མེ་ལོང་སྦྱར་བའི་
རྣམ་བཤད་ཐོན་མིའི་དགོངས་པ་རབ་ཏུ་གསལ་བ་སྣང་བྱེད།
མཆོད་བརྗོད་དང་གླེང་གཞི།
དང་པོ། བཤད་པ་ལ་འཇུག་པ།
མཆོད་བརྗོད་དང༌། བརྩམ་པར་དམ་བཅའ་བ། 
གཉིས་པ། བཤད་པ་ཉིད་དགོད་པ།
མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་བཤད་པ།
སྤྱིར་ཡི་གེའི་དབྱེ་བ་བཤད་པ་དང༌ཕོ་ཡིག་གི་དབྱེ་བ་བྱེ་བྲག་ཏུ་བཤད་པ།
སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ།
  སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ།
  སྔོན་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པ། 
(1) གང་ལ་འཇུག་པ་དང་གང་གིས་འཇུག་པ་མཐུན་མོང་དུ་བཤད་པ།
(2) ཇི་ལྟར་འཇུག་པ་བཤད་པ།
(3) ཅི་ཕྱིར་འཇུག་པ་བཤད་པ།
    . རྩ་བའི་ཚིག་དོན་དང་འགྲེལ་པའི་གསལ་བཤད།
   . སྔོན་འཇུག་གི་གང་ཕྱིར་འཇུག་པའི་དོན་བཤད་པ།
            1. བདག་གཞན་གྱི་དབྱེ་བ་བཤད་པ།
                2. དུས་གསུམ་གྱི་དབྱེ་བ་བཤད་པ།
                3. དབྱེ་བ་དེ་གཉིས་ཀྱི་ཁྱད་པར་བཤད་པ།
                4. དུས་གསུམ་དུ་དབྱེ་བའི་དགོས་པ་བཤད་པའོ། །
   . ཅི་ཕྱིར་འཇུག་པ་དངོས་བྱེ་བྲག་ཏུ་བཤད་པ།
1. སྔོན་འཇུག་གི་ཕོ་ཡིག་དགོས་པ་གང་ཕྱིར་འཇུག་པ་བཤད་པ།
2. སྔོན་འཇུག་གི་མ་ནིང་དགོས་པ་གང་ཕྱིར་འཇུག་པ་བཤད་པ།
3. སྔོན་འཇུག་གི་མོ་ཡིག་དགོས་པ་གང་ཕྱིར་འཇུག་པ་བཤད་པ།
4. སྔོན་འཇུག་གི་ཤིན་ཏུ་མོ་ཡིག་དགོས་པ་གང་ཕྱིར་འཇུག་པ་བཤད་པ།
                5. ཞར་བྱུང་འཕྲོས་དོན་བཤད་པ།
                6. སྔོན་འཇུག་གི་དོགས་པ་བཅད་པ།
                7. དུས་གསུམ་བསྐུལ་ཚིག་བཅས་ཀྱི་ཁྱད་པར་བཤད་པ།
རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ།
    རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ།
   རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པ།
    (1)  གང་ལ་འཇུག་པ་དང་གང་གིས་འཇུག་པ་ཐུན་མོང་དུ་བཤད་པ།
    (2) ཇི་ལྟར་འཇུག་པ་བཤད་པ།
       ༡. སྒྲའི་འཇུག་ཚུལ་བཤད་པ་དང༌།
       ༢. དོན་གྱི་འཇུག་ཚུལ་བཤད་པའོ། 
            1.སྔ་མ་གང་ལྟར་འགྱུར་བ་དང༌།
                2.ཕྱི་མ་གང་ལྟར་འགྱུར་བ། 
() མིང་མཐའ་འདྲེན་ཚུལ་བཤད་པ།
 () རྣམ་དབྱེ་སོགས་འདྲེན་ཚུལ་བཤད་པ།
 () སྤྱིར་འདྲེན་ཚུལ་བཤད་པ།
 () ནང་གསེས་འཇུག་ཚུལ་བཤད་པ། 
  (3) ཅི་ཕྱིར་འཇུག་པ་བཤད་པ།
       ༡.  རྗེས་འཇུག་གི་དགོས་པ་བཤད་པ།
       ༢.  ཡི་གེའི་འཇུག་པ་སྤྱིའི་དགོས་པ་བཤད་པ།
       ༣.  དགོས་པ་དེ་འགྲུབ་པར་སྨོན་པ།
སྙན་ངག་མེད་ལོང་གཞུང་གི་དགོངས་དོན་དབྱངས་ཅན་དགའ་སྐྱེད།
ཞུ་སྒྲིག་པའི་མཇུག་གླེང༌།


༄༅། ། ལུང་སྟོན་པ་སུམ་ཅུ་པ་དང་ལེགས་བཤད་ལྗོན་དབང་སྦྱར་བའི་
རྣམ་བཤད་ཐོན་མིའི་དགོངས་པ་རབ་ཏུ་གསལ་བའི་
སྣང་བྱེད་ཅེས་བྱ་བ་བཞུགས་སོ།།


༈ གུརུམཉྫུཤྲཱིཤཱེཏཀཡ།
སྨན་ལྗོངས་ཆོས་ཀྱི་སྲོལ་ཕྱེ་སྲོང་བཙན་རྗེ། །
བརྡ་དག་སྔོན་མེད་གསར་སྟོན་ཐུ་མི་དང༌། །
རིག་གནས་མཐར་ཕྱིན་བློ་བཟང་གྲགས་པ་སོགས། །
ཚུལ་འདིའི་དྲིན་ཐོབ་དམ་པའི་ཞབས་ལ་འདུད། །
ཐུགས་རྗེའི་རང་གཟུགས་བསྟན་འཛིན་རྒྱ་མཚོ་དང༌། །
སོར་རྟོགས་རང་བཞིན་ཆོས་ཀྱི་དབང་ཕྱུག་རྗེ། །
རྟག་ཏུ་སྒོ་གསུམ་གུས་པས་ལེགས་མཆོད་ན།  །
ད་དུང་བྱང་ཆུབ་བར་དུ་བརྩེ་བས་སྐྱོངས། །
ལེགས་བཤད་ལྗོན་པའི་སྐྱེད་ཚལ་ཡངས་པ་རུ། །
དཔེར་བརྗོད་མེ་ཏོག་སྣ་ཚོགས་མཚར་དུ་དངར། །
རྣམ་དབྱེ་ཕྲད་ཀྱི་གཉིས་སྐྱེས་དབྱངས་སྙན་སྒྲོགས། །
ཀྭ་ཡེ་བློ་གསལ་ཚོགས་རྣམས་གཟིགས་མོར་སྤྱོན། །
དེ་ལ་རང་ཅག་རྣམས་དལ་འབྱོར་གྱི་ལུས་རྟེན་ཁྱད་པར་ཅན་ཐོབ་པའི་སྐབས་འདིར་འཇིག་རྟེན་ཕྱི་མ་ཕན་ཆོད་སྒྲུབ་བྱེད་ཀྱི་ཐབས་ལ་འབད་དགོས་ཤིང༌། དེ་ལའང་ཐོག་མར་ཡི་གེའི་སྦྱོར་བ་ཤེས་པའི་སྒོ་ནས་སྒྲ་དག་པ་གལ་ཆེའོ།  །ཡི་གེའི་སྒྲ་མ་དག་ན་རྒྱལ་བའི་བཀའ་དང༌། དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཇི་སྙེད་མཆིས་པ་རྣམས་ཀྱི་བརྗོད་བྱའི་དོན་ལའང་འཁྲུལ་པའི་སྐྱོན་བྱུང་ལ། དོན་ལ་འཁྲུལ་པའི་སྐྱོན་བྱུང་ཚེ་ཉམས་ལེན་གྱི་གནད་ཀུན་ཀྱང་འཕྱུག་པར་འགྱུར་བས། མངོན་མཐོ་ངེས་ལེགས་ཀྱི་སར་འགྲོ་བ་ལ་འདི་ཉིད་ལེགས་པར་མ་ཤེས་པར་ཐབས་གཞན་མེད་པ་ལྟ་བུ་ཡིན་ནོ། །མ་ཕམ་པས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར།  །ཞེས་གསུངས་པའི་ནང་ཚན་བོད་ལ་ཉེ་བར་མཁོ་བའི་སྒྲ་རིག་པ་ཡང་སུམ་རྟགས་འདི་ཉིད་ཡིན་ལ། འདི་དག་ལེགས་པར་ཤེས་ན་དོན་ལ་མི་རྨོངས་ཤིང༌། མཁས་པའི་ཡང་རྩེར་འགྱུར་རོ།  །དེའི་ཕྱིར་ཡི་གེ་དག་བྱེད་ཀྱི་ཐབས་འདི་ནི་རང་གཞན་གྱི་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སྐྱེད་བྱེད་པ་ལ་འཇུག་པའི་ཐབས་རྨད་དུ་བྱུང་བ་སོགས་ཡོན་ཏན་མཐའ་ཡས་པ་ཡོད་དེ། རྩ་བ་ལས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།  །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་དང༌། ཐུ་མིའི་དགོངས་རྒྱན་ལས་ཀྱང༌། སྒྲ་ཤེས་དོན་ལ་མི་རྨོངས་ཞེས།  །རྒྱ་བོད་མཁས་ལ་རླུང་ལྟར་གྲགས།  །དེ་ཕྱིར་ཇི་སྐད་བཤད་པ་ཡི། །བརྡ་སྤྲོད་གཞུང་ལ་དང་པོར་སྦྱོངས། །ཞེས་གསུངས་སོ།  །དེ་ཡང་བོད་ཡུལ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡན་ཆོད་ལ་ཡི་གེའི་སྲོལ་མེད་ཅིང༌། ཆོས་རྒྱལ་དེ་ཉིད་ཀྱི་དུས་སུ་མདུན་ན་འདོན་མཁས་པར་གྲགས་པ་མང་པོའི་དབུས་སུ་མིང་གི་ཡི་གེ་རབ་ཏུ་བརྗིད་པ་ཐུ་མི་སམ་བྷོ་ཊ་ཞེས་བྱ་བ་ལ། རྒྱལ་པོས་ཕྱག་རྟེན་ལ་གསེར་སྲང་མང་པོ་བསྐུར་ཏེ་རྒྱ་གར་དུ་བརྫངས་པས། ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་བྲམ་ཟེ་ལི་བི་ཀ་ར་དང༌། པཎྜི་ཏ་ལྷ་རིག་པའི་སེངྒེ་སོགས་ཀྱི་ཞབས་ལ་གཏུགས་ཏེ། སྦྱངས་པའི་ཡོན་ཏན་མཐར་ཕྱིན་པར་མཛད། སླར་བོད་དུ་བྱོན་ནས་རྒྱ་གར་གྱི་ལཱཉྪའི་ཡི་གེ་ལ་དཔེ་བྱས་ནས། བོད་ཡིག་ལ་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་གཏན་ལ་ཕབ་པར་མཛད་དོ། །དེ་ཇི་ལྟར་མཛད་པའི་ཚུལ་ནི། རྒྱ་གར་དུ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿསྟེ་དབྱངས་བཅུ་དྲུག་དང༌། དེའི་ནང་ནས་ཐ་མ་ཨཾ་ལ་སྣ་ལྡན་དང༌། ཨཿལ་རྣམ་བཅད་ཅེས་བཏགས་སོ། །ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ།  ཤ་ཥ་ས་ཧ། ཀྵ་སྟེ་གསལ་བྱེད་སོ་བཞི་ཡོད་ཅིང༌། དེའི་ནང་ནས་དང་པོ་ལ་ཀ་སྡེ། གཉིས་པ་ལ་ཙ་སྡེ། གསུམ་པ་ལ་ཊ་སྡེ། བཞི་པ་ལ་ཏ་སྡེ། ལྔ་པ་ལ་པ་སྡེ་ཞེས་བྱ་ཞིང༌། ཡ་སོགས་བཞི་ལ་མཐར་གནས་ཀྱི་ཡི་གེ་ཞེས་བྱ་སྟེ། དེ་ཡང་ཡ་ནི་ཀ་ཙའི་མཐའ། ར་ནི་ཊའི་མཐའ། ལ་ནི་ཏའི་མཐའ། ཝ་ནི་པའི་མཐའོ།  །དེ་དག་གང་ནས་བྱུང་བའི་གནས་མཐུན་པའི་ཕྱིར་དེ་དག་གི་མཐར་གནས་སུ་བཞག་གོ །ཤ་སོགས་བཞི་ལ་དྲོ་བའི་ཡི་གེ་ཞེས་བྱ་སྟེ། དབུགས་དྲོ་བར་བྱ་བའི་ཕྱིར་དྲོ་བ་ཞེས་བྱའོ། །ཀྵ་ལ་མཐར་ཟད་ཀྱི་ཡི་གེ་ཞེས་བྱ་སྟེ།  ཡི་གེ་རྣམས་ཀྱི་ཟད་མཐར་གནས་པའི་ཕྱིར་མཐར་ཟད་ཅེས་བྱའོ། །ཡང་ཨ་ལ་ཐུང་ངུ་དང༌། ཨཱ་ལ་རིང་པོ་དང༌། ཨཻ་དང་ཨཽ་ལ་ཤིན་ཏུ་རིང་པོ་དང༌། སྡེ་པའི་བཞི་པ་གྷ་ཛྷ་ཌྷ་དྷ་བྷ་ལྔ་ལ་འཐུག་པོ་ལྔ་དང༌། ཊ་ཋ་ཌ་ཎ་ཥ་ལ་ལོག་པ་ལྔ་ཞེས་བརྗོད་དོ། །རྒྱ་ཡིག་དེ་རྣམས་ལ་དབྱངས་ལ་དབྲི་བསྲེ་གཉིས་དང༌། གསལ་བྱེད་ལ་དབྲི་བསྣན་གཉིས་བྱས་ཏེ། བོད་ཡིག་དབྱངས་བཞི་དང༌། གསལ་བྱེད་སུམ་ཅུའི་གྲངས་མཛད་དོ།  །དེ་ལ་ཡང་ཨཱ་ཨཱི་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨཻ་ཨཽ་ཨཾ་ཨཿསྟེ་བཅུ་གཅིག་བོད་ཡིག་ལ་རིང་ཐུང་སོགས་ཀྱི་ཐ་སྙད་མི་དགོས་པས་བོར་ཞིང༌། དབྱངས་དང་པོ་ཨ་ཡིག་དགོས་དབང་གིས་གསལ་བྱེད་དུ་བསྲེས་ནས། ལྷག་མ་ཨི་ཨུ་ཨེ་ཨོ་བཞི་ལ་བོད་སྐད་དུ་གུག་གུ་ཞབས་ཀྱུ་འགྲེང་བུ་རྣ་རུ་ཞེས་ཐ་སྙད་བཏགས་ནས་དབྱངས་ཀྱི་ཡི་གེ་བཞིར་མཛད། གསལ་བྱེད་ལས་འཐུག་པོ་ལྔ་དང་ལོག་པ་ལྔ་དང་ཀྵ་ཡིག་སྟེ་བཅུ་གཅིག་བོད་སྐད་ལ་མི་མཁོ་བས་ཕྲི་ཞིང༌། རྒྱ་སྐད་ལ་མེད་ཀྱང་རྐྱེན་དབང་གིས་རྙེད་པའི་བོད་སྐད་ལ་ཉེ་བར་མཁོ་བའི་ཡི་གེ་སྟོད་དུ་ཅ་ཆ་ཇ་གསུམ་དང༌། སྨད་དུ་ཞ་ཟ་འ་སྟེ་ཡི་གེ་དྲུག་གསར་དུ་བསྣན་ནས་གསལ་བྱེད་ཀྱི་ཡི་གེ །ཀ་ཁ་ག་ང༌། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་སྟེ་སུམ་ཅུར་མཛད་དོ། །རྐྱེན་དབང་གིས་ཡི་གེ་དྲུག་རྙེད་ཚུལ་ནི། རྒྱ་བོད་གཉིས་ཀྱི་སྐད་རིགས་མི་མཐུན་པའི་དབང་གིས་སྒྲ་འགའ་ཞིག་བསྒྱུར་དཀའ་བ་བྱུང་ནས། སློབ་དཔོན་ཐུ་མི་སམྦྷོ་ཊ་རེ་ཞིག་ཐུགས་མུག་སྟེ་ཁ་སྦུབ་ཏུ་གཟིམས་ཏེ་བཞུགས་ཙ་ན། འཇིག་རྟེན་དབང་ཕྱུག་གི་རྣམ་སྤྲུལ་མི་དཀར་པོ་ལྕགས་ཞྭ་དང་ལྕགས་གོས་གྱོན་པ་ཞིག་བྱུང་བར། སློབ་དཔོན་གྱིས་ཁྱེད་གང་ནས་བྱོན་བྱས་པར། དེ་ན་རེ། ཞང་ཞུང་ནས་འོངས་ཟེར། གང་དུ་འགྲོ་བྱས་པས་ཟ་འོར་དུ་འགྲོ་ཟེར། གང་བྱེད་དུ་འགྲོ་བྱས་པས། ཇ་ཉོ་རུ་འགྲོ་ཟེར། ནམ་སླེབ་བྱས་པས་ཅི་ཆ་ཟེར་བའི་མུ་ནས་མི་དེ་གར་སོང་ཆ་མེད་དུ་སོང༌། དེ་ནས་སློབ་དཔོན་གྱིས་མི་དེའི་སྐད་ལ་དཔྱད་པས། ཞང་ཞུང་ནས་འོངས་ཞེས་པའི་ཚིག་ཟུར་ལས་ཞ་ཡིག་རྙེད། ཟ་འོར་ཞེས་པའི་ཚིག་ཟུར་ལས་ཟ་ཡིག་དང་འ་ཡིག་གཉིས་རྙེད། ཇ་ཉོ་རུ་འགྲོ་ཞེས་པའི་ཚིག་ཟུར་ལས་ཇ་ཡིག་རྙེད། ཅི་ཆ་ཞེས་པའི་ཚིག་ཟུར་ལས་ཅ་ཡིག་དང་ཆ་ཡིག་གཉིས་རྙེད་ནས། རྒྱ་གར་ན་མེད་པའི་ཡི་གེ་དྲུག་པོ་དེ་བསྣན་པར་མཛད་དོ།  །དེ་ལྟར་བསྣན་དགོས་པ་ཡང་རྒྱ་སྐད་དུ་ཨེ་ཀ་ཞེས་པ་བོད་སྐད་དུ་གཅིག་གི་མིང་དང༌། རྒྱ་སྐད་དུ་དྷརྨ་ཞེས་པ་བོད་སྐད་དུ་ཆོས་ཀྱི་མིང་དང༌། རྒྱ་སྐད་དུ་ལོ་ཀ་ཞེས་པ་བོད་སྐད་དུ་འཇིག་རྟེན་གྱི་མིང་ཡིན་པས་ཅ་ཆ་ཇ་གསུམ་རྒྱ་སྐད་ལ་མེད་ཀྱང་བོད་སྐད་ལ་དེ་བཞིན་མཁོ་བ་དང༌། རྒྱ་སྐད་དུ་ད་དྷི་ཞེས་པ་བོད་སྐད་དུ་ཞོའི་མིང་དང༌། རྒྱ་སྐད་དུ་བྷཀྟཾ་ཞེས་པ་བོད་སྐད་དུ་ཟས་ཀྱི་མིང་དང༌། རྒྱ་སྐད་དུ་དུབྷཀྟཾ་ཞེས་པ་བོད་སྐད་དུ་འོ་མའི་མིང་ཡིན་པས་ཞ་ཟ་འ་གསུམ་ཡང་བོད་སྐད་ལ་ཉེ་བར་མཁོ་བའི་རྒྱུ་མཚན་གྱིས་ཡི་གེ་དྲུག་གསར་དུ་དགོས་པ་བྱུང་ངོ༌།  །དེ་ལྟར་སློབ་དཔོན་གྱིས་ཡིག་སྲོལ་དེ་དག་གསར་དུ་བཅོས་ནས་དེ་རྣམས་གཏན་ལ་འབེབས་བྱེད་ཀྱི་སྒྲའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ཞེས་བྱ་བའི་བསྟན་བཅོས་རྨད་དུ་བྱུང་བ་གཉིས་མཛད། ཡིག་སྲོལ་བཟང་པོ་དེ་དང་སུམ་རྟགས་དེ་དག་ལ་བརྟེན་ནས་ལོ་པཎ་དུ་མས་རྒྱ་གར་འཕགས་པའི་ཡུལ་ནས་བཀའ་བསྟན་མང་པོ་བརྡ་སྣ་ཚོགས་པས་བསྒྱུར་ཏོ།  །ཆོས་རྒྱལ་རལ་པ་ཅན་གྱི་དུས་སུ་ལོ་ཙཱ་བ་སྐ་ཅོག་ཞང་སོགས་མཁས་པ་མང་པོས་རྒྱལ་པོའི་བཀས་བསྐུལ་བ་བཞིན་བཀའ་བསྟན་བོད་དུ་བསྒྱུར་རོ་ཅོག་ཕལ་ཆེར་སྐད་གསར་བཅད་ཀྱི་བཏན་ལ་ཕབས་པར་མཛད་དོ།  །སུམ་རྟགས་དེ་དག་ལ་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་འགྲེལ་པ་མང་དུ་མཆིས་ཀྱང༌། གཙོ་བོར་གྱུར་པ་ནི། པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་དང༌། སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ་གཉིས་ཀྱིས་བྱས་པའི་འགྲེལ་པ་དེ་དག་ལ་དེང་སྐབས་མཁས་པ་རྣམས་ཀྱིས་ཚད་མར་བཟུང་ངོ༌། །སུམ་རྟགས་ཀྱི་དོན་མདོར་བསྡུས་ཏེ་སྟོན་པ་ལ་དབྱངས་ཅན་གྲུབ་པའི་རྡོ་རྗེས་ལེགས་བཤད་ལྗོན་དབང་དང༌། དཀའ་གསལ་མེ་ལོང་གཉིས་མཛད། དེ་ལ་ལུང་སྟོན་པ་སུམ་ཅུ་པ་དང༌། དེའི་སྙིང་པོའི་དོན་མདོར་བསྡུས་ཏེ་སྟོན་པ་ལེགས་བཤད་ལྗོན་པའི་དབང་པོ་ཞེས་བྱ་བ་འདི་གཉིས་ནི་གང་བཤད་པར་བྱ་བའི་ཆོས་སོ། །
            དེས་ན་དེ་གཉིས་ཀྱི་དགོངས་དོན་འཆད་པ་ལ་གསུམ། བཤད་པ་ལ་འཇུག་པ་དང༌། བཤད་པ་ཉིད་དགོད་པ་དང༌། བཤད་པ་མཐར་ཕྱིན་པའི་ཚུལ་ལོ། །

དང་པོ་བཤད་པ་ལ་འཇུག་པ།

དང་པོ་ལ་གསུམ། མཚན་དོན་འགྱུར་ཕྱག མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བའོ། །དང་པོ་ལ་གཉིས། མཚན་གྱི་དོན་དང༌། འགྱུར་གྱི་ཕྱག་གོ །དང་པོ་ནི།
རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ།
བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ།
ཞེས་པ་སྟེ། བྱཱ་ཀ་ར་ཎ་ལུང་སྟོན་པ། མཱུ་ལ་རྩ་བ། ཏྲིཾ་ཤད་སུམ་ཅུ། ནཱ་མ་ཞེས་བྱ་བའོ། །དེ་ཡང་སྒྲའི་མཚན་ཉིད་ལུང་དུ་སྟོན་ཅིང་ལེའུ་ཕྱི་མའི་རྟེན་གཞིར་གྱུར་པ་གང་ཞིག  གཞུང་ཚད་ཤློོ་ཀ་སུམ་ཅུར་ཡོད་པས་དེ་སྐད་ཅེས་བྱའོ།    །འདིར་རྒྱ་སྐད་སྨོས་པ་ནི་རྒྱ་གར་མཁས་པའི་བསྟན་བཅོས་ལ་དཔེར་མཛད་པ་གོ་བའི་ཆེད་དང༌། གཞུང་ཚད་ཤློོ་ཀ་སུམ་ཅུ་སོ་གསུམ་ཡོད་པ་ལ་སུམ་ཅུ་པ་ཞེས་བཏགས་པ་ནི། མཆོད་བརྗོད་དང་རྩོམ་པར་དམ་བཅའ་སྐབས་གཞན་དང་ཐུན་མོང་བ་ཡིན་པ་ལ་དགོངས་པའོ། །
གཉིས་པ་ནི། ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
ཞེས་པ་སྟེ། བསྟན་བཅོས་འདི་འཕགས་ཡུལ་ནས་བསྒྱུར་བའི་བསྟན་བཅོས་ཁུངས་མ་རྣམས་དང་མཚུངས་པར་འདོམས་པའི་དོན་དུ་ཐོན་མི་ཉིད་ཀྱིས་བསྒྱུར་བའི་མདོ་རྒྱུད་རྣམས་དང་མཐུན་པར་ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་འགྱུར་ཕྱག་མཛད་པའོ། །
            གཉིས་པ་མཆོད་པར་བརྗོད་པ་ལ་གཉིས།  རྩ་བ་དང༌། འགྲེལ་པའོ། །དང་པོ་ལ་བཞི། དཀོན་མཆོག་གསུམ་ལ་སྤྱིར་ཕྱག་འཚལ་བ། བྱེ་བྲག་ཏུ་འཇམ་པའི་དབྱངས་ལ་ཕྱག་འཚལ་བ། ཡི་གེ་གསུང་བ་པོ་རྟག་ཞི་བ་ལ་ཕྱག་འཚལ་བ། དྲིན་གཟོ་བའི་ཕྱིར་མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བའོ། །
དང་པོ་ནི། གང་ལ་ཡོན་ཏན་མཆོག་མངའ་བའི། །
དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །
ཞེས་པ་སྟེ། གང་ཞིག་ལ་རིམ་པ་བཞིན་དོན་གཉིས་མཐར་ཕྱིན་པ་དང༌། འགོག་ལམ་གྱི་བདེན་པ་གཉིས་དང༌། རིག་གྲོལ་གྱི་ཡོན་ཏན་མཆོག་ཏུ་གྱུར་པ་མངའ་བའི་སངས་རྒྱས་དང༌།  ཆོས་དང༌། དགེ་འདུན་ཏེ་དཀོན་མཆོག་གསུམ་པོ་དེ་རྣམས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་པའོ། །
གཉིས་པ་ནི། གང་གིས་སྒྲ་དབྱངས་ཀུན་གསུངས་པའི། །
   འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
ཞེས་པ་སྟེ། གང་གིས་སྒྲ་དབྱངས་བརྗོད་པ་ཀུན་གསུངས་པས་གསུང་གི་དབང་ཕྱུག་ཏུ་གྱུར་པ། ངག་གི་ཉེས་པའི་རྩུབ་རེག་དང་བྲལ་བའི་འཇམ་པའི་ཡོན་ཏན་དང་ལྡན་པའི་གསུང་དབྱངས་ཀྱི་བདག་ཉིད་ཅན་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །དེ་ཡང་རྗེ་བཙུན་ཉིད་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རབ་ཀྱི་ངོ་བོ་ཡིན་པ་དང༌། མཁྱེན་རབ་དེ་གསུང་དབྱངས་ཀྱི་རྒྱུ་ཡིན་པ་དང༌། གསུང་ནི་སྒྲ་དབྱངས་བརྗོད་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་འཇམ་པའི་དབྱངས་ཉིད་སྒྲ་དབྱངས་གསུང་བ་པོར་བསྟན་ཏོ། །
གསུམ་པ་ནི། གང་གིས་མིང་གཞི་སྔོན་གསུངས་པ། །
    རྟག་ཞི་བ་ལ་ཕྱག་འཚལ་ལོ། །
ཞེས་པ་སྟེ། གང་གིས་མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་པའི་དབྱངས་གསལ་གྱི་ཡི་གེ་སྔོན་དུ་གསུང་བ་པོ་རྟག་ཞི་བ་ལ་ཕྱག་འཚལ་ལོ། །ཞེས་པའོ། རྟག་ཞི་བ་ནི། འགའ་ཞིག་གིས་ལྷ་དབང་ཕྱུག་ཆེན་པོར་འདོད་ལ། འགའ་ཞིག་གིས་འཕགས་པ་འཇིག་རྟེན་དབང་ཕྱུག་ཏུ་འདོད་དོ།  །དེ་ཡང་ཕྱི་རོལ་པ་ལྟར་ན་མིང་གཞིའི་ཡི་གེ་བྱེད་པ་པོ་དབང་ཕྱུག་ཆེན་པོ་དང༌། དབང་ཕྱུག་བསྒྲུབས་པས་སྒྲ་ལ་མཁས་པར་གྱུར་ལ། ནང་པ་ལྟར་ན་ཡི་གེའི་བྱེད་པ་པོ་འཇིག་རྟེན་དབང་ཕྱུག་དང༌། དེ་བསྒྲུབས་པས་སྒྲ་ལ་མཁས་པར་འདོད་དེ། རྒྱུད་སྡེ་སྤྱི་རྣམས་ལས། ཕྱི་རོལ་པའི་ལུགས་ལྟར་ན་མ་ཧཱ་དེ་ཝ་སྟེ་དབང་ཕྱུག་ཆེན་པོ་བསྒྲུབས་པས་གྲུབ་སྟེ་སྒྲ་ལ་མཁས་པའི་དངོས་གྲུབ་ཞུས་པས། དབང་ཕྱུག་ཆེན་པོས། ཨ་ཨི་ཨུ་ཞེས་སྨྲས་པས་དེ་མ་ཐག་ཏུ་སྒྲ་ལ་མཁས་པར་གྱུར་པར་འདོད་དོ། །ནང་པ་ལྟར་ན་འཕགས་པ་འཇིག་རྟེན་དབང་ཕྱུག་བསྒྲུབས་པས་གྲུབ་སྟེ། སྐད་ཅིག་ལ་མཁས་པར་གྱུར། ཅེས་གསུངས་པའི་ཕྱིར། དེས་ན་རྣམ་འགྲེལ་ལས། མ་བརྗོད་ན་ཡང་འདོད་པ་ནི།  །སྐབས་ལས་རྟོགས་པར་གྱུར་པ་ཡིན།  །ཞེས་གསུངས་པ་ལྟར། མཁས་གྲུབ་རྗེའི་གསུང་དེས་འཕགས་པ་འཇིག་རྟེན་དབང་ཕྱུག་ཡི་གེའི་བྱེད་པ་པོ་ཡིན་པར་གྲུབ་བོ། །
བཞི་པ་ནི། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང༌། །
བླ་མ་ལ་ཡང་ཕྱག་འཚལ་ནས། །
ཞེས་པ་སྟེ། སྒྲ་སྐད་ཀྱི་བརྗོད་པ་དང་དོན་སྡེབ་ལེགས་པར་སྦྱོར་བའི་ཚུལ་སྟོན་པའི་སྒོ་ནས་མིང་ཚིག་གཉིས་ལ་མི་རྨོངས་པའི་ཤེས་རབ་སྐྱེད་ནུས་པའི་གཞུང་རྩོམ་ཞིང་འདོམས་པར་མཛད་པའི་མཁས་པ་སྤྱི་དང༌། བྱེ་བྲག་ཏུ་མཁན་པོ་ཉིད་ལ་དེ་ལྟའི་བྱ་བ་མཛད་པའི་བྲམ་ཟེ་ལི་བི་ཀ་ར་ལ་སོགས་པའི་བླ་མ་རྣམས་ལའང་ཕྱག་འཚལ་བར་མཛད་པ་སྟེ། ནས་ནི་ལྷག་བཅས་ཀྱི་སྒྲའོ། །
གཉིས་པ་འགྲེལ་པ་ལ་གཉིས། རྒྱ་སྐད་དང༌། བོད་སྐད་ཀྱི་སྒོ་ནས་མཆོད་པར་བརྗོད་པའོ། །
དང་པོ་ནི། ནམོགུརུམཉྫུགྷོཥཱཡ།
ཞེས་པ་སྟེ། ན་མོ་ཕྱག་འཚལ། གུརུ་བླ་མ། མཉྫུ་འཇམ། གྷོཥཱ་དབྱངས། ཡ་ལ་སྟེ། དོན་བསྡུ་ན་བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པའོ། །དེ་ལྟར་རྒྱ་སྐད་སྨོས་པ་ནི། རང་ཅག་རྣམས་ཀྱི་ལེགས་པར་སྦྱར་བ་སམ་སྐྲི་ཏའི་སྐད་ལ་བག་ཆགས་འཇོག་པ་དང༌། རྣམ་འདྲེན་སྟོང་གིས་ཞིང་འདིར་ཆོས་གསུངས་པའི་ཚེ་སམ་སྐྲི་ཏའི་སྐད་དུ་གསུངས་པ་དང༌། རང་རེ་ཡང་འཁོར་གྱི་ཐོག་མར་གྱུར་ཏེ་སམ་སྐྲི་ཏའི་སྐད་དུ་ཆོས་ཉན་པ་སོགས་ཀྱི་ཆེད་དོ། །
གཉིས་པ་ནི། བླ་མ་མཆོག་དང་དབྱེར་མེད་པའི། །འཇམ་པའི་དབྱངས་ལ་གུས་བཏུད་ནས། །
ཞེས་པ་སྟེ། དེ་ཡང་རིག་པའི་གནས་སོགས་ལེགས་པར་སྟོན་པའི་བརྒྱུད་པའི་བླ་མ་སྤྱི་དང༌། སྒོས་སུ་རང་ཉིད་ལ་ལམ་བཟང་པོ་དང་རིག་གནས་མ་ནོར་བར་སྟོན་པའི་ཐམས་ཅད་མཁྱེན་པ་དངུལ་ཆུ་དྷརྨ་བྷ་དྲ་སོགས་དྲིན་ཅན་གྱི་བླ་མ་མཆོག་དང་ངོ་བོ་དབྱེར་མེད་པའི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ལ་སྒོ་གསུམ་གུས་པས་བཏུད་དེ་ཕྱག་འཚལ་བའོ། །ནས་ནི་འོག་མ་འདྲེན་པའི་ལྷག་བཅས་ཀྱི་སྒྲའོ།   །དེ་ལྟར་བྱས་པའི་དགོས་པ་ཡང་རིག་པའི་གནས་མཐའ་དག་ལ་སློབ་པ་ལ་ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་དབྱངས་ཉིད་བསྟེན་དགོས། དེ་ཡང་དངོས་སུ་མཐོང་བའི་སྐལ་མེད་རྣམས་ལ་རང་གི་བླ་མའི་ཚུལ་བཟུང་ནས་རྗེས་སུ་འཛིན་པར་མཛད་ཅིང༌། བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པར་གཅིག་ཏུ་བལྟ་བ་དངོས་གྲུབ་ཀུན་གྱི་འབྱུང་གནས་དང༌། ནང་པའི་ཁྱད་ཆོས་བྱ་བ་ཁྱད་པར་ཅན་མཐའ་དག་སྐྱབས་འགྲོས་གཞིར་བཟུང་དགོས་པ་དང༌། དེ་ལ་བརྟེན་ནས་བར་ཆད་མི་འབྱུང་ཞིང་བསོད་ནམས་རྒྱ་ཆེན་པོ་ཐོབ་པ་དང༌། དགོས་སོགས་ཆོས་བཞི་འགྲུབ་པར་འགྱུར་བའོ། །འདིའི་བརྒྱུད་པ་ནི། རྗེ་དྷརྨ་བྷ་དྲ། དབྱངས་ཅན་གྲུབ་རྡོར། ཤེལ་དཀར་དགེ་བཤེས། བི་ལུང་ངག་ཡོན། དཀྱིལ་ཆེན་བློ་བཟང་བཟོད་པ། དེས་བདག་ལའོ། །ཡང་ན་རྗེ་ངག་དབང་ཡོན་ཏན། རྒྱ་སྤྲུལ་བློ་བཟང་ཚེ་བརྟན་རྒྱལ་མཚན། དེས་བདག་ལའོ། །
            གཉིས་པ་བརྩམ་པར་དམ་བཅའ་བ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །
རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །
མིང་ཚིག་བརྗོད་པ་ཀུན་གྱི་གཞི། །
ཡི་གེའི་སྦྱོར་བ་བཤད་པར་བྱ། །
ཞེས་པ་སྟེ། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་བསླབ་པའི་གཞི་རྣམས་ལྟོས་པའི་སྒོ་ནས་འཛིན་པར་བྱེད་ཅིང༌། ངེས་བརྗོད་དང༌། མཆོད་སྦྱིན་དང༌། སྙན་ཚིག་དང༌། སྲིད་སྲུང་སྟེ་རིག་བྱེད་བཞི་ཡན་ལག་དང་བཅས་པའི་གཞུང་ལུགས་སྨྲ་བ་རྣམས་ཀྱི་རྒྱུའང་ཡིན་ལ། སྤྱིར་ཡི་གེ་ལས་མིང་དང༌། མིང་ལས་ཚིག་དང༌།  ཚིག་ལས་བརྗོད་པ་འབྱུང་བའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་པ་ནི་ཡི་གེའི་སྦྱོར་བ་ཡིན་པས་དེ་བཤད་པར་བྱའོ། །ཞེས་པའོ། ། དེ་ཡང་བོད་ཀྱི་ཡི་གེའི་སྦྱོར་བ་ནི་བརྗོད་བྱ་དང༌། གཞུང་གཉིས་ཀྱིས་བླང་དོར་ལ་མ་རྨོངས་པ་ནི་དགོས་པ་དང༌། མཐར་རྣམ་མཁྱེན་ཐོབ་པ་ནི་ཉིང་དགོས་དང༌། སྔ་ཕྱི་འབྲེལ་ཆགས་པ་ནི་འབྲེལ་བའོ། །
གཉིས་པ་ནི། ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །
སྙིང་པོ་མདོར་བསྡུས་བཤད་པར་བྱ། །
ཞེས་པ་སྟེ། དེ་ཡང་སློབ་དཔོན་ཐོན་མིའི་ལེགས་པར་བཤད་པའི་ལུང་སྟོན་པའི་རྩ་བ་སུམ་ཅུ་པའི་སྙིང་པོའི་དོན་ཐམས་ཅད་མདོར་བསྡུས་ཏེ་བཤད་པར་བྱའོ། །དེས་དགོས་སོགས་ཆོས་བཞི་ཡང་བསྟན་ཏེ། འཆད་རྩོད་རྩོམ་གསུམ་དང༌། ལམ་བསླབ་པ་གསུམ་དང༌། རིག་བྱེད་བཞི་དང༌། མིང་ཚིག་བརྗོད་པ་སོགས་ནི་འདིའི་བརྗོད་བྱ་དང༌། ནང་པ་དང་ཕྱི་པའི་ཆོས་ཚུལ་ཐམས་ཅད་ཚུལ་འདི་ལ་བརྟེན་ནས་རྟོགས་པ་ནི་དགོས་པ་དང༌། རང་གཞན་ཀུན་གྱིས་ཚུལ་འདི་སོགས་ལ་འབད་པ་ཆེན་པོའི་བརྩོན་པས་ཀུན་མཁྱེན་ཐོབ་པ་ནི་ཉིང་དགོས་དང༌། དེ་དགོས་པ་ལ་འབྲེལ་བ་སོགས་ནི་འབྲེལ་བའོ། །
           
གཉིས་པ་བཤད་པ་ཉིད་དགོད་པ།

            གཉིས་པ་བཤད་པ་ཉིད་དགོད་པ་ལ་གསུམ། སྦྱར་བྱ་ཡི་གེའི་རྣམ་གཞག་བཤད་པ་དང༌། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་དང༌། ཞིང་སོགས་ཚིག་ཕྲད་ཞར་བྱུང་དང་བཅས་པ་བཤད་པའོ། །
(1) སྦྱར་བྱ་ཡི་གེའི་རྣམ་གཞག་བཤད་པ།
དང་པོ་ལ་གཉིས། བོད་ཡིག་གི་དབྱངས་གསལ་ངོས་བཟུང་བ་དང༌། ཁྱད་པར་གྱི་དབྱེ་བ་བསྟནཔའོ། །དང་པོ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །
ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །
ཀཱ་ལི་སུམ་ཅུ་ཐམ་པའོ། །
ཞེས་པ་སྟེ། སྤྱིར་ཡི་གེ་ལ་ཨཱ་ལི་སྟེ་དབྱངས་ཡིག་དང༌། ཀཱ་ལི་སྟེ་གསལ་བྱེད་ཀྱི་ཡི་གེ་གཉིས་ཡོད། བྱེ་བྲག་ཏུ་བོད་ཡིག་ལ་ནི། ལེགས་སྦྱར་གྱི་ཨཱ་ལིའི་བྱ་བ་གསལ་བར་མཚོན་པར་བྱེད་པའི་ཡི་གེ་ཨི་སོགས་བཞི་དང༌། ཀཱ་ལི་མཚོན་པར་བྱེད་པ་ཀ་ཁ་སོགས་སུམ་ཅུ་ཐམ་པ་ཡོད་དོ། །ཞེས་པའོ། །
གཉིས་པ་ནི། དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན།  །
ཞེས་པ་སྟེ། མིང་ཚིག་རྩོམ་པའི་གཞིར་གྱུར་པའི་སྐད་ཀྱི་གདངས་སུ་དམིགས་པ། ཡི་གེའི་མཚན་ཉིད། དེ་ལ་དབྱེ་ན། དབྱངས་དང་གསལ་བྱེད་ཀྱི་དེ་གཉིས་ཡོད། ལེགས་སྦྱར་གྱི་ཨཱ་ལིའི་དབྱངས་ཀྱི་བྱ་བ་གསལ་པོ་རུ་མཚོན་པར་བྱེད་པའི་ཡི་གེ་ཨི་ཨུ་ཨེ་ཨོ་བཞི་དང༌། ཀཱ་ལི་མཚོན་པར་བྱེད་པའི་གསལ་བྱེད་ཀྱི་ཡི་གེ་ནི། ཀ་ཁ་ག་ང་ལ་སོགས་སུམ་ཅུ་པོ་དེ་རྣམས་ཡིན་ནོ། །དེ་ཡང་ཨི་གི་གུ་དང༌། ཨུ་ཞབས་ཀྱུ་དང༌། ཨེ་འགྲེང་བུ་དང༌། ཨོ་རྣ་རུར་བྱས་ནས། ཀ་ཁ་ལ་སོགས་པར་སྦྱར་བས་ཀི་ཀུ་ཀེ་ཀོ། ཁི་ཁུ་སོགས་གྲུབ་པ་ཡིན་ནོ། །
            གཉིས་པ་ཁྱད་པར་གྱི་དབྱེ་བ་བསྟན་པ་ལ་གཉིས།  མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །
དང་པོ་ནི།          དེ་ལ་རྗེས་འཇུག་བཅུ་ཡིན་ཏེ། །
དེ་ལས་ལྔ་ནི་སྔོན་དུའང་འཇུག །
མི་འཇུག་པ་ནི་ཉི་ཤུའོ། །
ཞེས་པ་སྟེ། གསལ་བྱེད་ཀྱི་ཡི་གེ་དེ་ལ་དབྱེ་ན། རྗེས་སུ་འཇུག་པ་བཅུ་དང༌། རྗེས་འཇུག་དེ་ཉིད་ལས་ལྔ་ནི་སྔོན་དུའང་འཇུག་པ་ཡིན་པས་སྔོན་འཇུག་ལྔ་དང༌། སྔོན་རྗེས་གཉིས་ཀར་མི་འཇུག་པའི་ཡི་གེ་ཉི་ཤུ་སྟེ་ཚན་པ་གསུམ་དུ་དབྱེའོ། །ཞེས་པའོ། །
གཉིས་པ་ལ་གཉིས། དབྱེ་སྒོ་སྤྱིར་བསྟན་པ་དང༌། བྱེ་བྲག་སོ་སོར་བཤད་པའོ། །
དང་པོ་ནི།          ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །
བཞི་བཞི་དག་ཏུ་ཕྱེ་བ་ལས། །
ཞེས་པ་སྟེ། ཀཱ་ལི་སུམ་ཅུ་པོ་དེ་རྣམས་ཀ་སྡེ་དང༌། ཅ་སྡེ་དང༌། ཏ་སྡེ་དང༌། པ་སྡེ་དང༌། ཙ་སྡེ་དང༌། ཞ་སྡེ་དང༌། ར་སྡེ་སྟེ་སྡེ་པ་རངས་པོ་བདུན་དང༌། ཧ་སྡེ་ཕྱེད་དུ་བྱས་ནས་ཕྱེད་དང་བརྒྱད་ཀྱི་སྡེ་ཚན་དུ་བགོས་པ་ནི། སྡེ་པ་རེ་རེ་ལ་ཡི་གེ་བཞི་བཞི་རུ་ཕྱེ་བ་ཡིན་ཅིང༌། ལས་ནི་འབྱུང་ཁུངས་ཀྱི་སྒྲའོ། །
            གཉིས་པ་ལ་བཞི། རྗེས་འཇུག་བཤད་པ། ཡང་འཇུག་བཤད་པ། སྔོན་འཇུག་བཤད་པ། མི་འཇུག་པ་བཤད་པའོ། །དང་པོ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          དང་པོ་གསུམ་པ་བཞི་པ་ལས། །
མས་གཉིས་དྲུག་པའི་གསུམ་པ་དང༌། །
བདུན་པ་ལས་ནི་ཤ་མ་གཏོགས།  །
རྗེས་འཇུག་ཡི་གེ་བཅུ་རུ་འདོད། །
ཅེས་པ་སྟེ། གོང་དུ་རྗེས་འཇུག་བཅུ་ཞེས་བཤད་པ་དེ་གང་ཞེ་ན། སྡེ་པ་དང་པོ་དང༌། གསུམ་པ་དང༌། བཞི་པ་རྣམས་ཀྱི་ཡི་གེ་མས་གཉིས་གཉིས་ཏེ། ག་ང༌། ད་ན། བ་མ་རྣམས་དང༌། སྡེ་པ་དྲུག་པའི་གསུམ་པ་འ་དང༌། བདུན་པའི་ཤ་མ་གཏོགས་ལྷག་མ་ར་ལ་ས་གསུམ་སྟེ་རྗེས་འཇུག་གི་ཡི་གེ་བཅུ་རུ་འདོད་དོ། །ཞེས་པའོ།
གཉིས་པ་འགྲེལ་པ་ནི། ག་ང་ད་ན་བ་མ་འ།།ར་ལ་ས་རྣམས་རྗེས་འཇུག་བཅུ།།
ཞེས་པ་སྟེ། དེ་ཡང་མིང་གཞིའི་ཡི་གེ་ཐམས་ཅད་ཀྱི་རྗེས་སུ་ག་ང་ད་ན་བ་མ་འ་ར་ལ་ས་བཅས་འདི་རྣམས་ཕལ་ཆེར་འཇུག་པའི་ཕྱིར་དེ་ཀུན་ལ་རྗེས་འཇུག་བཅུ་ཞེས་བྱའོ། དེ་རྣམས་ཀྱི་དཔེར་བརྗོད་གོ་སླ་བའི་ཆེད་དུ་ཚིག་གྲོགས་དང་བཅས་སྡེ་པ་རྣམས་དང་སྦྱར་བ་ལ། ཀ་སྡེ་ལ་ནི། ཡི་གེ་ཀློག ཀང་ཀ། བཀོད་ལེགས། དཀོན་པ། ཀབ་ཀོབ། སྐམ་རློན། དཀའ་ཆེན། དཀར་ཡོལ། སྐལ་ལྡན། དཀྱུས་མ། ཁོག་པ། ཁང་ཆེན། གྲལ་འཁོད། མཁན་པོ། ཁབ་ཕྲ། ཁྲམ་ཤིང༌། མཁའ་ལྡིང༌། འཁར་རྔ། ངག་འཁྱལ། ཁྲུས་གྱིས། འགོག་བདེན། གང་བུ། གང་མོ། གན་རྒྱ། གབ་རྩེ། སྒམ་ཅོག དགའ་བོ། མགར་བ། འགལ་འབྲེལ། གོས་དར། ངག་དབང༌། ངང་པ། དྲི་ངད། ངན་འགྲོ། དབུགས་རྔུབ། ཆང་ངོམས། མངའ་བདག རོ་མངར། མངལ་སྒོ། དངོས་པོ། ལྟ་བུའོ། ཅ་སྡེ་ལ་ནི། ཁ་ཅིག ཅད་པོ། ཅོད་པན། བེ་ཅོན། ཅབ་ཅོབ། བཅོམ་ལྡན། དམ་བཅའ། སྤྱི་ཅེར། ཅལ་ཅོལ། གཅེས་སྤྲས། ཆོག་ཤེས། ཆང་ཉོས། ཆད་པ། ཆན་པ། ཆབ་སྲིད། ཆོམ་རྐུན། གནས་འཆའ། མཆེར་པ།  མཆིལ་མ། ཚུལ་འཆོས། འཇིག་རྟེན། ཡུལ་ལྗོངས། གཟི་བརྗིད། ལྗོན་པ། ཁྲག་འཇིབ། འཇམ་འབུལ། འཇའ་ཚོན། འཇོར་བུ། མཆོད་མཇལ། རྗེས་འཇུག སྙུག་གུ སྙིང་པོ། རྙེད་པ། ཉན་ཐོས། རྙོབས་པ། འདྲ་མཉམ། གཉའ་ཤིང༌། གཉེར་པ། ཉལ་ས། མཆོག་བརྙེས། ལྟ་བུའོ། ཏ་སྡེ་ལ་ནི། ཏོག་རྩེ། ཏིང་ཤགས། ལྟད་མོ། གཏུན་ཤིང༌། རྒྱས་བཏབ། གཏུམ་མོ། གཏའ་མ། གཏོར་ཆས། རྟུལ་ཞུགས། ལྟས་ངན། ཐག་པ། ཐང་ཆུ། ཐུད་གདར། ཐན་པ། ཐབ་ཚང༌། ཐམ་ག མཐའ་འཁོབ། མཐར་ཐུག ཐལ་མོ། སྲ་འཐས། དྲག་ཤུལ། དྲང་སྲོང༌། དྲེད་པོ། དོན་གྲུབ། འདབ་ཆགས། དམ་ཆོས། མདའ་གཞུ། ལུས་འདར། དྲིལ་བུ། མདོས་ཟོར། ནག་པོ། ནང་པ། ནད་པ། ནན་ཏན། བརྣབ་སེམས། སྣམ་བུ། མནའ་བསྐྱལ། ནོར་བྱུང༌། སྣལ་མ། གནས་ལུགས། ལྟ་བུའོ། པ་སྡེ་ལ་ནི། དཔག་ཚད། པང་ལེབ། དཔྱིད་དུས། རྗེ་དཔོན། སྤོབས་པ། རྐོམ་པ། དཔའ་བོ། དཔེར་བརྗོད། དཔལ་ཁང༌། བདུག་སྤོས། ཕྱག་དར། ཕུང་པོ། ཕྱེད་ཀ ཕུན་ཚོགས། ཕབ་རྒྱུན། ཕྱམ་ཙེ། གོ་འཕེར། བློ་འཕེལ། ཕས་རྒོལ། བག་ཡོད། བྱང་ཆུབ། བྱད་ཁ། བྲན་གཡོག བྱབས་བཀྲུས། བུམ་པ། དབའ་རླབས། འབྱོར་པ། བལ་རློན། འབྲས་བུ། མག་པ། མིང་སྲིང༌། སྨད་པ། མུན་པ། ལམ་མམ། དམའ་བ། དམར་ཁྲིད། འཛུམ་དམུལ། མོས་སྤྱོད། ལྟ་བུའོ། ཙ་སྡེ་ལ་ནི། གཙག་བུ། གཙང་པོ། རྩོད་པ། ཙན་དན། ཙབ་ཧྲལ། ཙམ་པ་ཀ བཙའ་ཐན། རྩེར་སོན། ལུས་རྩལ། རྩིས་པ། ཚག་པ། ཚངས་སྐུད། ཚད་དུས། མཚན་ཉིད། སྐུ་ཚབ། ཐེ་ཚོམ། མཚའ་མ། ཚར་གཅོད། ཚལ་བུ། ཚེས་ཞག འཛག་སྣོད། མཛངས་བླུན། མཛོད་པ། འཛིན་དཀའ། མཛུབ་མོ། འཛེམ་པ། མཛའ་བ། འཛེར་པ། འཛུལ་བ། བརྫུས་མ། ཕ་ཝང༌། ཝེར་མ། ཝལ་ལེ། ལྟ་བུའོ། ཞ་སྡེ་ལ་ནི། ཞག་ས། ཞང་པོ། ཞད་པ། གཞན་དག ཞབས་བརྟན། ཞམ་འབྲིང༌། བཞའ་ཚན། ཞར་བྱུང༌། ཞལ་འདོན། ཞུས་དག ཟག་མེད། བཟང་པོ། བཟོད་པ། ཟན་དྲོན། ཟབ་མོ། ཟམ་པ། གཟའ་སྐྲ། ཟར་བུ། ཟལ་པོ། ཟས་མཆོག འུག་པ། ཡིད་འོང༌། འོད་ཟེར། འོན་པ། འབ་འུབ། འོམ་བུ། འོར་གཅིག འོལ་པ། འོས་པ། གཡག་འབྲི། གཡང་རྟེན། ཡོད་པ། ཡན་ལག ཡབ་ཡུམ། ཡམ་ཤིང༌། གཡའ་ཆུ། ཡར་རྒྱས། ཡལ་ག གཡོས་ཁང༌། ལྟ་བུའོ། ར་སྡེ་ལ་ནི། རག་དུང༌། རང་སྐལ། རིད་པ། རིན་ཆེན། རབ་མཛེས། རམ་པ། རེ་རེར། རལ་གྲི། རས་ཡུག ལག་འགྲོ། ལང་ཀ ལད་མོ། ཡིག་ལན། ལབ་གཞི། ལམ་ཆེན། ལར་རྒྱ། ལས་དབང༌། ཤག་ཚང༌། ཤངས་སྣ། བཤད་སྦྱངས། ཤན་སྟོབས། ཤབ་ཆུ། ཤམ་ཐབས། གཤའ་མ། ཤར་ཕྱོགས། ཤལ་མ། ཤེས་པ། སག་བརྡར། སང་ཉིན། སད་སེར། སྲིན་པོ། སྲབ་མོ། སུམ་མདོ། གཅན་གཟན་གསའ། སེར་སྐྱ། སེལ་བ། སོས་ཀ། ལྟ་བུའོ། ཧ་སྡེ་ལ་ནི། ཧྲག་ཧྲག ཧད་ནེ། ཧང་སང༌། ཧོན་འཐོར། ཧབ་ཐོབ། ཧམ་པ། ཧོར་ཟླ། ཧོལ་སྤྱོད། ཨོག་མ། ཨང་གྲངས། ཨེན་ཙམ། ཨིམ་ཆི། ཨར་ག  ལྟ་བུའོ། །
གཉིས་པ་ཡང་འཇུག་བཤད་པ་ནི། ད་དང་ས་གཉིས་ཡང་འཇུག་སྟེ། ད་ནི་ན་ར་ལ་གསུམ་དང༌། །ས་ནི་ག་ང་བ་མར་འཐོབ། །
ཅེས་པ་སྟེ། རྩ་བར་ཡང་འཇུག་གཉིས་དངོས་སུ་མ་བསྟན་ཀྱང་རྗེས་འཇུག་བཅུ་དངོས་སུ་བཤད་པས་ཤུགས་ཀྱིས་ད་དང་ས་གཉིས་རྗེས་འཇུག་ཙམ་དུ་མ་ཟད་རྗེས་འཇུག་གི་ཡང་རྗེས་སུ་འཇུག་པའི་ཕྱིར་ཡང་འཇུག་ཡིན་པར་གོ་སྟེ། དེ་ལྟར་ཤུགས་ལ་བསྟན་པས་སོ། །དེ་གཉིས་ཇི་ལྟར་འཇུག་པའི་ཚུལ་ཡང༌། ཡང་འཇུག་ད་ནི་རྗེས་འཇུག་ན་ར་ལ་གསུམ་གྱི་རྗེས་སུ་འཇུག་པ་དང༌། ཡང་འཇུག་ས་ནི་རྗེས་འཇུག་ག་ང་བ་མ་བཞིའི་མཐར་འཐོབ་ཅིང་འཇུག་པ་ཡིན་ནོ། །ད་འཇུག་ཚུལ་ནི། དཔེར་ན། ཏིང་འཛིནད། དབང་བསྐུརད། བཀའ་སྩལད། ལྟ་བུའོ། །སྤྱིར་ཡང་འཇུག་དེ་དག་འདས་པ་སྟོན་བྱེད་དུ་འཇུག་པ་མང་ཞིང༌། ཡང་སྒོས་ད་དྲག་ནི་བོད་སྐད་ཀྱི་གདངས་ལས་ཀྱང་ཡིན་ཏེ། ཕྱིནད། འཛིནད། ཐརད། འབྱོརད། འཕྲུལད། རོལད་རྣམས་སྒྲ་དག་པར་ཀློག་ན་སྒྲའི་ཟུར་ལ་ཕཊ་ཟེར་བ་ལྟ་བུ་ད་ཡིག་གི་གདངས་ངེས་པར་ཐོན་པས། དེ་ཤེས་པའི་ཆེད་དུ་སྒྲ་སྒྱུར་སྨྲ་བ་རྣམས་ཀྱིས་ད་དྲག་གི་སྲོལ་མཛད་ལ། དེ་ཤེས་པ་གལ་ཆེ་བས་དཔེར་བརྗོད་ཅུང་ཟད་འགོད་ན། ཀུན་ཏུ། བསྟན་ཅེས། སྟོན་ཅིག རྐྱེན་ཀྱི། འཛིན་ཀྱང༌། ལྷན་ཅིག བརྒྱན་ཀྱང༌། ལན་ཅིག རྟེན་ཅིང༌། ཤིན་ཏུ། གསོན་ཅིག སྨིན་ཅེ་ན། ཞེན་ཅིང༌། མནན་ཏོ། བརྟན་ཅིང༌། བསྒྱུར་ཅེའོ། །ཟེར་ཅིང༌། འཛེར་ཏོ། །རོལ་ཅིག མཚར་ཏུ། སྤྲུལ་ཏོ། །སོལ་ཅིག བསྩལ་ཏོ། །འཚལ་ཏོ། གསལ་ཅེའོ་ལ་སོགས་པ་ལྟ་བུའོ། །ཡང་འཇུག་ས་འཐོབ་ཚུལ་ནི། དཔེར་ན་གཟུགས། སྔོ་བསངས།  སྐྱེ་རབས། བྱམས་པ། ལྟ་བུའོ། །ཚིགས་སུ་བཅད་ན། འཕགས་པའི་ཚོགས་སུ་གཏོགས་པ་ཡི། །སངས་རྒྱས་ཚངས་དབྱངས་གསུངས་པ་ལ། །སྟོབས་སོགས་སྐྱབས་ཀྱི་ཐབས་ལ་བསྟེན། །འགྲོ་རྣམས་གདམས་ངག་ཉམས་ལེན་མཛོད། །ལྟ་བུའོ། །
            གསུམ་པ་སྔོན་འཇུག་བཤད་པ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །
དང་པོ་གསུམ་པ་ལྔ་པ་དྲུག །
བདུན་པ་རྣམས་ནི་སྔོན་དུའང་འཇུག །
ཅེས་པ་སྟེ། གོང་དུ་སྔོན་འཇུག་ལྔ་ཞེས་བཤད་པ་དེ་གང་ཞེ་ན། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་དག་ཉིད་ལས་དང་པོ་ག གསུམ་པ་ད། ལྔ་པ་བ། དྲུག་པ་མ། བདུན་པ་འ་རྣམས་ཡིན་ཅིང༌།  དེ་དག་རྗེས་སུ་འཇུག་པར་མ་ཟད་སྔོན་དུའང་འཇུག་པས་སྔོན་འཇུག་ཅེས་ཀྱང་བྱའོ། །ཞེས་པའོ། །གཉིས་པ་འགྲེལ་པ་ནི། ག་ད་བ་མ་འ་སྔོན་འཇུག །ཅེས་པ་སྟེ། ག་ད་བ་མ་འ་ལྔ་ནི་རྗེས་འཇུག་ཏུ་མ་ཟད་མིང་གཞི་ཡི་གེའི་སྔོན་དུའང་འཇུག་པས་སྔོན་འཇུག་ཅེས་བྱའོ། ། སྔོན་འཇུག་ལྔ་པོ་ནི། དཔེར་ན། ཀུན་གཟིགས། དབང་ཕྱུག བདག་པོ། མགོན་སྐྱབས། འཕགས་པ། ལྟ་བུའོ། །ཚིགས་སུ་བཅད་ན། བདེ་གཤེགས་ཀུན་གསལ་ཆོས་དབྱིངས་སུ། །དཀའ་གནད་བསྒྲུབ་བྱ་བདེ་བར་མཆིས།།མཁས་པར་འདོད་རྣམས་དེ་ལ་རྩོན། །འཁོར་བར་སྙིང་པོ་གཏན་མ་མཆིས། ལྟ་བུའོ། །དེ་རྣམས་གང་ལ་གང་འཇུག་ཚུལ་རྒྱས་པ་དཀའ་གསལ་མེ་ལོང་གི །ཕོ་ཡིག་བ་ནི་ཀ་ཅ་ཏ། །ཞེས་སོགས་ལས་ཤེས་པར་བྱའོ།  །དེ་ལྟར་རྗེས་འཇུག་བཅུའི་ནང་ནས་ཡི་གེ་ལྔ་ནི་སྔོན་རྗེས་མིང་གསུམ་ག་དང༌། དེའི་འཕྲོས་ལྔ་ནི་རྗེས་མིང་གཉིས་ཀ་དང༌། ལྷག་མ་ཉི་ཤུ་པོ་མིང་གཞི་ཁོ་ནར་ངོས་བཟུང་ངོ༌། །
            བཞི་པ་མི་འཇུག་པ་བཤད་པ་ནི།
རྩ་བར།             མིང་གཞི་གཉིས་སམ་སུམ་སྦྲེལ་ལམ། །
དེ་ལ་དབྱངས་ཀྱི་བཞི་ལྡན་ཡང༌། །
གང་དུའང་འཇུག་མིན་སྦྱར་བའང་མིན། །
ཞེས་པ་སྟེ། སྔོན་འཇུག་དང་རྗེས་འཇུག་བསལ་བའི་ལྷག་མ་མིང་གཞི་ཁོ་ན་ཡིན་པ། ཀ་ཁ། ཅ་ཆ་ཇ་ཉ། ཏ་ཐ། པ་ཕ། ཙ་ཚ་ཛ་ཝ། ཞ་ཟ་ཡ། ཤ། ཧ་ཨ་སྟེ་ཉི་ཤུ་ནི། ཚེག་བར་གཅིག་ཏུ་གཉིས་སམ། གསུམ་སྦྲེལ་བའམ། དེ་ལ་དབྱངས་ཨི་སོགས་གང་རུང་རེ་སྦྱར་བའི་བཞི་ལྡན་དུ་བྱས་པ། ཙཀ། ཚཕཁ། ཝཟིཡ་ལྟ་བུ་བོད་དུ་གྲགས་པའི་ཐ་སྙད་གང་ལའང་འཇུག་པ་མིན་པས་འདི་བཞིན་སྦྱར་བ་རིགས་པའང་མ་ཡིན་ནོ། །སྐབས་འདིའི་མིང་གཞི་ནི་སྔོན་རྗེས་གཉིས་ཀྱི་འཇུག་ཡུལ་དུ་གྱུར་པའི་གསལ་བྱེད་ཀྱི་ཡི་གེ་ཡིན་ནོ། །ཞེས་པའོ། །
(2) སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ།
            གཉིས་པ་སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ལ་གཉིས། རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་བཤད་པ་དང༌། རྗེ་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་བཤད་པའོ། །

རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་བཤད་པ།

དང་པོ་ལ་བརྒྱད། སླར་བསྡུ་བཤད་པ། ལ་དོན་བཤད་པ། ཨི་ལྡན་གྱི་རྣམ་དབྱེ་བཤད་པ། རྒྱན་སྡུད་བཤད་པ།  ལྷག་བཅས་བཤད་པ། འབྱེད་སྡུད་བཤད་པ། འབྱུང་ཁུངས་བཤད་པ། འབོད་པའི་སྒྲ་བཤད་པའོ། །
            དང་པོ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          རྗེས་འཇུག་ཡི་གེ་བཅུ་པོ་ནི། །
མིང་གང་གི་ནི་མཐར་སྦྱར་བ། །
དེ་ལ་ཨཱ་ལི་བཞི་པ་སྦྱར། །
སླར་བསྡུ་བར་ནི་ཤེས་པར་བྱ། །
ཞེས་པ་སྟེ། སྔར་བཤད་པའི་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་རྣམས་མིང་ཚིག་གང་གི་མཐར་སྦྱར་བ་ཡོད་ཀྱང་རུང༌། དེ་དག་ལ་ཨཱ་ལི་བཞི་པ་ཨོ་ཡིག་སྟེ་རྣ་རུ་སྦྱར་བ་ནི། སྐབས་བབ་ཀྱི་བརྗོད་བྱའི་དོན་དེ་ཉིད་དེ་ཙམ་གྱིས་བསྡུ་བར་སོང་བས་སླར་བསྡུ་ཡིན་པར་ཤེས་པར་བྱའོ། །བདག་གཞན་རྣམ་དབྱེ་བརྒྱད་པོ་གང་རུང་གི་གནས་སྟོན་བྱེད་དུ་རྣམ་པར་འབྱེད་པར་བྱ་བའི་སྒྲ་དེ། རྣམ་དབྱེའི་མཚན་ཉིད། དེ་ལ་དབྱེ་ན། དང་པོ་དོན་སྟོན་པ། གཉིས་པ་ལས་སུ་བྱ་བ། གསུམ་པ་བྱེད་པ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་བ། བདུན་པ་གནས་གཞི། བརྒྱད་པ་འབོད་པ་དང་བརྒྱད་དོ། །དེ་རྣམས་ཀྱི་མཚན་གཞི་གང་ཞེ་ན། གཞི་གཅིག་ལ་མཚོན་ན། ལྷུང་བཟེད་ཉིད། ལྷུང་བཟེད་དེ་དག ལྷུང་བཟེད་དེ་རྣམས་ཞེས་པའི་ངག་ནི། གང་དུ་ཕྱེ་བའི་རྣམ་དབྱེ་དང་པོའི་གནས་སྟོན་པའི་སྒྲ་ཡིན། གང་འབྱེད་བྱེད་ཀྱི་རྣམ་དབྱེ་དང་པོ་དངོས་ནི། ཉིད་སྒྲ་དང་དག་སྒྲ་དང་རྣམས་སྒྲ་རྣམས་ཡིན་ནོ། །ལྷུང་བཟེད་དུ་ཆུ་བླུགས་ཞེས་པའི་ངག་ནི། གང་ཕྱེ་བའི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་གནས་སྟོན་པའི་སྒྲ་ཡིན། གང་གི་འབྱེད་པའི་རྣམ་དབྱེ་གཉིས་པ་དངོས་ནི། དུ་ཞེས་པ་དེ་ཡིན་ནོ། །ལྷུང་བཟེད་ཀྱིས་ཆུ་སྐྱོར་ཞེས་པ། གང་ཕྱེ་བའི་རྣམ་དབྱེ་གསུམ་པ་བྱེད་པའི་གནས་སྟོན་པའི་སྒྲ་ཡིན། གང་གིས་འབྱེད་པའི་རྣམ་དབྱེ་གསུམ་པ་དངོས་ནི། ཀྱིས་ཞེས་པའི་རྗེས་འཇུག་གི་ས་ཡིག་དེ་ཡིན་ནོ། །ལྷུང་བཟེད་དུ་སྟན་བྱ་ཞེས་པ། བཞི་པ་དགོས་ཆེད་སྟོན་བྱེད་དུ་ཕྱེ་བའི་ངག་ཡིན། དེ་འབྱེད་བྱེད་ཀྱི་རྣམ་དབྱེ་བཞི་པ་ནི། དུ་ཞེས་པ་དེ་ཡིན་ནོ། །ལྷུང་བཟེད་ལས་ཟས་བྱུང་ཞེས་པ། ལྔ་པ་འབྱུང་ཁུངས་སྟོན་བྱེད་དུ་ཕྱེ་བའི་སྒྲ་ཡིན། དེ་འབྱེད་བྱེད་ཀྱི་རྣམ་དབྱེ་ལྔ་པ་ནི། ལས་ཞེས་པ་དེ་ཡིན་ནོ། །ལྷུང་བཟེད་ཀྱི་ཁ་དོག་ཅེས་པ་དྲུག་པ་འབྲེལ་བ་སྟོན་བྱེད་དུ་ཕྱེ་བའི་སྒྲ་ཡིན། དེ་འབྱེད་བྱེད་ཀྱི་རྣམ་དབྱེ་དྲུག་པ་ནི། ཀྱི་སྒྲ་དེ་ཡིན་ནོ། །ལྷུང་བཟེད་ལ་བྱིན་རླབས་ཡོད་ཅེས་པ།  བདུན་པ་གནས་གཞི་སྟོན་བྱེད་དུ་ཕྱེ་བའི་སྒྲ་ཡིན། དེ་འབྱེད་བྱེད་ཀྱི་རྣམ་དབྱེ་བདུན་པ་ནི། ལ་སྒྲ་དེ་ཡིན་ནོ། །ཀྱེ་ལྷུང་བཟེད་སྲོངས་ཞེས་པ་རྣམ་དབྱེ་བརྒྱད་པ་འབོད་སྒྲ་སྟེ། ཀྱེ་ཞེས་པ་ཕྱེ་བྱེད་ཀྱི་འབོད་སྒྲ་ཡིན་ནོ། །
གཉིས་པ་འགྲེལ་པ་ནི། གོ་ངོ་དོ་ནོ་བོ་མོ་འོ། །རོ་ལོ་སོ་ཏོ་སླར་བསྡུ་སྟེ། །རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །དྲག་ཡོད་ཏོ་དང་མཐའ་མེད་འོ།  །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །
ཞེས་པ་སྟེ། གོང་གི་རྗེས་འཇུག་བཅུ་པོ་དེ་ལ་རྣ་རུ་སྦྱར་བའི་གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་བཅུ་དང༌། རྩ་བའི་ཤུགས་བསྟན་ཏོ་བཅས་བཅུ་གཅིག་པོ་འདི་རྣམས་ནི། སྐབས་བབ་ཀྱི་བརྗོད་བྱའི་དོན་དེ་ཉིད་དེ་ཙམ་གྱིས་སླར་འཆད་རྒྱུ་བསྡུ་བར་སོང་བས་སླར་བསྡུ་སྟེ། བརྗོད་བྱའི་དོན་རེ་ཞིག་དེ་ཙམ་གྱིས་རྫོགས་པར་སོང་བས་རྫོགས་ཚིག་དང༌། སྨྲ་སྒོར་རང་གི་ཚིག་གི་ཟླ་གྲོགས་གཞན་དེ་ཙམ་གྱིས་བསྡུ་བར་གྱུར་པས་ཟླ་སྡུད་ཅེས་ཀྱང་བྱ་སྟེ། དེ་གསུམ་དོན་གཅིག་ཅིང་དེ་དག་ལ་མིང་དོན་སྦྱོར་ཚུལ་ཞེས་བྱའོ། །ཡང་འཇུག་ད་དྲག་ཡོད་པའི་མཐར་ཏོ་དང༌། རྗེས་འཇུག་མཐའ་རུ་མེད་པའི་མཐར་འོ་དང༌། གོ་ངོ་ལ་སོགས་པ་གཞན་རྣམས་རང་རང་གི་མིང་མཐའི་རྗེས་འཇུག་དང་མཐུན་པར་གའི་རྗེས་སུ་གོ་སྦྱར་བ་སོགས་དཔེར་བརྗོད་ཀྱིས་གསལ་བར་བསྟན་ཅིང༌། དེ་རྣམས་ལ་སྒྲ་སྦྱོར་ཚུལ་ཞེས་བྱའོ། །དཔེར་ན། ཆོས་འཛིནད་ཏོ། །དོན་གྱུརད་ཏོ། །བཀའ་སྩལད་ཏོ། །ཞེས་བྱའོ། །ནོར་ལྷག་གོ །སེམས་བཟང་ངོ༌། དོན་ཡོད་དོ། །ལམ་ཡིན་ནོ། །རིན་ཐོབ་བོ། །ཆོས་བསམ་མོ། །ལས་དཀའ་འོ། །མིང་འགྱུར་རོ།  །
ལྷ་གསོལ་ལོ། །གོས་བྱས་སོ། །ལྟ་བུའོ། །
            གཉིས་པ་ལ་དོན་བཤད་པ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          རྗེས་འཇུག་ཡི་གེ་བཅུ་རྣམས་ལས། །
གང་མིང་མཐའ་ན་བཅུ་པ་གནས། །
དེ་ལ་ཨཱ་ལི་གཉིས་པ་སྦྱར། །
གང་མིང་མཐའ་ན་བརྒྱད་པ་གནས། །
དེ་ལ་གཉིས་པ་ཨུ་ཡང་སྦྱར། །
གང་མིང་མཐའ་ན་གསུམ་པ་གནས། །
དེ་ལ་ཨཱ་ལི་གཉིས་པ་སྦྱར། །
བཞི་པ་དགུ་པ་དངོས་ཀྱང་སྟེ། །
ལས་དང་ཆེད་དང་རྟེན་གནས་དང༌། །
དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །
ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་དེ་རྣམས་ཉིད་ལས། གང་ཡང་རུང་བའི་མིང་གི་མཐའ་ན་ལ་དོན་གྱི་རྣམ་དབྱེ་སྦྱར་བའི་ཆེད་དུ་བཅུ་པ་ས་ཡིག་གནས་པ་དེ་ལ་ཨཱ་ལི་གཉིས་པ་ཨུ་ཡིག་སྦྱར་བས། སུ། ཞེས་གྲུབ་པ་དང༌། དེ་བཞིན་དུ་ཚེག་བར་གཅིག་ཉིད་དུ་མིང་མཐར་བརྒྱད་པ་ར་ཡིག་སྦྱར་ཏེ་གནས་པ་ལྷག་པར་ལྟ་བུའི་ར་དང༌།  ཡང་ར་ཡིག་དེ་ཉིད་ཚེག་བར་ཕྱེས་པ་ལ་ཨུ་ཡིག་ཀྱང་སྦྱར་བའི་རུ་ཞེས་པ་དང༌། གང་ཡང་རུང་བའི་མིང་གི་མཐའ་ན་རྗེས་འཇུག་གསུམ་པ་ད་ཡིག་གནས་པ་དེ་ལ་ཨཱ་ལི་གཉིས་པ་ཨུ་ཡིག་སྦྱར་བའི་དུ་དང༌། རྗེས་འཇུག་བཞི་པ་ན་དང༌། དགུ་པ་ལ་གཉིས་ནི་དབྱངས་ཀྱིས་མ་བརྒྱན་པའི་དངོས་པོ་ཉིད་དུ་གནས་པའང་སྟེ། དངོས་བསྟན་དྲུག་དང༌། ཤུགས་བསྟན་ཏ་ཡིག་ཨུ་ཞུགས་ཀྱི་ཏུ་བཅས་བདུན་པོ་འདི་རྣམས་ནི། ཤར་ཕྱོགས་སུ་འགྲོ་ལྟ་བུ་བྱེད་པ་པོས་བྱ་བ་གང་བྱེད་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་སྒྲ་དང༌། རྟར་རྩྭ་བྱིན་ལྟ་བུ་བྱ་བ་གང་ཞིག་གིས་བྱ་བའི་ཡུལ་དེ་ལ་ཕན་ཐོགས་པའི་རིགས་སུ་གནས་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་སྒྲ་དང༌། དཔྲལ་བ་རུ་སྨེ་བ་ཡོད་ལྟ་བུ་གང་ཞིག་གང་ལ་བརྟེན་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་བདུན་པ་རྟེན་གནས་ཀྱི་སྒྲ་དང༌། འོད་དུ་འཚེར་ལྟ་བུ་ཡུལ་གང་ཞིག་ལ་བྱ་བ་གང་ཞིག་བྱེད་པའི་ཚེ་ལས་དང་བྱ་བ་ངོ་བོ་གཅིག་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་གཉིས་པའི་བྱེ་བྲག་དེ་ཉིད་ཀྱི་སྒྲ་དང༌། ཉི་མ་ཤར་བ་ན་ཆོས་སྟོན་ལྟ་བུ་དུས་བརྗོད་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་བདུན་པའི་བྱེ་བྲག་ཚེ་སྐབས་ཀྱི་སྒྲར་ཤེས་དགོས་ཤིང༌། དེ་དག་ཐམས་ཅད་རྣམ་དབྱེར་སྦྱོར་བ་ན་ལ་སྒྲའི་འཇུག་པ་དང་ཕལ་ཆེར་མཐུན་པ་དང་མཐའི་གསལ་བྱེད་ཡིན་པས་ལ་སྒྲ་ཞེས་ཀྱང་བརྗོད་པར་བྱའོ། །
གཉིས་པ་འགྲེལ་པ་ནི། སུ་རུ་ར་དུ་ན་ལ་ཏུ། །ལ་དོན་རྣམ་པ་བདུན་ཡིན་ཏེ། །རྣམ་དབྱེ་གཉིས་བཞི་བདུན་པ་དང༌། །དེ་ཉིད་ཚེ་སྐབས་རྣམས་ལ་འཇུག །ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། །
ཞེས་པ་སྟེ། སྔར་བཤད་པའི་སུ་རུ་ར་དུ་ན་ལ་ཏུ་བཅས་བདུན་པོ་འདི་རྣམས་ནི། ལ་དོན་རྣམ་པ་བདུན་ཞེས་བྱ་བ་ཡིན་ཏེ། རྣམ་དབྱེ་སྦྱོར་བ་ན་ལ་སྒྲའི་འཇུག་པ་དང་ཕལ་ཆེར་མཐུན་པས་ལ་དོན་དང༌། ཚིག་གྲོགས་ཀྱི་དབང་གི་རྣམ་དབྱེར་གྱུར་ཚེ་ལ་དོན་གྱི་རྣམ་དབྱེ་ཞེས་བྱའོ། །བདུན་པོ་དེ་རྣམས་ལ་སྒྲ་དང་མཐུན་ལུགས་ནི། ཤར་དུ་སོང༌། ཤར་ཕྱོགས་སུ་སོང༌། ལྟ་བུ་ལ་ཤར་ལ་སོང༌། ཤར་ཕྱོགས་ལ་སོང་ཞེས་དུ་དང་སུ་ལ་དང་རྣམ་པ་མཐུན་པ་ལྟར་ཡིན་ཏེ། དཀའ་གསལ་མེ་ལོང་ལས། རྣམ་དབྱེ་གཉིས་བཞི་བདུན་པ་དང༌། །དེ་ཉིད་ཚེ་སྐབས་གསལ་བྱེད་སྒྲ། །སུ་རུ་ར་དུ་ན་ལ་ཏུ། །ཡིན་ཞིང་ཕལ་ཆེར་ལ་སྒྲ་དང༌། །མཐུན་པས་ལ་དོན་རྣམ་དབྱེའང་ཟེར། ཞེས་གསུངས་སོ། །ཤར་དུ་སོང༌། ཞེས་པའི་ཚེ་སོང་བ་ནི་བྱ་བ། དུ་ནི་ལ་དོན། སོང་བ་པོ་ནི་ཤུགས་བསྟན། ཤར་ནི་བྱ་བའི་ཡུལ་དང་ལས་གཉིས་ཀ་ཡིན་ཏེ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར་ཏེ། དཀའ་གསལ་མེ་ལོང་ལས། ལས་དང་བྱ་ཡུལ་དོན་གཅིག་སྟེ། །ཞེས་གསུངས་པའི་ཕྱིར། གང་དུ་བྱ་བ་ཞིག་ཡོད་ཕྱིན་ཆད་བྱེད་པོ་ཡོད་དགོས་པ་དང༌། ལས་ཡིན་ན་བྱེད་པ་པོས་བྱ་དགོས་པ་དང༌། བྱེད་པ་པོ་མེད་ན་བྱ་བ་དང་ལས་མི་སྲིད་པ་ནི། རྩ་ཤེའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ་ལས། བྱེད་པ་པོ་ནི་བྱ་བ་བྱེད་པའི་རྒྱུ་མཚན་གྱིས་འཇོག་པས་བྱ་བ་དང་ལྡན་པ་ཁོ་ནས་བྱེད་པ་པོའི་ཐ་སྙད་འཐོབ་བོ། །ཞེས་དང༌། ཡང་དེ་ཉིད་ལས། ལས་ཡིན་པར་ནི་བྱེད་པ་པོས་བྱས་པའི་རྒྱུ་མཚན་གྱིས་འཇོག་པས་བྱ་བ་དང་ལྡན་པ་ཁོ་ནས་ལས་ཀྱི་ཐ་སྙད་འཐོབ་བོ། ཞེས་དང༌། ཡང་དེ་ཉིད་ལས། བྱེད་པ་པོ་མེད་པའི་ལས་ནི་མི་སྲིད་དེ་མོ་གཤམ་གྱི་བུས་བུམ་པ་བྱེད་པ་བཞིན་ནོ། ཞེས་གསུངས་པ་ལྟར་ཡིན་ནོ། བཤད་མ་ཐག་པའི་ལ་དོན་གྱི་ཡི་གེ་བདུན་པོ་དེ་རྣམས་ནི། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང༌། བཞི་པ་དགོས་ཆེད་དང༌། བདུན་པ་རྟེན་གནས་དང༌། གཉིས་པའི་ནང་ཚན་དེ་ཉིད་དང༌། བདུན་པའི་ནང་ཚན་ཚེ་སྐབས་རྣམས་ལ་ལ་སྒྲ་དང་ཕལ་ཆེར་མཐུན་པར་འཇུག་པ་ནི་དོན་སྦྱོར་ཚུལ་དང༌། རྗེས་འཇུག་སའི་རྗེས་སུ་སུ་དང༌། རྗེས་འཇུག་ག་དང་བ་དང་ད་དྲག་ཅན་གྱི་མཐར་ཏུ་དང༌། ང་དང་ད་དང་ན་དང་མ་དང་ར་དང་ལ་བཅས་ཀྱི་མཐར་དུ་དང༌། འ་དང་མཐའ་མེད་ཀྱི་མཐར་ར་དང་རུ་བཅས་ཐོབ་ཅིང༌། དཔེར་ན། དུས་སུ། འགག་ཏུ། ཁབ་ཏུ། ཀུནད་ཏུ། བསྒྱུརད་ཏུ། སྩལད་ཏུ། ནང་དུ། བོད་དུ། དོན་དུ། ལམ་དུ། བར་དུ། དཔལ་དུ། མདར། མདའ་རུ། ལམ་ཁར། ལམ་ཁ་རུ། ལྟ་བུའོ། ཞེས་སྦྱར་བ་ནི་སྒྲ་སྦྱོར་ཚུལ་ལོ། །འདིར་འ་མཐར་ར་དང་འོག་ཏུ་འ་མཐར་འི་འཐོབ་ཚུལ་སྔོན་གྱི་ཡིག་རྙིང་དག་ཏུ། མདའར། མདའའི། ལྟ་བུར་བཤད་ཀྱང་སྐད་གསར་བཅད་ཀྱིས་འ་ཕྱིས་ནས། མདར། མདའི་ཞེས་བརྗོད་དོ། །དོན་སྟོན་ལས་སུ་བྱ་བ་དང༌། བྱེད་པ་དང་ནི་དགོས་ཆེད་དང༌། འབྱུང་ཁུངས་འབྲེལ་དང་གནས་གཞི་དང༌། འབོད་པའི་སྒྲ་དང་རྣམ་དབྱེ་བརྒྱད། ཅེས་པའི་མཚན་གཞི་རྣམས་སྔར་བཤད་ཟིན་ཏོ། །ངོ་བོ་ནི། དཀའ་གསལ་མེ་ལོང་ལས། དེ་ཡང་ཆོས་རྣམས་ངོ་བོ་ཙམ། །བརྗོད་པ་རྣམ་དབྱེ་དང་པོ་སྟེ། །དཔེར་ན་བུམ་པ་ཀ་བ་བཞིན། །གསལ་བྱེད་བོད་ཀྱི་སྐད་ལ་ཉུང༌། །ཞེས་པ་ལྟར། ཆོས་རྣམས་སོ་སོའི་ངོ་བོ་ཙམ་བརྗོད་པའི་སྒྲ་དེ་རྣམ་དབྱེ་དང་པོའི་ངོ་བོ་དང༌། རང་གི་བརྗོད་བྱའི་ངོ་བོ་ཙམ་བརྗོད་པའི་མཉན་བྱར་དམིགས་པ་དེ། རྣམ་དབྱེ་དང་པོ་དོན་སྟོན་པའི་མཚན་ཉིད། དཔེར་ན། བུམ་པ་དང༌། ཀ་བ་ཞེས་པའི་སྒྲ་བཞིན་ནོ། །རྣམ་དབྱེ་གསལ་བྱེད་ཀྱི་སྒྲ་སྔར་བཤད་པའི་ཉིད་སྒྲ་དང་དག་སྒྲ་སོགས་བོད་སྐད་ལ་ཉུང་བ་ཡིན་ནོ།   །རྣམ་དབྱེ་གཉིས་པ་སོགས་ཀྱི་ངོ་བོ་ནི་འཆད་པར་འགྱུར་རོ།  །འོ་ན་ལ་དོན་བདུན་པོ་དེ་རྣམས་རྣམ་དབྱེ་གཉིས་པ་སོགས་ལ་འཇུག་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། དེ་ལ་ལྔ་ལས། དང་པོ་ལ་དོན་བདུན་པོ་དེ་རྣམས་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ལ་འཇུག་ཚུལ་ནི། དཀའ་གསལ་མེ་ལོང་ལས། བྱ་བ་བྱས་པས་བྱ་བའི་ཡུལ། །དེ་འམ་དེ་དང་འབྲེལ་བ་ལ། །ཕན་ཐོགས་མེད་ན་གཉིས་པ་སྟེ། །དཔེར་ན་ཤར་དུ་འགྲོ་ལྟ་བུ། །ཞེས་པའི་དོན་ལྟར། བྱེད་པ་པོས་བྱ་བའི་ཡུལ་ཞིག་ལ་བྱ་བ་བྱས་ཙམ་སྟོན་པའི་མཉན་བྱར་དམིགས་པ། གཉིས་པ་ལས་སུ་བྱ་བའི་མཚན་ཉིད། དཔེར་ན། གཙང་ཕྱོགས་སུ་འོང༌། གྲུབ་ཕུག་ཏུ་གནས། རྒྱལ་ཁབ་ཏུ་གཞུག བཤད་ཟིནད་ཏུ་བསམ། སྒྲ་བསྒྱུརད་ཏུ་སྨྲ། ཕ་རོལད་ཏུ་སོང༌། འདུ་ཁང་དུ་འཚོགས། བོད་དུ་བསྡད། གདན་དུ་ཚེམས། མཐོང་ལམ་དུ་ཕོས། གླུ་གར་དུ་ལྟ། དགའ་ཚལ་དུ་དེང༌། ས་མཐར་སླེབས། ས་མཐའ་རུ་སླེབས། ཆོས་རྭར་རྒྱུ། ཆོས་རྭ་རུ་རྒྱུ། མདུན་ན་བཞུགས། ཐབ་ལ་མེ་བཏང༌། ལྟ་བུའོ། །གཉིས་པ་ལ་དོན་དེ་རྣམས་བཞི་པ་དགོས་ཆེད་ལ་འཇུག་ཚུལ་ནི། དཀའ་གསལ་མེ་ལོང་ལས། ཕན་ཐོགས་ཡོད་ན་བཞི་པ་སྟེ། དཔེར་ན་སློང་ལ་སྦྱིན་ལྟ་བུ། ཞེས་པའི་དོན་ལྟར། བྱེད་པ་པོས་བྱ་བའི་ཡུལ་ཞིག་ལ་བྱ་བ་བྱས་པས་བྱ་བའི་ཡུལ་དེ་ལ་ཕན་ཐོགས་པའི་རིགས་སུ་གནས་པའི་མཉན་བྱར་དམིགས་པ། བཞི་པ་དགོས་ཆེད་ཀྱི་མཚན་ཉིད། དཔེར་ན། དགེ་སློང་ལ་བསོད་སྙོམས་སྦྱིན། ལྟ་བུའོ། དེ་ལ་གཉིས་ལས། དང་པོ་འཇམ་མགོན་ཙོང་ཁ་པ་ཆེན་པོ་སོགས་ཀྱི་རྗེས་སུ་འབྲང་ནས་བྱ་ཡུལ་ལ་ངེས་པར་ཕན་ཐོགས་མེད་ཀྱང་དགོས་པ་གཙོ་བོར་གོ་བའི་དཔེར་བརྗོད་ནི། སངས་རྒྱས་སུ་སྨོན་ལམ་ཐོབ། དཀོན་མཆོག་ཏུ་མཆོད་པ་འབུལ། ཐར་པ་སྒྲུབ་ཏུ་ངེས་འབྱུང་བསྐྱེད། ཤེར་ཕྱིནད་ཏུ་ལྷག་པར་དད། དབང་བསྐུརད་ཏུ་གསོལ་བ་འདེབས། ཕ་རོལད་ཏུ་ཆོས་ཉན། སྤང་དུ་ཆུ་འདྲེན། ལུས་སྨད་དུ་ཤམ་ཐབས་གྱོན། མཆོད་རྟེན་དུ་བསྐོར་བ་གྱིས། སྐལ་མཉམ་དུ་བསླབ་བྱ་སྟོན། བུམ་གཏེར་དུ་རྫས་བསག བསླབ་གྲལ་དུ་འཁོད། སློབ་བུ་འགར་ཆོས་བསྟན། སློབ་བུ་དགའ་རུ་ཆོས་བསྟན། མགྲོན་པོར་མེ་བཏང༌། མགྲོན་པོ་རུ་མེ་བཏང༌།  ཚོགས་ན་ཆོས་བཤད། ཤེར་ཕྱིན་ལ་ཕྱག་འཚལ། ལྟ་བུའོ། །དེ་ལྟར་ཡིན་ཏེ། འགྲེལ་པ་དོན་གསལ་དུ། ཤེས་རབ་ཕ་རོལ་ཕྱིན་པ་ལ་གུས་ཕྱག་འཚལ། ཞེས་པའི་ལ་སྒྲ་འདི་ཕན་ཐོགས་མེད་ཀྱང་རྣམ་དབྱེ་བཞི་པ་ཡིན་པའི་ཕྱིར་ཏེ། ལེགས་བཤད་རིན་པོ་ཆེ་གསེར་གྱི་འཕྲེང་བ་ལས། གང་ལ་ན་ཤེར་ཕྱིན་ལའོ། །དེ་ལ་ཤེར་ཕྱིན་ནི་འཆད་པར་འགྱུར་ཞིང༌། ལ་ནི་ཤིང་གི་ཆེད་དུ་ཆུ་འདྲེན་པ་ལ་ཤིང་ལ་ཆུ་འདྲེན་ཞེས་པ་ལྟར། ཤེར་ཕྱིན་ཀྱི་ཕྱིར་དུ་ཕྱག་འཚལ་བ་ལ་དེ་ལ་ཕྱག་འཚལ་ཞེས་དགོས་ཆེད་ཀྱི་བཞི་པའོ། །ཞེས་དང༌། གནས་བརྒྱད་བསྟན་པ་ལས་ཀྱང༌། འདི་ཡང་བཞི་པའི་ལ་ཡིན་གྱི གཉིས་པ་དང་བདུན་པར་མི་བལྟའོ། །ཞེས་གསུངས་པས་སོ། །དེའི་ཆེད་དུ། དེའི་སླད་དུ། དེའི་ཆེད་ལ། དེའི་དོན་དུ། དེའི་དོན་ལ། དེའི་ཕྱིར་དུ་ལྟ་བུ་ནི་དགོས་ཆེད་གསལ་བྱེད་ཀྱི་སྒྲའོ། །གཉིས་པ་སི་ཏུ་འགྲེལ་ཆེན་སོགས་ཀྱི་རྗེས་སུ་འབྲང་ནས་བྱ་བའི་ཡུལ་དེའམ་དེ་དང་འབྲེལ་བའི་ལས་ལ་ངེས་པར་ཕན་ཐོགས་དགོས་པའི་དཔེར་བརྗོད་ནི། སེམས་སུ་བསྐུལ་ལྕགས་གྱིས། ཁོག་ཏུ་སྨན་བླུགས། རྒྱབ་ཏུ་སྔས་སྤྲད། སློབ་མ་འཚོགས་ཟིནད་ཏུ་ཆོས་བཤད། གནས་བསྐོརད་ཏུ་སྦྱིན་པ་གཏོང༌། ཕ་རོལད་ཏུ་སྨན་བཏང། འབྲོང་དུ་རྩྭ་འཕངས། བོད་དུ་དགྲ་བཏུལ། དགེ་འདུན་དུ་བསྙེན་བསྐུར་ཞུས། ཁྱིམ་དུ་འབྲུ་ནོར་སྤེལ། རྒྱ་གར་དུ་ལོ་ལེགས། རང་ཡུལ་དུ་ནོར་བསྒྲུབ། གྲོང་མཐར་ནོར་འགྱེད། གྲོང་མཐའ་རུ་ནོར་འགྱེད། ནད་པར་སྨན་སྦྱིན། ནད་པ་རུ་སྨན་སྦྱིན། ཞིང་ན་ཆུ་བཏང༌། བཀྲེས་པ་ལ་ཟས་སྤྲད། ལྟ་བུའོ། གསུམ་པ་ལ་དོན་དེ་རྣམས་བདུན་པ་བརྟེན་གནས་ལ་འཇུག་ཚུལ་ནི། དཀའ་གསལ་མེ་ལོང་ལས། གང་ཞིག་གང་ལ་བརྟེན་པའམ། །གནས་དང་ཡོད་པའི་དོན་ཙམ་ལས།  །བྱ་བ་གཏན་ནས་མི་བྱེད་ན། །རྣམ་དབྱེ་བདུན་པ་གནས་གཞི་སྟེ། །དཔེར་ན་སྟེང་དུ་མི་ཡོད་ལྟར། །ཞེས་པའི་དོན་ལྟར། བྱ་བ་གཏན་ནས་མི་བྱེད་པར་གང་ཞིག་གང་ལ་གནས་པར་སྟོན་པའི་རིགས་སུ་གནས་པའི་མཉན་བྱར་དམིགས་པ། བདུན་པ་བརྟེན་གནས་ཀྱི་མཚན་ཉིད། དཔེར་ན། བྱམས་ཆོས་སུ་རྒྱ་ཆེ་བའི་ལམ། སྤྱོད་འཇུག་ཏུ་སྦྱིན་སོགས་དྲུག རྩ་བ་ཤེས་རབ་ཏུ་རབ་བྱེད་ཉེར་བདུན། ཕར་ཕྱིནད་ཏུ་དོན་བདུན་ཅུ། རབ་འབྱོརད་ཏུ་ཤེར་ཕྱིན། འགྲེལ་པ་དོན་གསལད་ཏུ་དངོས་པོ་བརྒྱད། བསྡུས་བཞུང་དུ་རིགས་ལམ། མཛོད་དུ་ཁམས་ཀྱི་རབ་དབྱེ། དག་ཡིག་ངག་སྒྲོན་དུ་གསལ་བྱེད་སུམ་ཅུ། རྗེའི་གསུང་འབུམ་དུ་ལམ་རིམ། སྡེབ་སྦྱོར་དུ་ཡི་གེ་ལྕི་ཡང༌། རྣམ་འགྲེལ་དུ་གཏན་ཚིགས་རིག་པ། དབུས་མཐར་སྟོང་ཉིད། དབུས་མཐའ་རུ་སྟོང་ཉིད། དབུ་མ་འཇུག་པར་ཟབ་རྒྱས་ཀྱི་ལམ། དབུ་མ་འཇུག་པ་རུ་ཟབ་རྒྱས་ཀྱི་ལམ། འདུལ་བ་མདོ་རྩ་བ་ན་གཞི་བཅུ་བདུན། ཉེ་བར་འཁོར་ལ་འདུལ་བའི་སྡེ་སྣོད། ལྟ་བུའོ། །ཡང་ན། ཤར་ཕྱོགས་སུ་བརྒྱ་བྱིན། ལག་ཏུ་འཕྲེང་བ། ཁབ་ཏུ་སྐུད་པ། བསྟན་འཛིནད་ཏུ་ཡོན་ཏན། མཐའ་སྐྱོརད་ཏུ་ལྕགས་རི། རབ་གསལད་ཏུ་དཔོན་པོ། བྱང་དུ་རི་རབ། རི་ཁྲོད་དུ་གྲྭ་པ། ལྷ་ལྡན་དུ་ཇོ་བོ། སྒམ་དུ་གྱོན་པ། མཁར་དུ་རྒྱལ་པོ། དཀར་ཡོལ་དུ་ཇ། ནམ་མཁར་འཇའ་ཚོན། ནམ་མཁའ་རུ་འཇའ་ཚོན། ཕོར་པར་བཏུང་བ། ཕོར་པ་རུ་བཏུང་བ། བྲག་ན་ཤུག་པ། སྤང་ལ་བ་ཕྱུགས། ལྟ་བུའོ། །བཞི་པ་ལ་དོན་དེ་རྣམས་གཉིས་པའི་ནང་ཚན་དེ་ཉིད་ལ་འཇུག་ཚུལ་ནི། དཀའ་གསལ་མེ་ལོང་ལས། ཕན་ཐོགས་མེད་ཀྱང་བྱ་ཡུལ་དང༌།  །བྱ་བ་ངོ་བོ་གཅིག་ཡིན་ན།  །གཉིས་པའི་ནང་ཚན་དེ་ཉིད་དེ།     །དཔེར་ན་ལྷ་རུ་གསལ་ལྟ་བུའོ། ། ཞེས་པའི་དོན་ལྟར། བྱེད་པ་པོས་བྱ་བའི་ཡུལ་ཞིག་ལ་བྱ་བ་བྱས་པས་ལས་དང་བྱ་བ་ངོ་བོ་གཅིག་ཏུ་སྟོན་པའི་མཉན་བྱར་དམིགས་པ། གཉིས་པའི་ནང་ཚན་དེ་ཉིད་ཀྱི་མཚན་ཉིད། དཔེར་ན། གོས་སུ་གྱོན། མཆོག་ཏུ་རྒྱལ། ཁབ་ཏུ་གྱུར། ཏིང་འཛིནད་ཏུ་སྒོམ། ངོ་མཚརད་ཏུ་འཛིན། རྣམ་སྤྲུལད་ཏུ་བསྟན། ནང་དུ་མཛེས། འོད་དུ་འཚེར། དོན་དུ་གནས། རྨི་ལམ་དུ་མཐོང༌། སྐྱར་དུ་ལྡབ། ཁལ་དུ་བཀལ། བཀར་གནང༌། བཀའ་རུ་གནང༌། མེར་འབར། ཆུ་རུ་འཁྱིལ། ལག་ན་འདྲེན། ཁ་འདོན་ལ་འདོན། ལྟ་བུའོ། །ལྔ་པ་ལ་དོན་དེ་རྣམས་བདུན་པའི་ནང་ཚན་ཚེ་སྐབས་ལ་འཇུག་ཚུལ་ནི། དཀའ་གསལ་མེ་ལོངས་ལས། ཚེ་སྐབས་གཉིས་དང་དོན་འདྲ་ན། །བདུན་པའི་ནང་ཚན་ཚེ་སྐབས་ཏེ། །དཔེར་ན་ཆུ་ཟླ་ཤར་བ་ན། །ཆོ་འཕྲུལ་དུས་ཆེན་ཚུགས་ལྟ་བུ། །ཞེས་པའི་དོན་ལྟར། བྱེད་པ་པོས་བྱ་ཡུལ་དེར་བྱ་བ་གཏན་ནས་མི་བྱེད་པར་དུས་བརྗོད་པའི་དོན་ཅན་དུ་སྦྱར་བའི་མཉན་བྱར་དམིགས་པ། བདུན་པའི་ནང་ཚན་ཚེ་སྐབས་ཀྱི་མཚན་ཉིད། དཔེར་ན། ནམ་ལངས་སུ་ཁ་འདོན་བགྱིད། ལོ་སྐེག་ཏུ་རིམ་འགྲོ་བྱེད། ས་སྲིབ་ཏུ་ཚ་གསུར་གཏོང༌། རྣམ་པ་ཀུནད་ཏུ་སེམས་ལ་བརྟག དབང་བསྐུརད་ཏུ་བུམ་ཆུ་མྱང༌། སྦྲག་གི་སྔ་རོལད་ཏུ་མི་འབྱོར། ཉིན་གུང་དུ་ཡི་གེ་བྲིས། ནམ་ཕྱེད་དུ་གཉིད་སད། རྒྱུན་དུ་བླ་མ་གསོལ། ཉིན་མཚན་མཉམ་དུ་ས་ལུད་འདྲེན། སྐྱ་རེངས་འཆར་དུ་གསོ་སྦྱོང་ལེན། ཉི་མ་ཕྱེད་ཡོལ་དུ་སྤྲོ་བསངས་བྱས། དུས་མཐར་ཆོས་ལ་འགྲུས། དུས་མཐའ་རུ་ཆོས་ལ་བརྩོན། ནང་དུ་སྡོད་ཁར་དགེ་སྦྱོར་བྱས། །ཉི་མ་འཆར་ཁ་རུ་གཏོར་མ་གཏོང༌། ཟླ་བ་དང་པོ་ཤར་བ་ན་སྨོན་ལམ་ཚུགས། བཞི་པའི་བཅོ་ལྔ་ལ་སྟོང་མཆོད་གྱིས། །ལྟ་བུའོ། །དེ་རྣམས་ནི་ནམ་ལངས་ཀྱི་སྐབས། ནམ་ལངས་ཀྱི་ཚེ་ལྟ་བུ་དུས་བརྗོད་པའི་དོན་དུ་གྱུར་པའི་ཕྱིར་ཚེ་སྐབས་ཞེས་བྱའོ། །འོ་ན་དེ་ཙམ་དུ་ཟད་དམ་ཞེ་ན།
            རྩ་འགྲེལ་གཉིས་སུ་དངོས་སུ་མ་བཤད་ཀྱང་བཤད་མ་ཐག་པའི་ལ་དོན་རྣམས་ཀྱི་ནང་ནས།  ན་ལ་གཉིས་པོ་དེ་ལ་དོན་གྱི་འཇུག་ཚུལ་གཞན་ཡང་ཡོད་དེ། ནའི་སྒྲ་དམིགས་ཀྱིས་དབྱེ་བ་སོགས་དང༌། ལའི་སྒྲ་གཉིས་པ་སོགས་ལ་འཇུག་པར་སྨྲ་སྒོ་ལས་བཤད་པས་སོ། །དང་པོ་ནའི་སྒྲ་ནི།
སྨྲ་སྒོ་ལས། ན་ཞེས་བྱ་བའི་ཚིག་གི་དོན།  །དམིགས་ཀྱིས་འབྱེད་དང་རྒྱུ་མཚན་དང༌། །རྒྱུ་མཚན་དོན་གྱིས་བསྟན་པ་དང༌།  །ལས་དང་ཆེད་དང་རྟེན་གནས་དང༌། །ཕྱི་ཚིག་དེ་གཞན་སོགས་སྟོན་དང༌།  །འོས་པར་དཀའ་བ་ཚིག་འཛིན་དང༌། །ཕྱི་ཚིག་ངེས་པར་བྱེད་པ་དང༌། །དེ་ལས་བཟློག་པ་ཉིད་དང་ནི། །འགལ་བའང་མི་འགལ་སྟོན་པ་དང༌།  །སྨོན་དང་འདྲི་དང་ཐེ་ཚོམ་གཞི། །ཚེ་སྐབས་རྣམས་ལ་འདི་མཐོང་ངོ༌། །
ཞེས་པའི་དོན་ལྟར་ལས། དམིགས་ཀྱི་དབྱེ་བའི་དོན་དུ་སྦྱར་བ་ནི། དངོས་སུ་ན། མདོར་བསྡུ་ན། ཡིན་གྲང་ན། དེ་ལ་ཕྱེ་ན། དབྱེ་ན། ལྟ་བུའོ། །རྒྱུ་མཚན་གྱི་དོན་དུ་སྦྱར་བ་ནི། འདི་ཡོད་ན་འདི་འབྱུང༌།  མེ་ཡོད་ན་དུ་བ་འབྱུང༌། གང་བྱས་ན་མི་རྟག་གོ །ལྟ་བུའོ། །རྒྱུ་མཚན་དོན་གྱིས་བསྟན་པའི་དོན་དུ་སྦྱར་བ་ནི། འདིར་ཤིང་ཡང་མེད་ན་ཙན་དན་ཇི་ལྟར་ཡོད། འདུས་མ་བྱས་ཡིན་ན་མི་རྟག་པར་རུང་ངམ། འདི་ན་དུ་བ་མེད་ན་མེ་གང་དུ་ཡོད། ལྟ་བུའོ། །གཉིས་པ་ལས་སུ་བྱ་བ་དང༌། བཞི་པ་དགོས་ཆེད་དང༌། བདུན་པ་རྟེན་གནས་ལ་འཇུག་པ་དེ་གསུམ་ནི་སྔར་བཤད་ཟིན་པ་ལྟར་རོ། །སྔ་མ་དེ་ལས་ཚིག་ཕྱི་མ་འགལ་བའམ་མ་ཡིན་པ་སོགས་སྟོན་པའི་དོན་དུ་སྦྱར་བ་ནི། འདི་སྔོན་དུ་སྡིག་པ་སྤྱོད་པ་ཞིག་ན་ད་ནི་དགེ་བ་ལ་ཡིད་འཇུག་པར་བྱེད་དོ། །འདི་སྔོན་ནོར་གྱིས་དབུལ་བ་ཡིན་ན་ད་ནི་དབུལ་པོ་མ་ཡིན་ནོ། །འདི་སྔ་ལོ་གྲྭ་བ་ཡིན་ན་ད་ལྟ་ཁྱིམ་པར་གྱུར་ཏོ། །ལྟ་བུའོ། འོས་པར་དཀའ་བ་སྟེ་མི་འོས་པའི་ཚིག་གམ་ཚོད་འཛིན་པའི་སྒོ་ནས་ཚིག་དོན་ཕྱི་མ་ངེས་པར་བྱེད་པའི་དོན་དུ་སྦྱར་བ་ནི། ལྷས་བཏུད་ན་མིས་ལྟ་ཅི་སྨོས། ལུས་ངག་ཡིད་ཀྱི་ཉེས་སྤྱོད་ལེགས་པར་མ་བསྡམ་ན་ཚུལ་ཁྲིམས་རང་ཤུགས་ཀྱིས་རྣམ་པར་མི་དག་གོ །རབ་བྱུང་རྣམས་ཁྱིམ་ལ་འཁྲེན་པར་བྱེད་ན་ཁྱིམ་པ་རྣམས་ལྟ་ཅི་སྨོས། །ལྟ་བུའོ།  །དེ་ལས་བཟློག་པ་འོས་པ་ནན་གྱིས་བཟུང་ནས་ཕྱི་ཚིག་ངེས་པར་བྱེད་པའི་དོན་དུ་སྦྱར་བ་ནི། ཁྱིམ་པ་ལྟ་འདོད་པ་ལ་སྲེད་ན་རབ་བྱུང་རྣམས་ཀྱང་འདོད་པ་ལ་སྲེད་པར་བྱེད་དོ།  །དུད་འགྲོ་རྣམས་བླུན་པོ་ཉིད་ཡིན་ན་མི་འགའ་ཡང་དེ་ལྟ་བུ་དག་མཐོང་ངོ༌། གང་ཁ་བ་ཡིན་པ་རྣམས་དཀར་བ་ཉིད་ན་ཁ་བཏགས་ཀྱང་དེ་འདྲ་བ་དམིགས་སོ། །ལྟ་བུའོ། །འགལ་བའང་མི་འགལ་བར་སྟོན་པ་ལ་འཇུག་པའི་དོན་དུ་སྦྱར་བ་ནི། པྲ་ཏིས། ཀུན་རྫོབ་ཏུ་ཡོད་ན་དོན་དམ་པར་ནི་ཡོད་པ་མ་ཡིན་ནོ་ལྟ་བུའོ། །འདི་བརྟག་པར་བྱ་བའི་གཞིའོ། །ཞེས་གསུངས། སི་ཏུས། དོན་དམ་དུ་དབྱེར་མེད་ན་ཀུན་རྫོབ་ཏུ་དབྱེར་ཡོད་ལྟ་བུ་དཔེར་བརྗོད་པས། ཕྱི་ཚིག་དེ་གཞན་སོགས་སྟོན་དང༌། ཞེས་པའི་བསྟན་བྱ་དང་ཟློས་པར་འགྱུར་ཞིང༌། ཞེས་གསུངས་པས། གཉིས་ཀས་ཀྱང་དཔེར་བརྗོད་གསལ་བར་མ་བཤད་དོ། །དེ་ཡང་དཔེར་ན། སྒྲ་གང་ཡིན་རྟག་པས་སྟོང་ན་བྱས་པར་འགྱུར་རོ། ། ལྟོ་ལྡིར་བ་འདི་ནི་ཀ་བ་མ་ཡིན་ན་བུམ་པའོ།  །སུམ་རྟགས་འདི་ནི་སྲོང་བཙན་སྒམ་པོས་མ་གསུངས་ན་ཐུ་མིས་ལེགས་པར་བཤད་པའི་བསྟན་བཅོས་སོ།  །ཞེས་སྒྲ་རྟག་པ་དང་འགལ་ཡང་བྱས་པ་དང་མི་འགལ་བར་སྟོན་པ་ལྟ་བུའོ། །སྨོན་པའི་དོན་སྦྱར་བ་ནི། བདག་བྱང་ཆུབ་ཐོབ་ན་ཅི་མ་རུང༌། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན་སྙམ་མོ། །བདག་ཚུལ་ཁྲིམས་མ་བསྲུང་ན་སངས་རྒྱས་ཐམས་ཅད་བསླུས་པར་གྱུར་ཅིག ལྟ་བུའོ། །འདྲི་བའི་གཞིར་འཇུག་པ་ལ་སྦྱོར་བ་ནི། བུམ་པ་ཡོད་ན་དེ་ཇི་ལྟར་ཡོད། ཆོས་བཤད་ན་ཇི་སྐད་བཤད། གཏམ་སྨྲས་ན་ཅི་ཞིག་ཟེར། ལྟ་བུའོ། །ཐེ་ཚོམ་གྱི་གཞིའི་དོན་དུ་སྦྱར་བ་ནི། མྱུ་གུ་ལ་རྒྱུ་དགོས་ན་རྒྱུ་གཅིག་གིས་ཆོག་གམ་དུ་མ་དགོས། ས་བོན་བཏབ་ན་འདི་ལས་མྱུ་གུ་འབྱུང་ངམ་མི་འབྱུང༌། ཆོས་ནི་བསྟན་ཟིན་ན་གཞན་གྱིས་རྟོགས་སམ་མ་རྟོགས། ལྟ་བུའོ། །ཚེ་སྐབས་ལ་འཇུག་པ་ནི་བཤད་ཟིན་ཏོ། །
གཉིས་པ་ལའི་སྒྲ་ནི།
སྨྲ་སྒོ་ལས། ལ་ནི་གཉིས་པ་བཞི་པ་དང༌།  །བདུན་པ་སྡུད་དང་སྦྱོར་བ་དང༌། །སྨོན་དང་ཚད་འཛིན་གཞི་དང་ནི།  །ཚེ་སྐབས་དག་ཏུ་འདོད་པ་ཡིན། །
ཞེས་རྣམ་དབྱེ་གཉིས་པ་དང་བཞི་པ་བདུན་པ་ཚེ་སྐབས་བཞི་ལ་འཇུག་ཚུལ་བཤད་ཟིན་ལ། སྡུད་པ་དང་མཚམས་སྦྱོར་བ་དང་སྨོན་པ་དང་ཚད་འཛིན་བཞི་ལ་འཇུག་ཚུལ་ནི། དེའི་འགྲེལ་པར། སྡུད་པ་ལ། ལག་པ་བསྙལ་ལ་ཟས་ཟ་ཞེས་པ་དང༌། མཚམས་སྦྱོར་བ་ལ། འདི་ན་མེ་ཡོད་ལ་འདི་ན་མེད་དོ། །ཞེས་དང༌། སྨོན་པ་ལ། བདག་ནམ་ཞིག་ན་འདི་ལྟ་བུ་ཞིག་ཏུ་གྱུར་ལ་གྱུར་ནས་ཀྱང༌། ཞེས་དང༌། ཚད་འཛིན་ལ། ཅི་ཙམ་ལ། དེ་ཙམ་ལ་ཞེས་པ་རྣམས་བཀོད་མོད། དེ་དག་ཞིབ་གསལ་བྲིས་མ་ནུས་སོ། །
            གསུམ་པ་ཨི་ལྡན་གྱི་རྣམ་དབྱེ་བཤད་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི།
རྩ་བར།              རྗེས་འཇུག་ཡི་གེ་བཅུ་པོ་ལ། །
ཨི་དང་མཐུན་ལུགས་འདི་ཞེས་བྱ། །
ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་དེ་དག་གང་རུང་རྗེས་སུ་ཞུགས་པའི་མིང་རྣམས་ལ། ཨི་ཡིག་དང་སྦྱར་བའི་རྣམ་དབྱེའི་ཕྲད་རྣམས་ཇི་ལྟར་མཐུན་པར་སྦྱོར་བའི་ལུགས་ནི་འདི་དང་འདིའོ་ཞེས་བསྟན་པར་བྱའོ།  །ཞེས་པའོ། །
གཉིས་པ་ལ་གཉིས། འབྲེལ་སྒྲ་བཤད་པ་དང༌། བྱེད་པ་པོའི་སྒྲ་བཤད་པའོ། །དང་པོ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          དང་པོ་གཉིས་ལ་དང་པོ་མཐུན། །
གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །
བདུན་པ་ཉིད་ལ་བདུན་པ་སྟེ། །
ལྷག་མ་རྣམས་ལ་གྱ་སྦྱར་བ། །
དེ་དག་ཨི་སྦྱར་འབྲེལ་བའི་ས། །
ཞེས་པ་སྟེ། རྗེས་འཇུག་བཅུའི་དང་པོ་ག་དང་ང་གཉིས་གང་རུང་རྗེས་སུ་ཞུགས་པའི་མིང་རྣམས་ལ་ནི། རྗེས་འཇུག་དང་པོ་ག་ཉིད་མཐུན་ཞིང༌། དེ་བཞིན་རྗེས་འཇུག་གསུམ་པ་ད་དང༌། ལྔ་པ་བ་དང༌། བཅུ་པ་ས་རྣམས་ཀྱི་རྗེས་སུ་ཀྱ་དང་སྦྱར་བ་དང༌། བདུན་པ་འ་ཡིག་གི་མཐའ་ཅན་རྣམས་ལ་དངོས་སུ་འ་ཡིག་ཡོད་དམ་མེད་ཀྱང་རུང་བདུན་པ་འ་ཉིད་སྦྱར་བ་དང༌། ཤུགས་བསྟན་འ་མཐའ་ཅན་ལ་རྐང་པ་ཁ་སྐོང་དགོས་པའི་ཚེ་ཡ་ཡིག་སྦྱར་བ་དང༌། དེ་དག་ལས་གཞན་ལྷག་མ་ན་མ་ར་ལ་བཞི་པོའི་མཐའ་ཅན་རྣམས་ལ་གྱ་ཉིད་སྦྱར་བ་མཐུན་པར་བཅས།  དེ་དག་ཐམས་ཅད་ལ་རིམ་པ་བཞིན་ཨི་ཡིག་སྟེ་གི་གུ་སྦྱར་བས། གི ཀྱི། འི། ཡི། གྱི་རྣམས་སུ་གྲུབ་པ་དེ་རྣམས་གང་ཞིག་གང་དང་སྒྲ་མཐུན་པའི་མིང་མཐའ་སོ་སོ་དང་སྦྱར་བས། བདག་གི །གང་གི །ཁྱོད་ཀྱི། རྒྱབ་ཀྱི། གཡས་ཀྱི། དེའི། དེ་ཡི། མདུན་གྱི། ལམ་གྱི། གསེར་གྱི །དངུལ་གྱི་སོགས་སུ་འགྱུར་ཏེ། མིང་དོན་ཕན་ཚུན་འབྲེལ་བ་བརྗོད་པའི་དོན་ཅན་གྱི་སྒྲ་ཡིན་པས་རྣམ་དབྱེ་དྲུག་པ་འབྲེལ་བའི་ས་ཞེས་བྱའོ། །ཞེས་པའོ།  །
            གཉིས་པ་འགྲེལ་པ་ནི། གི་ཀྱི་གྱི་འི་ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང༌། །ཞེས་པ་སྟེ། རྩ་བར་བཤད་པའི་གི་དང་ཀྱི་དང་གྱི་དང་འི་དང་ཡི་ལྔ་པོ་དེ་རྣམས་ནི། རྟེན་དང་བརྟེན་པའམ། ཡན་ལག་དང་ཡན་ལག་ཅན་ནམ། གཞི་ཕན་ཚུན་མཐུན་པ་སྟེ། མིང་དོན་ཕན་ཚུན་འབྲེལ་བ་བརྗོད་པའི་དོན་ཅན་གྱི་སྒྲ་ཡིན་པས་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང༌། སྦྱོར་ཚུལ་གསུམ་དྲུག་གཉིས་ལ་ཐུན་མོང་དུ་བཤད་པ་ལྟར། རྗེས་འཇུག་ན་མ་ར་ལ་བཞིའི་མཐར་གྱི་དང༌། ད་བ་ས་གསུམ་གྱི་མཐར་ཀྱི་དང༌། ག་ང་གཉིས་ཀྱི་མཐར་གི་དང༌། འ་དང་མཐའ་མེད་ཀྱི་མཐར་འི་དང་རྐང་པ་ཁ་སྐོང་བའི་ཚེ་ཡི་འཐོབ་བོ། །དེའི་ཚུལ་ཡང༌། མདུན་གྱི ལམ་གྱི གར་གྱི དཔལ་གྱི ཁྱོད་ཀྱི རྒྱབ་ཀྱི། ཆོསཀྱི། མིག་གི གང་གི དཀའ་འི། དེའི། དེ་ཡི། ལྟ་བུ་གང་ཞིག་གང་དང་སྒྲ་མཐུན་པའི་མིང་མཐའ་སོ་སོ་དང་སྦྱར་རོ། །དེ་ཡང༌། དཀའ་གསལ་མེ་ལོང་ལས། བྱ་བ་གཏན་ནས་མི་བྱེད་པར། །སྔ་ཕྱི་འབྲེལ་བྱེད་ཙམ་སྟོན་ན། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྟེ། །དཔེར་ན་བདག་གི་མིག་ལྟ་བུ། །ཞེས་པའི་དོན་ལྟར། བྱ་བ་གཏན་ནས་མི་བྱེད་པར་ཚིག་དོན་སྔ་ཕྱི་འབྲེལ་བྱེད་ཙམ་དུ་སྟོན་པའི་མཉན་བྱར་དམིགས་པ། དྲུག་པ་འབྲེལ་སྒྲའི་མཚན་ཉིད། དེ་ལ་དབྱེ་ན།  རྟེན་དང་བརྟེན་པའི་འབྲེལ་སྒྲ། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་སྒྲ། གཞི་ཕན་ཚུན་མཐུན་པའི་འབྲེལ་སྒྲ་དང་གསུམ་མོ།  །དང་པོ་རྟེན་དང་བརྟེན་པ་ཅན་གྱི་འབྲེལ་སྒྲ་ནི། དཔེར་ན། ཁྲིག་དགོན་གྱི་དགེ་འདུན། འབུམ་གྱི་བཞུགས་ཁང༌། དུང་དཀར་གྱི་སྒྲ། སྐྱེད་ཚལ་གྱི་ཤིང༌། རི་ཁྲོད་ཀྱི་གྲྭ་པ། ཐབ་ཀྱི་མེ། ལ་དྭགས་ཀྱི་མི། ལུག་གི་བལ། ཞིང་གི་མྱུ་གུ། གྲོག་མཐའི་གྲོང་པ། གྲོག་མཐའ་ཡི་གྲོང་པ། མེའི་དུ་བ། མེ་ཡི་དུ་བ། ལྟ་བུའོ། །གཉིས་པ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་སྒྲ་ནི། ཞུགས་གདན་གྱི་ནང་ཤ ལྕགས་སྒམ་གྱི་ཁེབས་གཅོད། དཀྱིལ་འཁོར་གྱི་རི་མོ། །མཎྜལ་གྱི་ལྕགས་རི། བྱ་རྒོད་ཀྱི་གཤོག་པ། ཁབ་ཀྱི་མིག ཆོས་གོས་ཀྱི་གྲྭ  སྟག་གི་སྡེར་མོ། །འདུ་ཁང་གི་གྲུ་ཁུག མེ་མདའི་མདེའུ། མེ་མདའ་ཡི་མདེའུ། མིའི་ལག་པ། མི་ཡི་ལག་པ། ལྟ་བུའོ། །གསུམ་པ་གཞི་མཐུན་གྱི་འབྲེལ་སྒྲ་ནི། ཙན་དན་གྱི་ཀ་བ། སྨོན་ལམ་གྱི་བསྔོ་བ། གསེར་གྱི་མཆོད་ཀོང༌། དངུལ་གྱི་ཏིང༌། ཡོ་བྱད་ཀྱི་ལྷུང་བཟེད། ཁང་རྒྱབ་ཀྱི་ས་གཞི། རས་ཀྱི་ཆོས་གོས། གང་ཟག་གི་ང༌། ཤིང་གི་སྒམ་ཅོག  ནམ་མཁའི་དངོས་མེད། ནམ་མཁའ་ཡི་དངོས་མེད། འོ་མའི་ཇ། འོ་མ་ཡི་ཇ།  ལྟ་བུའོ། །འདིར་དངོས་སུ་མ་བཤད་ཀྱང་ད་དྲག་ཅན་གྱི་མཐར་ཀྱི་འཐོབ་པ་པྲ་ཏི་དང་སི་ཏུ་གཉིས་ཀས་བཤད་པ་ལྟར། ཀུནད་ཀྱི་དཔལ། རྣམ་ཐརད་ཀྱི་སྒོ། ཕྱི་རོལད་ཀྱི་ཁང་པ། ལྟ་བུར་སྦྱར་ན་ལེགས་པར་མཐོང་ངོ༌། །གི་ལ་སོགས་པ་དེ་རྣམས་རྣམ་དབྱེ་དྲུག་པ་མ་ཡིན་པ་གཞན་ལའང་འཇུག་པ་ཡོད་དེ། ཕྱི་ཚིག་འགལ་བ་ལ་འཇུག་པ་ནི། བདག་ཅག་གི་སྟོན་པ་ནི་ཤཱཀྱ་ཐུབ་པ་ཉིད་ཡིན་གྱི།  རྫོགས་བྱེད་སོགས་ནི་ཕྱི་རོལ་པའི་སྟོན་པའོ། །འདི་ནི་བདེན་གྱི་གཞན་ནི་བརྫུན་ནོ། །ལྟ་བུ་དང༌། མི་མཐུན་པར་སྟོན་པའི་ཚིག་གི་རྒྱན་ལ་འཇུག་པ་ནི། དེ་ལྟར་འཐད་མོད་ཀྱི་འོན་ཀྱང་ཞེས་དང༌། མ་བྱུང་ཚེ་དེ་ཙམ་གྱི་ཆོག་གི་བྱུང་ན་བསྣན་དགོས་སོ། །ལྟ་བུ་དང༌། དོན་དེ་ཁོ་ནར་ངེས་པར་བཟུང་ནས་གཞན་འགོག་པ་ལ་འཇུག་པ་ནི། བུམ་པ་ནི་རྫས་སུ་གྲུབ་ཀྱི་རྫས་ཀྱིས་སྟོང་བ་མ་ཡིན་ནོ། །འདི་ནི་རྒྱུ་ལས་བྱུང་གི་རྒྱུ་མེད་ལས་མི་འབྱུང་ངོ་།  །དགེ་སློང་དག་སྲོག་དང་བྲལ་ཞིང་ཤི་བ་ནི་བླ་ཡི། །ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ།  །ལྟ་བུ་རྣམས་སུ་ཡོད་པས་སོ། །
            གཉིས་པ་བྱེད་པ་པོའི་སྒྲ་བཤད་པ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          དེ་ཉིད་ལ་ནི་བཅུ་པ་སྦྱར། །
བྱེད་པ་པོ་རུ་ཤེས་པར་བྱ། །
ཞེས་པ་སྟེ། སྔར་བཤད་པའི་རྣམ་དབྱེ་དྲུག་པའི་སྒྲ། གི  ཀྱི། འི། ཡི། གྱི་སྟེ་ལྔ་པོ་དེ་དག་ཉིད་ལ་རྗེས་འཇུག་བཅུ་པ་ས་ཡིག་སྦྱར་བས་གིས། ཀྱིས། འིས། ཡིས།  གྱིས་རྣམས་སུ་གྲུབ་པ་ནི་རྣམ་དབྱེ་གསུམ་པ་བྱེད་པ་པོའི་ས་རུ་ཤེས་པར་བྱའོ། །ཞེས་པའོ། །
གཉིས་པ་འགྲེལ་པ་ནི། དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། །སྦྱོར་ཚུལ་ན་མ་ར་ལ་གྱི །ད་བ་ས་ཀྱི་ག་ང་གི །འ་དང་མཐའ་མེད་འི་དང་ཡི། །
ཞེས་པ་སྟེ། སྔར་བཤད་པའི། གི ཀྱི། གྱི། འི། ཡི་ལྔ་པོ་དེ་རྣམས་ལ་རྗེས་འཇུག་ས་ཡིག་སྦྱར་བའི་ས་མཐའ་ཅན་གིས་དང༌། ཀྱིས་དང༌། གྱིས་དང༌། འིས་དང༌། ཡིས་ལྔ་ནི་བྱ་བ་ལ་སྦྱོར་བར་སྟོན་པས་རྣམ་དབྱེ་གསུམ་པ་བྱེད་སྒྲ་ཞེས་བྱ་སྟེ། དེའི་དོན་ལ་གནས་པས་སོ། །སྦྱོར་ཚུལ་སྔར་ལྟར་རྗེས་འཇུག་ན་མ་ར་ལ་བཞིའི་མཐར་གྱིས་དང༌། ད་བ་ས་དང་ད་དྲག་ཅན་གྱི་མཐར་ཀྱིས་དང༌། ག་ང་གཉིས་ཀྱི་མཐར་གིས་དང༌། འ་དང་མཐའ་མེད་ཀྱི་མཐར་འིས་དང་ཡིས། ཁ་སྐོང་བའི་ཚེ་ཡིས་འཐོབ་བོ། །དེའི་ཚུལ་ཡང༌། གཞན་གྱིས།  ལམ་གྱིས། གཏེར་གྱིས། ཁྱོད་ཀྱིས། རབ་ཀྱིས། ཕྱོགས་ཀྱིས། ཀུནད་ཀྱིས། མཚརད་ཀྱིས། ཟིལད་ཀྱིས། ལག་གིས། གདོང་གིས། གཉའ་འིས། གཉའིས། ལྷ་ཡིས། ལྷས། ལྟ་བུ་སྦྱར་ཞིང༌། འོན་ཀྱང་འ་མཐར་འིས་ཞེས་པ་སྐད་གསར་བཅད་ཀྱི་ལུགས་ལ་མི་བྱུང་བ་ནི་ཡི་གེ་ཟོར་ཡང་བའི་ཆེད་དུ་འ་མཐའ་ཕལ་ཆེར་བསྡུས་པ་བཞིན་འིས་ཞེས་པའི་འི་ཡིག་ཕྱིས་ནས་བསྡུས་པར་ཟད་ཀྱི་ཐོབ་ཐང་མེད་པས་ནི་མ་ཡིན་པར་ཤེས་དགོས་སོ། །དཀའ་གསལ་མེ་ལོངས་ལས། རྣམ་དབྱེ་གང་ལ་སྦྱོར་ཡུལ་དེས།  །ཉེ་འགྱང་གང་དུ་བྱ་བ་ཞིག བྱས་ན་གསུམ་པ་བྱེད་སྒྲ་སྟེ། །དཔེར་ན་བདག་གིས་བཤད་ལྟ་བུ། །ཞེས་པའི་དོན་ལྟར། རྣམ་དབྱེ་གང་ལ་སྦྱོར་ཡུལ་དེར་ཉེ་འགྱང་གང་རུང་དུ་བྱ་བ་བྱས་པར་སྟོན་པའི་མཉན་བྱར་དམིགས་པ། གསུམ་པ་བྱེད་སྒྲའི་མཚན་ཉིད།  དེ་ལ་དབྱེ་ན། བྱ་བ་ཉེ་བར་བྱས་པ་དང༌། བྱ་བ་འགྱང་བར་བྱས་པ་གཉིས།  དང་པོ་ནི། དཔེར་ན། གཞན་གྱིས་གོ །དུག་གསུམ་གྱིས་མྱོས། གསེར་གྱིས་ཉོས། ཞལ་གྱིས་བཞེས། ཁྱོད་ཀྱིས་བཤད། ཤེས་རབ་ཀྱིས་དཔྱད། སྲས་ཀྱིས་ཉན། མི་ཀུནད་ཀྱིས་བསྟོད། རབ་འབྱོརད་ཀྱིས་གསུངས། ཟིལད་ཀྱིས་ནོན། བདག་གིས་ཐོས། རང་གིས་བྱས། སེམས་དཔའིས་བསླབ། སེམས་དཔས་བསླབ། སེམས་དཔའ་ཡིས་བསླབ། ཀླུ་ཡིས་ནོར་སྦྱིན། ཀླུས་ནོར་སྦྱིན།  ལྟ་བུའོ། །གཉིས་པ་ནི། དགེ་བའི་བཤེས་གཉེན་གྱིས་ལུང་དང་རིགས་པ་དང་གཏན་ཚིགས་དང་དཔེ་དང་བཅས་ཏེ་སློབ་མའི་རྒྱུད་ལ་ཐར་པའི་ས་བོན་དང་ལམ་གྱི་དམིགས་རྣམ་ཐམས་ཅད་མྱུར་དུ་བསྐྱེད་པར་བྱེད་དོ། །ལྟ་བུའོ། འདིའི་ཉེ་འགྱང་ནི་བྱེད་ཚིག་དང་བྱ་ཚིག་བར་ཐག་ཉེ་འགྱང་ལ་བྱ་ཞིང༌། པཎ་ཆེན་ཆོས་ཀྱི་ཉི་མའི་ལྗོན་འགྲེལ་ལས། མིག་གིས་བལྟས་ལྟ་བུ་བྱ་བ་ཉེ་བར་བྱས་པ་དང༌། སྣ་ཡིས་ཀྱང་རིང་པོ་ནས་སྣུམ་མོ་ཞེས་པ་བྱ་བ་འགྱང་བར་བྱས་པའོ། །ཞེས་གསུངས་པ་ལྟར་ན་ཡུལ་ཉེ་འགྱང་གི་དབང་དུ་བྱས་པ་ཡང་ཡོད་དོ། །
            བཞི་པ་རྒྱན་སྡུད་བཤད་པ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །
ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །
ཞེས་པ་སྟེ། གོང་དུ་བཤད་པའི་འབྲེལ་སྒྲ་དེ་དག་ལས། ཀྱི  འི། ཡི་གསུམ་གྱིས་ཨཱ་ལི་སྟེ་གི་གུ་ཕྱིས་ནས་སོ་སོར་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས། ཀྱང༌། འང༌། ཡང་ཞེས་གྲུབ་པ་དེ་རྣམས་ནི། ཚིག་སྔ་ཕྱི་མཐུན་པ་དང༌། མི་མཐུན་པར་སྟོན་པའི་ཚིག་རྒྱན་གཉིས་དང༌། གཞིའམ་དོན་གཞན་ཞིག་ལ་སྡུད་ཅིང་སྦྱོར་བའི་སྒྲར་འགྱུར་རོ། །ཞེས་པའོ། །གཉིས་པ་འགྲེལ་པ་ནི། ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་ས་དྲག་མཐར་ཀྱང༌། །ང་ན་མ་ར་ལ་མཐར་ཡང༌། །འ་དང་མཐའ་མེད་འང་དང་ཡང༌། །ཞེས་པ་སྟེ། རྩ་བར་བཤད་པ་ལྟར་གྱི་ཀྱང་དང༌། ཡང་དང༌། འང་གསུམ་པོ་དེ་ནི་ཚིག་རྒྱན་གཉིས་དང༌། དོན་གཞན་སྡུད་པའི་སྒྲར་འདོད་དེ།  དེ་གསུམ་གའི་རང་བཞིན་ཅན་ཡིན་པས་སོ། །སྦྱོར་ཚུལ་ནི། རྗེས་འཇུག་ག་དང་ད་དང་བ་དང་ས་དང་ད་དྲག་ཅན་གྱི་མཐར་ཀྱང་དང༌། ང་དང་ན་དང་མ་དང་ར་དང་ལ་བཅས་ཀྱི་མཐར་ཡང་དང༌། འ་དང་མཐའ་མེད་ཀྱི་མཐར་འང་དང་ཡང་ཐོབ་སྟེ། རྟག་ཀྱང༌། འདོད་ཀྱང༌། ཐོབ་ཀྱང༌། ཤེས་ཀྱང༌། རྟེནད་ཀྱང༌། འཛེརད་ཀྱང༌། བསལད་ཀྱང༌། མཐོང་ཡང༌། བདེན་ཡང༌། བསམ་ཡང༌། འགོར་ཡང༌། དཔལ་ཡང། དཀའ་འང༌། དཀའ་ཡང༌། འགྲོའང༌། འགྲོ་ཡང༌། ལྟ་བུ་ཞེས་སྦྱར་རོ། །དེས་ན། ཚིག་སྔ་ཕྱི་མཐུན་མི་མཐུན་སྡུད་པ་ཅི་རིགས་སྟོན་པའི་རབ་ཏུ་ཕྱེ་བའི་མཉན་བྱར་དམིགས་པ། རྒྱན་སྡུད་ཀྱི་སྒྲའི་མཚན་ཉིད། དེ་ལ་དབྱེ་ན་གསུམ་ལས། དང་པོ་ཚིག་སྔ་ཕྱི་མཐུན་པར་སྟོན་པའི་རྒྱན་དུ་གྱུར་པ་ནི། དཔེར་ན། བླ་མ་མཆོག་ཀྱང་མཆོག ཆོས་བཤད་ཀྱང་བཤད། དོན་གྲུབ་ཀྱང་གྲུབ། མདོང་མཛེས་ཀྱང་མཛེས།  ལམ་མཁྱེནད་ཀྱང་མཁྱེན། སྐད་འཛེརད་ཀྱང་འཛེར། ནོར་བསྩལད་ཀྱང་བསྩལ། རིན་བྱུང་ཡང་བྱུང༌། གཏམ་བདེན་ཡང་བདེན། དེ་བསམ་ཡང་བསམ། མདོག་དཀར་ཡང་དཀར། བློ་གསལ་ཡང་གསལ། ཡིད་དགའང་དགའ། ཡིད་དགའ་ཡང་དགའ། གོ་ས་མཐོའང་མཐོ། གོ་ས་མཐོ་ཡང་མཐོ། ལྟ་བུའོ། །གཉིས་པ་ཚིག་སྔ་ཕྱི་མི་མཐུན་པར་སྟོན་པའི་རྒྱན་དུ་གྱུར་པ་ནི། མེས་བསྲེག་ཀྱང་མ་ཚིག རྒྱུ་ཡོད་ཀྱང་སེར་སྣ་ཆེ། ཆོས་ཐོབ་ཀྱང་ཉམས་ལེན་མེད། ལས་བྱས་ཀྱང་དོན་མ་གྲུབ། ཕྱིནད་ཀྱང་མ་སླེབ། ཟེརད་ཀྱང་མ་ཉན། ལྷར་སྤྲུལད་ཀྱང་མ་དད། ཆུ་བཀང་ཡང་མ་ཁེངས། ཕ་མ་ཡིན་ཡང་མ་སྐྱོབ། མགོ་འཐོམ་ཡང་ལུས་བདེ། མདོག་སེར་ཡང་རིན་ཆེ། ལུས་དལ་ཡང་སེམས་ཞོངས༼བྲེལ༽། ཡིད་མཛའང་སླུ། ཡིད་མཛའ་ཡང་སླུ། ཧ་གོའང་མ་བཤད། ཧ་གོ་ཡང་མ་བཤད། ལྟ་བུའོ། །གསུམ་པ་དོན་གཞན་སྡུད་པ་ལ་འཇུག་པ་ནི། དཔེར་ན། བློ་མ་ཟད་མིག་ཀྱང་གསལ། ཁྱོད་ཀྱང་བདེན། ཐབ་ཀྱང་གྲང༌། གཞན་གྱིས་ཀྱང་བཏུད། རྒྱནད་ཀྱང་བཏགས། སྐད་བསྒྱུརད་ཀྱང་བྱས། ཕ་རོལད་ཀྱང་མཐོང༌། གདོང་ཡང་འཁྲུས། ལས་དོན་ཡང་སྒྲུབ། སྐོམ་ཡང་གསོ། མར་དཀར་ཡང་ཚོངས། ཟངས་མ་ཟད་དངུལ་ཡང་ཉོ། དོན་དཀའང་བགྱིད།  དོན་དཀའ་ཡང་བགྱིད། བླ་མའང་མཉེས། བླ་མ་ཡང་མཉེས། ལྟ་བུའོ། །རྩ་བ་དང་འདི་གཉིས་སུ་དངོས་སུ་མ་བསྟན་པ་ཅུང་ཟད་བཤད་ན། ཀྱང་ཡང་འང་གསུམ་དོན་གཞན་ལའང་འཇུག་སྟེ། རྩ་ཤེའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ཡང་སྒྲ་ནི་གསུམ་སྟེ། ངེས་བཟུང་དང༌། རྣམ་པར་བརྟག་པ་དང༌། སྡུད་པའི་དོན་ཅན་ནོ། །ཞེས་དོན་གསུམ་ལ་འཇུག་པར་གསུངས་སོ། །དེ་ལ་ངེས་བཟུང་ནི། དཔེར་ན། བུམ་པ་མི་རྟག་པ་ཡང་ཡིན་སྐད་ཅིག་མ་ཡང་ཡིན། ཞེས་པ་ལྟ་བུའོ། །རྣམ་པར་བརྟག་པ་ནི། འོན་ཀྱང་དཔྱད་པར་བྱའོ། །ཞེས་པ་ལྟ་བུ་སྟེ། ཟླ་དགའི་ཡན་ལག་བརྒྱད་པའི་འགྲེལ་པ་ལས། འོན་ཀྱང་ནི་རྣམ་པར་བརྟག་པའོ། །ཞེས་གསུངས་པའི་ཕྱིར། སྡུད་པ་ནི། བླ་མའང་ཐུགས་མཉེས། ཞེས་སོགས་སྔར་བཤད་པ་ལྟ་བུའོ། །དེ་ལ་གཉིས་ལས།  དང་པོ་གོང་མས་འོག་མ་སྡུད་པ་ནི། ཆོས་ཀྱང་དྲན་ཏེ། ཆོས་མ་ཡིན་པ་མིན་ནོ། །ལྟ་བུའོ། །གཉིས་པ་འོག་མས་གོང་མ་སྡུད་པ་ནི། ལྷས་ཆར་ཕབ་སྟེ། ཀླུས་ཀྱང་འབེབས་སོ། །ལྟ་བུའོ། གཞན་ཡང༌། སྨོད་པ་ལ་འཇུག་པ་ནི། པོ་ཏི་ལྔ་ལ་སྦྱངས་ཀྱང་སྔོན་རྗེས་ཀྱི་ཡི་གེ་ཙམ་ལེགས་པར་མི་ཤེས་སོ། ། ལྟ་བུའོ། །དྲི་བ་ལ་འཇུག་པ་ནི། དུ་བ་ཡོད་ན་མེ་ཡོད་མོད་དུ་བ་མེད་ཀྱང་མེ་ཅི་ལྟར་ཡོད། ལྟ་བུའོ། །དོགས་པ་ལ་འཇུག་པ་ནི། གོང་བུ་འདི་བ་ལང་ཡིན་ཡང་ན་བ་མེན་ཡིན།  ལྟ་བུའོ། །ཐེ་ཚོམ་མེད་པ་ལ་འཇུག་པ་ནི། སངས་རྒྱས་ཀྱིས་སྒྲིབ་པ་སྤངས་པ་སྨོས་ཀྱང་ཅི་དགོས། ལྟ་བུ་སྟེ། བརྒྱད་སྟོང་འགྲེལ་ཆེན་ལས། སྨོས་ཀྱང་ཅི་དགོས་ཞེས་པ་ནི་སོམ་ཉི་ཅི་ཞིག་མཆིས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར། སྲིད་པ་ལ་འཇུག་པ་ནི། སྔོན་ཆད་མི་སྲིད་ཀྱང་ད་སྲིད། ལྟ་བུའོ། བསྐྱར་བའམ་བསྣན་པའི་སྒྲར་འཇུག་པ་ནི། ཡང་ཡང༌། སླར་ཡང༌། དེ་ནས་ཡང༌། ཡང་གསུངས་པ། ལྟ་བུའོ། །
            ལྔ་པ་ལྷག་བཅས་བཤད་པ་ལ་གཉིས། རྩ་བ་དང༌། འགྲེལ་པའོ།  །
དང་པོ་ནི།          ལ་དོན་སུ་ལ་ཨུ་ཕྱིས་ནས། །
དེ་ལ་གསུམ་པའི་དང་པོ་སྦྱོར། །
དེ་ལ་ཨཱ་ལི་གསུམ་པ་སྦྱར། །
དེ་ནི་ལྷག་མ་དང་བཅས་པའོ། །
ཞེས་པ་སྟེ། སྔར་བཤད་པའི་ལ་དོན་གྱི་ནང་ཚན་སུ་ཞེས་པ་དེའི་ཨུ་ཡིག་སྟེ་ཞབས་ཀྱུ་ཕྱིས་ནས་ས་ཞེས་གནས་པ་དེ་ལ་ཀཱ་ལིའི་སྡེ་པ་གསུམ་པའི་དང་པོ་ཏ་ཡིག་སྦྱར་ཞིང༌། དེ་ལ་སླར་སྟེང་དུ་ཨཱ་ལི་གསུམ་པ་སྟེ་འགྲེང་བུ་སྦྱར་བས། སྟེ་ཞེས་གྲུབ་པ་དང༌། འོག་ན་འབྱུང་བའི་དེ་དང༌། ཤུགས་བསྟན་གྱི་ཏེ་རྐྱང་བཅས་གསུམ་པོ་དེ་རྣམས་ནི། ལྷག་མ་འདྲེན་པའི་དོན་དུ་འགྱུར་བས་ལྷག་བཅས་ཀྱི་སྒྲའོ། །ཞེས་པའོ། །
གཉིས་པ་འགྲེལ་པ་ནི། ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། །ན་ར་ལ་ས་དྲག་མཐར་ཏེ། །ད་དེ་ག་ང་བ་མ་འ། །མཐའ་མེད་རྣམས་ལ་ས་སྟེ་འཐོབ། །
ཅེས་པ་སྟེ། རྩ་བར་བཤད་པའི་ཏེ། དེ། སྟེ་གསུམ་པོ་དེ་རྣམས་ནི། མིང་ཚིག་གང་གི་མཐར་སྦྱར་ཡང་བསྟན་བྱའི་ལྷག་མ་འདྲེན་པའི་དོན་དུ་འགྱུར་བས་ལྷག་མ་དང་བཅས་པའི་སྒྲ་ཞེས་བྱ་བ་ཡིན་ཏེ། དེའི་དོན་དང་ལྡན་པས་སོ། །སྦྱོར་ཚུལ་ནི། རྗེས་འཇུག་ན་ར་ལ་ས་ད་དྲག་ཅན་དང་བཅས་པའི་མཐར་ཏེ་རྐྱང་དང༌། ད་ཡི་རྗེས་སུ་དེ་དང༌། ག་ང་བ་མ་འ་དང་མཐའ་མེད་རྣམས་ཀྱི་རྗེས་ལ་ས་སྟེ་འཐོབ་བོ། ། དེ་ཡང༌། ཡིན་ཏེ། འགྱུར་ཏེ། གསལ་ཏེ། བྱས་ཏེ། བསྟནད་ཏེ། གྱུརད་ཏེ། གསལད་ཏེ། བཤད་དེ། བཞག་སྟེ། བྱུང་སྟེ། བཀབ་སྟེ། ལམ་སྟེ། མངའ་སྟེ། བྱ་སྟེ། ལྟ་བུ་ཞེས་སྦྱར་རོ། །དེས་ན། ཚིག་དོན་སྔ་མ་མ་རྫོགས་པར་ཕྱི་མ་གཞན་འདྲེན་རྒྱུ་ཡོད་པར་སྟོན་པའི་མཉན་བྱར་དམིགས་པ། ལྷག་བཅས་ཀྱི་མཚན་ཉིད། དབྱེ་ན། སྨྲ་སྒོ་ལས། སྟེ་ནི་ལྷག་མ་ཡོད་པ་སྟེ། །མཚམས་སྦྱོར་བ་དང་དམ་བཅའ་དང༌། །གཞན་འདྲེན་པ་དང་གསུམ་དུ་འདོད། །ཅེས་པ་ལྟར་གསུམ་ལས། དང་པོ་ནས་དང་ཅིང་སོགས་ཀྱི་ཕྲད་དང་འཇུག་པ་མཐུན་པའི་མཚམས་སྦྱོར་ལྷག་བཅས་ནི། དཔེར་ན། ཆོས་ཉན་ཏེ་འགྲོ། །བཅར་ཏེ་འོང༌། ཉལ་ཏེ་གཉིད་ལོག ཡོས་བརྔོས་ཏེ་འཚིག མཐར་ཕྱིནད་ཏེ་སོང༌། བཀའ་བསྒྱུརད་ཏེ་ཉན། ཆུ་བརྒལད་ཏེ་མར་བྱུག བསད་དེ་ཟ། ལམ་བཀག་སྟེ་སྡོད། གཟུགས་མཐོང་སྟེ་ཆགས། འབྲུ་བཏབ་སྟེ་སྐྱེས། དོན་བསམ་སྟེ་སྒོམས། ཡིད་དགའ་སྟེ་བདེ་བ་སྐྱེས། སྒོ་ཕྱེ་སྟེ་སོང༌། ལྟ་བུའོ། །དེ་ལ་ཡང་སྨྲ་སྒོ་ལས། བྱེད་དང་བྱ་བའམ་ཡང་ན་ནི།  །བྱ་བ་ཉིད་དུ་སྦྱོར་བ་གང༌། །ཚིག་གཉིས་རིམ་མམ་དུས་གཅིག་ཏུ། །སྦྱོར་བར་བྱེད་པ་མཚམས་སྦྱོར་ཡིན། །ཞེས་པ་ལྟར་གསུམ་ལས། དང་པོ་ཚིག་སྔ་མ་བྱེད་པ་དང༌། ཕྱི་མ་བྱ་བར་སྦྱོར་བས་འདྲེན་བྱེད་དང་འདྲེན་བྱ་དུས་རིམ་པར་འཇུག་པ་ནི། མདའ་འཕངས་ཏེ་ཕོག ལྷ་བསྒྲུབས་ཏེ་གྲུབ། ལྟ་བུའོ། །གཉིས་པ་ཚིག་སྔ་ཕྱི་གཉིས་ཀ་བྱ་བར་སྦྱོར་ཞིང་དུས་རིམ་གྱིས་འཇུག་པ་ནི། དཀོན་མཆོག་མཆོད་དེ་ལས་བྱས། ཕྱག་འཚལ་ཏེ་ཆོས་ཉན། བླ་མ་མཇལ་ཏེ་དད་པ་སྐྱེས། ལྟ་བུའོ། །གསུམ་པ་ཚིག་སྔ་ཕྱི་གཉིས་ཀ་བྱ་བར་སྦྱོར་ཞིང་དུས་སྔ་ཕྱི་མེད་པ་ནི། འཛུམ་དམུལ་ཏེ་མདངས་ཕྱུང༌། འཕར་ཏེ་འགྲོ། ཚེག་སྒྲ་དང་བཅས་ཏེ་འབར། ལྟ་བུའོ། །གཉིས་པ་ནི། སྨྲ་སྒོ་ལས། གང་ཞིག་གིས་ནི་སྔ་མ་ལ། །གསལ་བར་བྱེད་པ་དམ་འཆའ་བ། །ཞེས་པ་ལྟར།  ཚིག་སྔ་མ་དམ་བཅས་པ་དེའི་གསལ་བྱེད་དམ་སྒྲུབ་བྱེད་དུ་ཚིག་ཕྱི་མ་འདྲེན་པའི་དམ་བཅའ་ལྷག་བཅས་ནི། དཔེར་ན། དེ་དགེ་འདུན་ཡིན་ཏེ། དགེ་བ་ལ་གཅིག་ཏུ་འདུན་པ་བསྐྱེད་པའི་ཕྱིར། དེ་ནི་ལོགས་སུ་བཅར་ཏེ། བཀའ་འདྲིས་ཞུས་པའོ། །དེ་དང་དེའི་དོན་འགལ་ཏེ། གཞི་མཐུན་མི་སྲིད་པས་སོ། །དེ་སངས་རྒྱས་ཏེ། སྒྲིབ་གཉིས་ཀྱི་གཉིད་སངས་ཤིང་ཤེས་བྱ་ལ་བློ་གྲོས་རྒྱས་པའོ། །དེ་ནི་ཀུན་མཁྱེནད་ཏེ། ཆོས་ཀུན་མཁྱེན་པའོ། །དེ་ནི་རབ་འབྱོརད་ཏེ། དྲིས་ཤིང་ལན་འདེབས་པའི་མཆོག་གོ །དེ་ནི་ཚུ་རོལད་ཏེ། སོ་སྐྱེས་ཀྱི་སའོ། །བུམ་པ་ཡོད་དེ། ཚད་མས་དམིགས་པའོ། །སྒྲ་ནི་མི་རྟག་སྟེ། བྱས་པའི་ཕྱིར། དེ་རྟག་པས་སྟོང་སྟེ། དོན་བྱེད་ནུས་པའོ། །ཁྱོད་ནི་ཆོས་ལ་སློབ་སྟེ། མཁས་པར་འདོད་པས་སོ། །དངོས་པོ་ནི་གསུམ་སྟེ། བེམ་པོ་དང་ཤེས་པ་དང་ལྡན་མིན་འདུ་བྱེད་དོ། །དེ་ནི་ནམ་མཁའ་སྟེ། ཐོགས་རེག་བཀག་པའི་མེད་དགག་གོ །བདེན་པ་ནི་བཞི་སྟེ། སྡུག་བདེན་དང་ཀུན་འབྱུང་དང་འགོག་བདེན་དང་ལམ་བདེན་ནོ། །ལྟ་བུའོ། །དེ་ལ་ཡང་དབྱེ་བ་འདྲེན་པ་དང༌། གཏན་ཚིགས་འདྲེན་པ་དང༌།  ངེས་ཚིག་འདྲེན་པ་དང༌། རྒྱས་བཤད་འདྲེན་པ་སོགས་ནང་གསེས་མང་དུ་ཡོད་དོ། །དབྱེ་བ་འདྲེན་པ་ནི། ཡོད་པ་ནི་གཉིས་ཏེ། རྟག་པ་དང་དངོས་པོའོ། །དཀོན་མཆོག་ནི་གསུམ་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་ནོ། །གཏན་ཚིགས་འདྲེན་པ་ནི། གཞི་འདི་ན་ཤིང་ཡོད་དེ། ཤུགས་པ་ཡོད་པའི་ཕྱིར། །རང་རྒྱུ་མེ་སྔ་མ་སྔོན་དུ་སོང་སྟེ། དུ་བ་ཡིན་པའི་ཕྱིར། ལྟ་བུའོ། ངེས་ཚིག་འདྲེན་པ་ནི། འདི་ནི་དགྲ་བཅོམ་པ་སྟེ། ཉོན་མོངས་པའི་དགྲ་མ་ལུས་པ་བཅོམ་པའི་ཡོན་ཏན་དང་ལྡན་པའོ།  །འདི་ནི་གྲྭ་པ་སྟེ། གྲྭ་ཅན་གྱི་གོས་གྱོན་པའོ། །ལྟ་བུའོ། །རྒྱས་བཤད་འདྲེན་པ་ནི། ལམ་ལ་བློ་སྦྱངས་དགོས་ཏེ། །ཕྱི་མ་མངོན་མཐོའི་གོ་འཕང་ཙམ་དོན་དུ་གཉེར་བ་སྐྱེས་བུ་ཆུང་ངུའི་ལམ་དང༌། རང་ཉིད་གཅིག་པུ་ཐར་པའི་གོ་འཕང་དོན་གཉེར་གྱི་བསམ་པས་བདེན་པ་བཞིའི་འཇུག་ལྡོག་བསམ་པ་སྐྱེས་བུ་འབྲིང་གི་ལམ་དང༌། རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པའི་ཐབས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་རྒྱལ་སྲས་ཀྱི་སྤྱོད་པ་སོགས་སྐྱེས་བུ་ཆེན་པོའི་ལམ་ལ་དམིགས་རྣམ་དྲན་ཤེས་ལེགས་པར་སྐྱོང་དགོས་སོ། །བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །ཞེས་གསུངས་ཏེ། བསླབ་པ་ནི་ལྷག་པ་ཚུལ་ཁྲིམས་དང་ལྷག་པ་ཏིང་ངེ་འཛིན་དང་ལྷག་པ་ཤེས་རབ་ཀྱི་བསླབ་པ་གསུམ་ནང་པ་ལ་གྲགས་པ་དང༌། ཕྱི་རོལ་པ་ལའང་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཀྱི་བསླབ་པ་མང་དུ་འབྱུང་ངོ༌། །ལྟ་བུའོ། །གསུམ་པ་ནི་སྨྲ་སྒོ་ལས། ལྷག་མ་ཡོད་ཙམ་སྟོན་འགྱུར་ཞིང༌། །དེ་ལས་གཞན་གྱུར་གཞན་འདྲེན་པའོ། །ཞེས་པ་ལྟར། མཚམས་སྦྱོར་དང་དམ་བཅའ་གཉིས་སུ་མི་གཏོགས་པའི་ལྷག་མ་ཡོད་ཙམ་སྟོན་པའི་གཞན་འདྲེན་ལྷག་བཅས་ནི། དཔེར་ན། ཤར་དུ་བརྒྱ་བྱིན་ཏེ། ལྷོར་གཤིན་རྗེའོ། ནང་དུ་གཏེར་ཏེ། ཕྱི་རུ་ས་རྡོ། ལུག་ལ་བལ་ཏེ། ར་ལ་རལ་ལོ༼ར་སྤུ།༽ །ཁྱོད་ནི་མཁས་ཏེ། ཁྱོད་ནི་བཙུན་ནོ། །བླ་མ་བསྟེནད་ཏེ། བླ་མ་མཆོད། ཚེ་དབང་བསྐུརད་ཏེ། བུམ་པ་འཇོག འདི་ལ་ཁལ་བཀལད་ཏེ། དེ་ལ་ཁལ་མེད་དོ། །གཞི་འདིར་བསྡད་དེ། འདིར་ཉལ་ལོ། །ཁྲ་བོ་དེ་ནི་སྟག་སྟེ། ནག་རིལ་དེ་ནི་ཁྱིའོ། །གོང་བུ་དེ་ནི་བ་ལང་སྟེ། ཞོལ་མོ་འདི་ནི་འབྲི་མོའོ། །དེ་ནི་ཐབ་སྟེ། འདི་ནི་ཟངས་བུའོ། ཁལ་གྲངས་གསུམ་སྟེ། བྲེ་ཚད་དྲུག་ཅུའོ། །ཆོས་ཤེས་པ་དཀའ་སྟེ། འཇིག་རྟེན་སླའོ། །འདི་ནི་མི་སྟེ། འདི་ནི་ལྷའོ། ལྟ་བུའོ། །
            དྲུག་པ་འབྱེད་སྡུད་བཤད་པ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          རྗེས་འཇུག་ཡི་གེ་བཅུ་པོ་ལ། །
དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །
ཞེས་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་རྣམས་ལ་དེ་ཉིད་ཀྱི་དྲུག་པ་མ་ཡིག་སྦྱར་བས། གམ་ངམ་སོགས་སུ་གྲུབ་པ་དེ་དག་དང༌། ཤུགས་བསྟན་ཏམ་བཅས་པ་དེ་རྣམས་ནི། སོ་སོར་འབྱེད་པ་དང་སྡུད་པའི་སྒྲ་འཇུག་པ་ཡིན་ནོ། །ཞེས་པའོ། །
གཉིས་པ་འགྲེལ་པ་ལ་གཉིས། དངོས་དང༌། ཞར་བྱུང་ཚིག་གི་རྐང་པ་སྐོང་མི་སྐོང་གི་ཁྱད་པར་བཤད་པའོ། །དང་པོ་ནི། གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་ཏམ་འབྱེད་སྡུད་དེ། །སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། །ཞེས་པ་སྟེ། རྩ་བར་བཤད་པ་ལྟར་གྱི། གམ། ངམ། དམ། ནམ། བམ། མམ། འམ། རམ། ལམ། སམ།  ཏམ་བཅས་བཅུ་གཅིག་པོ་དེ་རྣམས་ནི། དབྱེ་གཞི་གཅིག་ལས་བྱེ་བྲག་སོ་སོར་འབྱེད་པ་དང༌། ཚིག་དོན་མང་པོ་ཕྱོགས་གཅིག་ཏུ་སྡུད་པའི་སྒྲ་འཇུག་པ་ཡིན་ཏེ། འབྱེད་སྡུད་དེའི་དོན་དང་ལྡན་པས་སོ། །སྦྱོར་ཚུལ་ནི། སྔར་སླར་བསྡུའི་སྐབས་སུ་བསྟན་པ་དང་མཚུངས་པར་ད་དྲག་ཅན་གྱི་མཐར་ཏམ་དང༌། མཐའ་མེད་རྣམས་ལ་འམ། གཞན་རྣམས་རང་རང་གི་མིང་མཐའི་རྗེས་སུ་མཐུན་པར་སྦྱར་དགོས་ཏེ། དཔེར་ན། འཇིནད་ཏམ།  གྱུརད་ཏམ། སྩལད་ཏམ། ཀླུ་འམ། མིག་གམ། གདོང་ངམ། སྟོད་དམ། སྦྱིན་ནམ། འཐོབ་བམ། འཇམ་མམ། མཐའ་འམ། དོར་རམ། རྒྱལ་ལམ། བྱས་སམ། ལྟ་བུ་ཞེས་སྦྱར་རོ། །དེས་ན། གཞི་གཅིག་དུ་མར་ཕྱེ་བ་དང་དུ་མ་གཅིག་ཏུ་བྱེད་པ་གང་རུང་གིས་བསྡུས་པའི་མཉན་བྱར་དམིགས་པ། འབྱེད་སྡུད་ཀྱི་མཚན་ཉིད། དེ་ལ་དབྱེ་ན། འབྱེད་པ་དང་སྡུད་པ་གཉིས་སོ། །དང་པོ་དབྱེ་གཞི་གཅིག་ལས་བྱེ་བྲག་གཉིས་སམ་མང་པོ་ཕྱེ་བའི་འབྱེད་པ་ལ་འཇུག་པ་ནི། དཔེར་ན། རིག་གནས་ནི་ལྔ་སྟེ། ནང་དོན་ནམ་གཏན་ཚིགས་སམ། །སྒྲ་འམ། བཟོ་རིག་གམ། གསོ་བ་རིག་པའོ། །མཆོད་པའི་རྫས་ནི། མཆོད་ཡོན་ནམ། མེ་ཏོག་གམ། བདུག་སྤོས་སམ། སྣང་གསལ་ལམ། དྲི་ཆབ་བམ། ཞལ་ཟས་སམ། རོལ་མོ་རྣམས་སོ། །ཤེས་བྱ་ནི་གཉིས་ཏེ། ཀུན་རྫོབ་བམ། དོན་དམ་བདེན་པའོ། །ལྟ་བུའོ།  །གཉིས་པ་ཚིག་དོན་གཉིས་སམ་མང་པོ་ཕྱོགས་གཅིག་ཏུ་བྱེད་པའི་སྡུད་པ་ལ་འཇུག་པ་ནི། དཔེར་ན། ཀུན་རྫོབ་བམ། དོན་དམ་པའི་བདེན་པ་ནི་ཤེས་བྱའོ། །སྙན་ངག་གམ། མངོན་བརྗོད་དམ། སྡེབ་སྦྱོར་རམ། རྩིས་སམ།  བཟློས་གར་ལྔ་ནི་རིག་གནས་ཆུང་བའོ། །རིག་ཚོགས་དྲུག་གམ། བཞི་བརྒྱ་པའམ། སྤྱོད་འཇུག་གམ། འཇུག་པའམ། བྱམས་ཆོས་སྡེ་ལྔའམ། མངོན་པ་ཀུན་བཏུས་སམ། མཛོད་དམ། རྣམ་འགྲེལ་ལམ། འདུལ་བ་མདོ་རྩ་བ་ལ་སོགས་པ་ནི། ཚད་ལྡན་གྱི་གཞུང་ཆེན་ནོ། །ལྟ་བུའོ། །གཞན་ཡང་གདམ་ང་ཅན་ལ་འཇུག་པ་ནི། འབྲུ་འདོད་དམ། རྩམ་པ་འདོད། གསེར་ལེན་ནམ། དངུལ་ལེན། བ་ལང་བཞོ་འམ། མཛོ་མོ་བཞོ། ལྟ་བུའོ། །དྲི་བ་ལ་འཇུག་པ་ནི། བདག་ཡོད་དམ་མེད། འཇིག་རྟེན་མཐའ་དང་ལྡན་ནམ་མི་ལྡན། མོ་ཡིན་ནམ་ཕོ་ཡིན།  ལྟ་བུའོ། །ཐེ་ཚོམ་ཅན་ལ་འཇུག་པ་ནི། སྒྲ་རྟག་གམ་མི་རྟག མི་ཡིན་ནམ་མིན། ལས་བྱས་སམ་མ་བྱས། ལྟ་བུའོ། །དེ་རྣམས་ཀྱང་དོན་གྱི་ཁྱད་པར་བརྟག་ཅིང་འབྱེད་པའི་དོན་ཅན་ཡིན་པས། དེ་འདྲའི་དམ་ནམ་ལ་སོགས་པའི་སྒྲའང་འབྱེད་པའི་སྒྲ་ཉིད་དུ་ངེས་སོ། །
            གཉིས་པ་ཞར་བྱུང་ཚིག་གི་རྐང་པ་སྐོང་མི་སྐོང་གི་ཁྱད་པར་བཤད་པ་ནི།
ར་རུ་འི་ཡི་འང་ཡང་རྣམས། །རྐང་པ་མི་སྐོང་སྐོང་བའི་ཁྱད། །འོ་འུ་འམ་གྱི་གོང་དུ་ཚེག །མེད་དང་ཡོད་པའང་དེ་བཞིན་ཡིན། །
ཞེས་པ་སྟེ། སྔར་བཤད་པའི་ལ་དོན་གྱི་ར་དང་རུ། དྲུག་པའི་འི་དང་ཡི། རྒྱན་སྡུད་ཀྱི་འང་དང་ཡང་རྣམས་རྐང་པ་ཁ་སྐོང་མི་དགོས་ན་ར་དང༌། འི་དང༌། འང་འཐོབ་ཅིང༌། དེ་དག་ལ་རྐང་པ་ཁ་སྐོང་དགོས་པའི་ཚེ་རུ་དང༌། ཡི་དང༌། ཡང༌། འཐོབ་པ་ནི། ཚིག་གི་རྐང་པ་ཁ་མི་སྐོང་བ་དང་སྐོང་བའི་ཁྱད་པར་རོ། །སླར་བསྡུའི་འོ་དང༌། མིང་གི་འུ་འབྱེད་སྡུད་ཀྱི་འམ་རྣམས་ཀྱི་གོང་དུ་ཚེག་མེད་པ་དང་གོང་དུ་ཚེག་ཡོད་པའང་དེ་བཞིན་དུ་རྐང་པ་ཁ་སྐོང་མི་དགོས་ན་ཚེག་མི་ཐོབ་ཅིང༌། རྐང་པ་ཁ་སྐོང་དགོས་ན་ཚེག་ཐོབ་པ་ཡིན་ནོ། །དེ་རྣམས་དཔེར་ན། སྙིང་ཁར་བླ་མ་སྒོམ་ཁ་རུ། །པད་ཟླའི་སྟེང་དུ་གནས་པ་ཡི། །རང་གི་སེམས་དགའང་མཉམ་དུ་ཡང༌། །དབྱེར་མེད་དུ་ནི་བསྒོམས་འདི་མཚར། །དཀྱིལ་དུའོ་འདབ་རྒྱས་དབུས་སུ་འོ། །ཟེའུ་འབྲུར་བླ་མའི་ཁྱེ་འུ་བཞུགས། །མི་ངའམ་འགྲོ་བའི་སྐྱེས་བུ་འམ། །སྐྱབས་མཆོག་དེ་ལས་གཞན་དུ་ཅི། །ཞེས་རྐང་པའི་འགོར་ར་དང་འི་སོགས་སྦྲེལ་ནས་མཇུག་ཏུ་རུ་དང་ཡི་སོགས་ཕྲལ་བ་ལྟ་བུའོ། །ཡང་ན། རྐང་པ་ཁ་སྐོང་མི་དགོས་ན་ར་འི་འང་གསུམ་ཐོབ་པ་ནི། མདུན་གྱི་ནམ་མཁར་སེངྒེ་ཁྲི།  །བཀོད་ལེགས་པད་ཟླའི་གདན་སྟེང་དུ།  །དྲིན་ཅན་བླ་མའང་བདག་ཉིད་ལ། །ཤིན་ཏུ་དགྱེས་པའི་ཚུལ་གྱིས་ཞུགས། །ལྟ་བུ་དང༌། དེ་དག་ལ་རྐང་པ་ཁ་སྐོང་དགོས་ཚེ་རུ་ཡི་ཡང་གསུམ་ཐོབ་པ་ནི། རང་གི་མདུན་གྱི་ནམ་མཁའ་རུ། །རབ་མཛེས་པད་དཀར་ཟླ་ཡི་གདན། སྐྱབས་མཆོག་བཤེས་གཉེན་དམ་པ་ཡང༌། ཤིན་ཏུ་དགྱེས་པའི་ཚུལ་གྱིས་ཞུགས། །ལྟ་བུ་དང༌། འོ་འུ་འམ་གསུམ་ལ་རྐང་པ་ཁ་སྐོང་མི་དགོས་ན་ཚེག་མི་ཐོབ་པ་ནི། ཚངས་པའི་སྲས་མོའོ་ཀུན་གྱི་མཆོག །འདབ་རྒྱས་ཟེའུ་འབྲུ་ལས་འཁྲུངས་སོ། །ལྷ་མོའམ་ཡང་ན་ཆགས་བྲལ་ཏེ། །ཤེས་རབ་སྩོལ་བའི་ལྷ་མཆོག་གོ  །ལྟ་བུ་དང༌། ཁ་སྐོང་དགོས་ན་དེ་གསུམ་གྱི་གོང་དུ་བར་ཚེག་ཐོབ་པ་ནི། རབ་དཀར་ཡིད་འོང་མཛེས་པ་འདི། །མཚོ་བྱུང་དབྱངས་ཅན་ལྷ་མོའོ། །པད་དཀར་ཟེ་འུ་འབྲུ་ལས་འཁྲུངས།  །མི་འམ་ཡང་ན་ལྷ་མཆོག་གོ །ལྟ་བུའོ། །དེ་རྣམས་ཚིག་སྦྱོར་གྱི་བབས་ལ་བརྟག་སྟེ་སྦྱོར་ཚུལ་ཤེས་པར་བྱ་དགོས་སོ། །
            བདུན་པ་འབྱུང་ཁུངས་བཤད་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ནས་ལས་འབྱུང་ཁུངས་དགར་སྡུད་དེ། །ཞེས་པ་སྟེ། ནས་དང་ལས་ཞེས་པའི་སྒྲ་དེ་གཉིས་ནི། རྣམ་དབྱེ་ལྔ་པ་འབྱུང་ཁུངས་དང་དགར་བ་དང་ནས་ནི་སྡུད་པ་བཅས་ལ་འཇུག་པར་བྱེད་དེ། དེའི་ཚུལ་དང་མཐུན་པས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས།  འབྱུང་ཁུངས་དངོས་བཤད་པ་དང༌། དེ་དགར་སྡུད་ལ་འཇུག་པའི་ཚུལ་ལོ། །དང་པོ་ལ་གཉིས། རྩ་བ་དང༌།  འགྲེལ་པའོ། །
དང་པོ་ནི།          རྗེས་འཇུག་ཡི་གེ་བཅུ་པོ་ཡི།  །
བཞི་པ་དགུ་པ་ལ་བཅུ་པ། །
སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། །
ཞེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་དེའི་བཞི་པ་ན་དང༌། དགུ་པ་ལ་གཉིས་སོ་སོར་བཅུ་པ་ས་ཡིག་སྦྱར་བས། ནས་དང༌། ལས་ཞེས་གྲུབ་པ་དེ་ནི། ཆོས་གང་ལས་གང་ཞིག་བྲལ་བའམ་འབྱུང་བ་སྟོན་པའི་དོན་དུ་མཚུངས་པར་འཇུག་པས་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་ས་ཡིན་ཏེ། དེའི་རང་བཞིན་ཡིན་པའི་ཕྱིར། ཞེས་པའོ། །
            གཉིས་པ་འགྲེལ་པ་ནི། འབྱུང་ཁུངས་དངོས་ལ་གང་སྦྱར་ཐུས། །ཞེས་པ་སྟེ།  དེ་ལྟར་བཤད་པའི་འབྱུང་ཁུངས་དངོས་ལ་ནས་དང་ལས་གཉིས་གང་སྦྱར་ཡང་ཐུས་པ་ཡིན་ཏེ། དེ་ལྟར་དཔེར་བརྗོད་སྐབས་གསལ་བར་འགྱུར་བའི་ཕྱིར། ནས་ལས་དེ་དག་ཕྲད་རང་དབང་ཅན་ཡིན་པས་སྦྱོར་ཚུལ་རྗེས་འཇུག་གི་ཁྱད་པར་ལ་མི་ལྟོས་པར་མིང་མཐའི་རྗེས་འཇུག་ཐམས་ཅད་ཀྱི་མཐར་ཅི་རིགས་པར་སྦྱར་ཆོག་གོ །དེས་ན། དཀའ་གསལ་མེ་ལོང་ལས། གང་ཞིག་གང་ལས་འབྱུང་བ་འམ། །བྱེ་དང་ལྷུང་བའི་དོན་ལྡན་ན། །རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཏེ། །དཔེར་ན་ཞལ་ནས་ཐོས་ལྟ་བུ། །ཞེས་པའི་དོན་ལྟར། ཆོས་གང་ཞིག་གང་ལས་བྱེ་བར་སྟོན་པའི་རིགས་སུ་གནས་པའི་མཉན་བྱར་དམིགས་པ། ལྔ་པ་འབྱུང་ཁུངས་ཀྱི་མཚན་ཉིད། དེ་ལ་དབྱེ་ན་དངོས་ཕལ་གཉིས་ལས། དང་པོ་འབྱུང་ཁུངས་དངོས་ལ། ནས་སྒྲ་སྦྱར་བ་ནི། དཔེར་ན། བོད་ནས་ཆོས་དར། རྒྱ་གར་ནས་གྲུབ་ཐོབ། ཁ་༼ཆུལ་༽ཆེ་ནས་གུར་ཀུམ། གསེར་ཁ་ནས་གསེར། རྒྱ་མཚོ་ནས་ནོར་བུ། བླ་མ་ནས་བྱིན་རླབས། ཁྲོན་པ་ནས་ཆུ། ལྟ་བུའོ། །ལས་སྒྲ་སྦྱར་བ་ནི། དཔེར་ན། སངས་རྒྱས་ལས་ཆོས། དམ་ཆོས་ལས་དགེ་འདུན། དགེ་འདུན་ལས་བཤད་སྒྲུབ། མཁས་པ་ལས་རིག་གནས། བ་ལས་འོ་མ། ཞིང་ལས་འབྲུ། །ཁམ་སྡོང་ལས་ཁམ་བུ། ལྟ་བུའོ། །གཉིས་པ་འབྱུང་ཁུངས་དངོས་མ་ཡིན་ཡང་སྐབས་དེར་དེ་ལས་བྱུང་བས་འབྱུང་ཁུངས་དངོས་དང་འདྲ་བས་ཕལ་པ་ནི། དཔེར་ན། བྲག་ནས་ཆུ། སྐས་ནས་བབས། གནམ་ནས་ཆར། བྱང་ནས་རླུང་གཡོས། ཆོས་ནས་བཤད། རྟ་ལས་ལྷུང༌། ས་ལས་ལྡང༌།  བྲག་ལས་མཆོངས། ནུབ་ལས་སྤྲིན་ལངས། རི་ལས་ལྷུངས། ལྟ་བུའོ། །ལས་ཀྱི་སྒྲ་རྒྱུ་མཚན་ལ་འཇུག་པ་ནི། དུ་བ་ལས་མེར་ཤེས། ཆུ་སྐྱར་ལས་ཆུར་ཤེས། སྐྱེ་ཞིང་འཇིག་པ་ལས་དངོས་པོར་རྟོགས། ནོག་དང་རྭ་ལས་བ་ལང་དུ་ངེས། རུ་མཚོན་ལས་ཤིང་རྟ་རུ་དཔོག ལྟ་བུ་སྟེ། དེ་ཡང་མེར་ཤེས་པ་སོགས་རྒྱུ་མཚན་ཅན་དེ་དུ་བ་མཐོང་བ་སོགས་ཀྱི་རྒྱུ་མཚན་ལས་བྱུང་བའི་ཕྱིར་འབྱུང་ཁུངས་དང་འདྲ་བའི་རྣམ་དབྱེ་ལྔ་པར་འཇོག་གོ །
            གཉིས་པ་དེ་དགར་སྡུད་ལ་འཇུག་པའི་ཚུལ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།  དགར་དང་སྡུད་པའང་དེ་བཞིན་ཡིན། །
ཞེས་པ་སྟེ། ནས་དང་ལས་ཀྱི་སྒྲ་དེ་དག་འབྱུང་ཁུངས་ཁོ་ནར་མ་ཟད། དགར་བའི་དོན་ལའང་འཇུག་ཅིང༌། དེ་ལས་ནས་ཀྱི་སྒྲ་ནི་མཚམས་འཛིན་ཅིང་སྡུད་པའི་དོན་དུའང་དེ་བཞིན་དུ་འཇུག་པ་ཡིན་ནོ། །ཞེས་པའོ། །
            གཉིས་པ་འགྲེལ་པ་ནི། རིགས་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག །ཅེས་པ་སྟེ། བཤད་མ་ཐག་པའི་ནས་དང་ལས་ཀྱི་སྒྲ་དེ་དག་འབྱུང་ཁུངས་སུ་མ་ཟད། དགར་གཞི་ལས་ལོགས་སུ་དགར་བའི་རིགས་མཐུན་དགར་བ་ལ་ནས་སྒྲ་དང༌། རིགས་མི་མཐུན་དགར་བ་ལ་ལས་སྒྲ་འཇུག་ཅིང༌། སྡུད་པ་ལ་ནི་ནས་སྒྲ་ཁོ་ན་འཇུག་པ་ཡིན་ནོ། །དགར་གཞི་དང་དགར་ཆོས་རིགས་མཐུན་པ་ལ་ནས་སྒྲ་འཇུག་པ་ནི། དཔེར་ན། བླ་མའི་ནང་ནས་མཁས་བཙུན་བཟང་གསུམ་འཛོམ་པ་ལེགས། གྲྭ་པའི་དཀྱིལ་ནས་ཡོན་ཏན་ཅན་རྒྱལ། ལྷ་རྣམས་ཀྱི་ནང་ནས་བརྒྱ་བྱིན་མཆོག མིའི་ཁྲོད་ནས་རྒྱལ་པོ་མཐོ། བུད་མེད་ཀྱི་ཁོངས་ནས་གཟབ་མཆོར་ཅན་མཛེས། བྱའི་ཁྲོད་ནས་ཀ་ལ་པིངྐ་སྐད་སྙན། ལས་ཀྱི་ནང་ནས་དགེ་ལས་བཟང༌། སྣམ་བུའི་ཁྲོད་ནས་བོད་སྣམ་མཆོག  ཆུའི་ནང་ནས་གངྒ་ལེགས། ལྟ་བུའོ། །དགར་གཞི་དང་དགར་ཆོས་རིགས་མི་མཐུན་པ་ལ་ལས་སྒྲ་འཇུག་པ་ནི། དཔེར་ན། གྲོང་ལས་དགོན་པ་སྐྱིད། དངུལ་ལས་གསེར་དཀོན། ལྷའི་རྟེན་ལས་དལ་འབྱོར་གྱི་ལུས་རྟེན་ལྷག མི་ལས་ཀླུ་བསོད་ནམས་དམན། ཕྱི་པ་ལས་ནང་པ་ལེགས། རྐང་འགྲུལ་ལས་རྟ་པ་མགྱོགས། ཀློག་པ་ལས་བསམ་པ་དགའ། དུད་འགྲོ་ལས་དམྱལ་བ་སྡུག བདེ་འགྲོ་ལས་ངན་འགྲོ་མང༌། ལྟ་བུའོ། །ཡང་དེ་ལ་རིགས་སོགས་དགར་བ་བཞི་ལས། པྲ་ཏི་དང་སི་ཏུ་གཉིས་ཀས་སྔ་མ་གསུམ་འདོད་པས། རྫས་དགར་བ་སི་ཏུ་མི་འདོད་ཀྱང་པྲ་ཏིས་བཞེད་དོ།  །དེ་ལ་རིགས་དགར་བ་ནི། ལྷ་མ་ཡིན་ལས་ལྷ་བཟང༌། རིགས་བཞིའི་ནང་ནས་རྒྱལ་རིགས་གཙོ། གླང་ལས་མཛོ་ཕན། ལྟ་བུའོ། །བྱ་བ་དགར་བ་ནི། དལ་བར་སྡོད་པ་ལས་ཡི་གེ་འབྲི་བ་དགའ། བསོད་ནམས་བསགས་ནས་བདེ་འབྲས་ལ་སྤྱོད། རིགས་གནས་གཞན་སློབ་པ་ལས་ནང་དོན་རིག་པ་ལ་བརྩོན་པ་ལེགས། ལྟ་བུའོ། །ཡོན་ཏན་དགར་བ་ནི།  གསེར་དངུལ་གཉིས་ལས་གསེར་གོང་ཆེ། བ་རྣམས་ཀྱི་དཀྱིལ་ནས་ནག་མོ་འོ་མ་མང༌། སྣམ་བུ་ལས་དར་གོས་རེག་བྱ་འཇམ། ལྟ་བུའོ། །རྫས་དགར་བ་ནི། གོས་སོགས་ཀྱི་ཁྲོད་ནས་ཆོས་གོས། ཡོ་བྱད་གཞན་ལས་ལྷུང་བཟེད་མཁོ། ཁ་ཟས་ཀྱི་དཀྱིལ་ནས་ཤ་སྐམ་པོ། །ལྟ་བུའོ། །གོང་གསལ་དེ་རྣམས་ལས། བླ་མ་དང་གྲྭ་པ་སོགས་ནི་དགར་གཞི །མཁས་བཙུན་བཟང་གསུམ་འཛོམ་པ་དང་ཡོན་ཏན་ཅན་སོགས་ནི་དགར་བྱའམ་དགར་ཆོས། ལེགས་པ་དང་རྒྱལ་བ་སོགས་ནི། དགར་བྱེད་དམ་ཁྱད་པར་འབྱེད་བྱེད་དོ། །ནས་སྒྲ་སྡུད་པ་ལ་འཇུག་པ་ནི། དཔེར་ན། གཟུགས་ནས་རྣམ་མཁྱེན་བར། སྤྱི་གཙུག་ནས་རྐང་མཐིལ་བར། དེང་ནས་སང་ཉི་མ་མ་ཤར་གྱི་བར། གཅིག་ནས་བརྒྱའི་བར། བོད་ནས་རྒྱ་གར་བར་ལམ་ཇི་ལྟར་ཡོད། ལྟ་བུའོ། །འདིར་ཁོ་ན་སྨོས་པ་ནི། སྨྲ་སྒོ་ལས། སྡུད་པ་དག་དང་མཚམས་སྦྱོར་ནི། །ནས་ལ་ཅུང་ཟད་ལྷག་པ་ཡིན། །ཞེས་ནས་ཀྱི་སྒྲའི་འཇུག་པ་ཕལ་ཆེར་ལས་སྒྲ་དང་མཐུན་ཀྱང༌། སྡུད་པ་དང་མཚམས་སྦྱོར་གཉིས་ལ་ལས་མི་འཇུག་ཅིང་ནས་འཇུག་པས། ནས་ཀྱི་འཇུག་པ་ལྷག་པར་བཤད་པའི་དོན་དང་མཐུན་པའི་ཆེད་དུའོ། །ནས་ཀྱི་སྒྲ་མཚམས་སྦྱོར་ལྷག་བཅས་ལ་འཇུག་ཚུལ་ནི། དཔེར་ན། མགོ་འདུད་ནས་ཕྱག་བྱས།  ཕྱག་འཚལ་ནས་ཆོས་ཉན། མཆོད་པ་ཕུལ་ནས་ཟས་ཟ། ལག་པ་བརྐྱངས་ནས་བཟུང༌། མིག་ཕྱེ་ནས་བལྟས། ལྟ་བུའོ། །དེ་ལྟར་དགར་སྡུད་གཉིས་ཀ་ཡང་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་ཁོངས་སུ་གཏོག་པ་ཡིན་ཏེ། དགར་བ་ནི། དགར་གཞི་ལས་དགར་ཆོས་བྱེ་བ་ལྟར་སྣང་བ་དང༌། སྡུད་པ་ནི་ཐོག་མ་གང་ནས་བརྩམས་པ་དེ་ལས་བསྡུ་བྱ་རྣམས་བྱུང་བ་ལྟར་སྣང་བ་ཡིན་པའི་ཕྱིར་རོ། །
            བརྒྱད་པ་འབོད་པའི་སྒྲ་བཤད་པ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །
དང་པོ་ནི།          གང་མིང་བརྗོད་པའི་དང་པོ་རུ། །
ཀྱེ་སྦྱར་བ་ནི་བོད་པ་ཡིན། །
ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་ཐོག་མར་ཀྱེ་ཞེས་སྦྱར་བ་ནི། ཡུལ་ཁྱད་པར་ཅན་ལ་འབོད་པ་གསལ་བར་བྱེད་པའི་སྒྲ་ཡིན་ལ། ཤུགས་བསྟན་ཀྭ་ཡེ་དང་ཀྭ་དང་ཝ་ཡེ་ནི་ཡུལ་འབྲིང་དམན་དག་ལ་བོད་པ་གསལ་བྱེད་ཀྱི་སྒྲ་ཡིན་ནོ། །ཞེས་པའོ། །
གཉིས་པ་འགྲེལ་པ་ནི། ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ། །ཕལ་ཆེར་མིང་གི་ཐོག་མར་སྦྱོར། །ཞེས་པ་སྟེ། ཡུལ་གང་ཡང་རུང་བའི་མིང་བརྗོད་པའི་ཐོག་མ་དང་མཐའ་མ་གང་རུང་དུ། ཀྱེ་དང་ཀྭ་ཡེ་དང་ཀྭའི་དང་ཝས་སོགས་འབོད་པ་གསལ་བྱེད་ཀྱི་སྒྲ་སྦྱར་བ་ནི། རིམ་པ་བཞིན་དུ་ཡུལ་མཆོག་བར་དམན་གསུམ་ལ་འབོད་པར་བྱེད་པའི་སྒྲ་སྟེ། དེ་ཡང་ཕལ་ཆེར་མིང་གི་ཐོག་མར་སྦྱོར་ཞིང༌། གཞན་དུ་ན་མིང་གི་བར་དང་མཐའ་མ་ལ་ཡང་སྦྱར་བར་རིགས་སོ། །དེས་ན། ཐོག་མཐའ་གང་རུང་དུ་བོད་པ་གསལ་བྱེད་ཀྱི་སྒྲ་སྦྱར་བའི་རིགས་སུ་གནས་པའི་མཉན་བྱར་དམིགས་པ། བརྒྱད་པ་འབོད་སྒྲའི་མཚན་ཉིད། དེ་ལ་ཡུལ་མཆོག་ལ་མིང་གི་ཐོག་མར་ཀྱེ་ཞེས་སྦྱར་བ་ནི། དཔེར་ན། ཀྱེ་བླ་མ་རིན་པོ་ཆེ། ཀྱེ་རྒྱལ་བའི་སྲས། ཀྱེ་མིའི་དབང་པོ། །ཀྱེ་ལྷ་ཡི་ལྷ། ཀྱེ་དགེ་རྒན། ལྟ་བུའོ། །ཡུལ་བར་པ་ལ་མིང་གི་ཐོག་མར་ཀྭ་ཡེ་ཞེས་སྦྱར་བ་ནི། དཔེར་ན། ཀྭ་ཡེ་བློ་ལྡན། ཀྭ་ཡེ་ཆོས་གྲོགས། ཀྭ་ཡེ་མཛའ་བོ། །ཀྭ་ཡེ་ཡིད་མཐུན། ཀྭ་ཡེ་ལས་བྱེད། ལྟ་བུའོ། །ཡུལ་དམན་པ་ལ་མིང་གི་ཐོག་མར་ཝས་ཞེས་སྦྱར་བ་ནི། དཔེར་ན། ཝས་དབང་འདུས། ཝས་བཟོ་པ། ཝས་མགར་བ། ཝས་ལྷམ་མཁན། ཝས་གླུ་གར་མཁན།  ལྟ་བུའོ། །དེ་རྣམས་ཚིག་གི་བར་དུ་སྦྱར་བ་ནི། དགེ་བའི་བཤེས་ཀྱེ་རིག་གནས་སྩོལ། །དབྱངས་ཅན་མ་ཀྱེ་སྙིང་ལ་ཞུགས། །མཛའ་གྲོགས་ཀྭ་ཡེ་གཏམ་བཟང་གླེང༌།  །གླུ་གར་མཁན་ཝས་གླུ་དབྱངས་ལེན། །ལྟ་བུའོ། །དེ་རྣམས་ཡུལ་མཆོག་བར་དམན་གསུམ་ལ་མིང་ཚིག་གི་མཐར་སྦྱར་བ་ནི། དཔེར་ན། ཚངས་སྲས་མ་ཀྱེ། ལྷ་དབང་ཀྱེ། བློན་ཆེན་ཀྱེ། བློ་གསལ་ཀྭས། སློབ་གྲོགས་ཀྭས། ཚེ་རིང་ཀྭས། མགར་བ་ཝས། གཤན་པ་ཝས། རིགས་ངན་ཝས། ལྟ་བུ་དང༌། དངོས་གྲུབ་མཆོག་སྩོལ་བླ་མ་ཀྱེ། །ཤེས་རབ་བསྐྱེད་ཅིག་འཇམ་དབྱངས་ཀྱེ།  །ལས་རོག་གྱིས་ཤིག་བློ་མཐུན་ཀྭས། །ར་ལུག་མ་བསད་གཤན་པ་ཝས།  །ལྟ་བུའོ། །ཀྱེ་ཞེས་པ་སོགས་རྣམ་དབྱེ་ཡིན་ཞིང་འབོད་པ་གསལ་བྱེད་ཀྱི་སྒྲ་སྟེ། ཀྱེ་བླ་མ་ཞེས་པ་སོགས་མིང་དང་སྦྱར་ན་རྣམ་དབྱེའོ། །