༄༅། །བོད་ལྗོངས་ལྷ་མི་ཡོངས་ཀྱིས་དད་མོས་རྩེ་གཅིག་གིས་ལུགས་གཉིས་ཀྱི་འདྲེན་པ་མཆོག་ཏུ་མངའ་གསོལ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཆེན་པོའི་ཕྱག་ཐམ།

སེམས་འཚོར་དམར་པོ།

སེམས་འཚོར་དམར་པོ།
འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།

ཟིན་བྲིས་རྣམས་གྲངས།

Blog Archive

དྲང་སྲོང་རྒན་པོའི་ལྟ་གྲུབ།

ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།།སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།།སུ་དང་གང་གིས་འཇུ་ཡང་མི་ཟིན་པ།།བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།
ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།།དེ་རིང་གཡའ་དག་མཁའ་ནས་ཉི་གཞོན་འཛུམ།།གནམ་སའི་གཤིས་ལུགས་ངེས་མེད་འགྱུར་བ་འདི།།འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།
འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།།རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།།གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།།དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།
བྱང་ཐང་བྱེ་མ་སྤུངས་པའི་ཇག་ལམ་ན།།མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།།ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།།གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།
གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།།ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།།སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།།སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།
2007/3/26/བྲིས།

གདུང་བའི་སྨྲེ་ངག


གཉིད་ནི་རྨོངས་དང་འཐོམ་པའི་ཆ་ལག་ཕྱིར།།སུ་དང་གང་གིས་བསྟོད་པ་མི་བྱེད་མོད།།རྨི་ལམ་གྲོང་ཁྱེར་འགྲིམས་པའི་ལྟད་མོ་ལ།།གཟིགས་ན་གཉིད་ལ་མི་བསྟེན་མཐུ་མེད་ཡིན།།ངོས་འཛིན་གཏོད་སོ་མེད་པའི་བར་སྣང་གི།།མཛེས་མཚོན་ཁ་དོག་བཀྲ་བའི་འཇའ་རིས་སྣེ།།འཁྲུལ་སྣང་ཨ་ཐས་ཟབ་པའི་བོད་རྒན་ཚོས།།རེ་བས་ཤི་འཐམ་བྱས་པའི་རྨི་ལམ་རིང༌།།གཞན་འཚང་སྔོག་པའི་ཕག་གི་མཆུ་ཏོ་ལ།།རང་འཚང་སྐྱག་པ་འགོས་པའི་དྲི་ངན་གྱིས།།དངོས་དོན་བདེན་པའི་དྲི་བསུང་འཐུལ་བ་ལ།།ཕན་པའི་རེ་བ་བཅོལ་པའི་འཁྲུལ་སྣང་ཟབ།།ཟླ་འོད་མུན་པས་ཟོས་པའི་མཚན་མོ་ན།།ནག་ཅན་རྐུན་མའི་གྲིབ་གཟུགས་མ་མཐོང་བར།།འབ་སྒྲས་གནམ་ས་དབྲལ་བའི་ཁྱི་རྒན་ལ།།རེ་བའི་བློ་གཏོད་བྱས་པའི་ལྷ་སྒྲུང་སྙན།།སྤང་རྒྱན་མེ་ཏོག་བཀྲ་བའི་གླིང་ཁ་ན།།ཕྱེ་མ་ལེབ་ཀྱིས་འཕུར་ལྡིང་རྩེན་པའི་རྗེས།།བསམ་མེད་བྱིས་པ་རྒྱུག་པའི་རྡོག་སྣེ་ནས།།གཡང་སའི་རྡོ་ལ་བརྡབས་པའི་ངུ་རྒྱངས་ཐོས།།ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་དུ།།འཁྱགས་པས་ས་གཞི་བསྡམས་པའི་སྲུབ་ཀ་ནས།།ལྗང་མདོག་མྱུ་གུ་འབུས་པའི་རེ་བ་འདིས།།མེས་པོའི་སྙིང་ལ་འཇའ་ཡི་ཁང་བཟང་བསྐྲུན།།བསམ་གཞིགས་འཁྱགས་ལ་འབྱར་བའི་གྲང་ལྷག་གསེབ།།རྣམ་རྟོག་བུ་ཡུག་འཚུབ་པའི་དུར་ཁྲོད་ན།།ཕ་མེས་སྟོང་གི་རྣམ་ཤེས་ཐིམ་པའི་ཤུལ།།རེ་བའི་ལྷག་མ་འཇགས་རྩྭ་སྐམ་པོ་ཙམ།། ༢༠༠༧.༣.༢༠ ལ་བྲིས།

ཕྱིར་དྲན།

རི་རྩེ་ཁ་བས་ཉིན་རེ་ཉིན་རེར་བསྟིམས།།ནགས་ཀྱི་ཤིང་ལོ་རིམ་གྱིས་རིམ་གྱིས་ལྷུང༌།།ད་ནི་ཁོར་ཡུག་མཛེས་པའི་རྣམ་ཤེས་འདིའང༌།།དགུན་འཁྱགས་ལྷགས་པའི་རུམ་དུ་འབྱར་བར་ངེས།།ད་ནངས་བྱེ་འུའི་གསུང་སྙན་མ་ཐོས་གོང༌།།ཞོགས་རླུང་བསིལ་མོས་ཕྲ་ཡོལ་ཁད་ཀྱིས་ཕྱེས།།མགོ་བོ་སྔས་ལ་འབྱར་བའི་རྨི་ལམ་ཡང༌།།གཟུགས་མེད་རླུང་བུ་ལྡང་བས་ཧད་ཀྱིས་དཀྲོགས།།དབྱར་དགུན་སྟོན་དཔྱིད་ཤོག་ལྷེ་བསྒྱུར་བ་བཞིན།།དུས་བཞི་ཤུགས་ཀྱིས་ལོ་ཡི་འཁོར་ལོ་བསྐོར།།མི་ལོ་བཅུ་བདུན་ས་མཐར་དལ་གྱིས་རྫོགས།།དྲན་ཤེས་བསྣོལ་མས་སེམས་ཀྱི་ཚོར་འདུ་བཀྲུགས།།ལྟེ་ཁྲག་གང་དུ་འཕོས་པའི་ཕ་ཡུལ་དང༌།།བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་ཕ་མ་ཟུང༌།།ཤ་ཁྲག་གཅིག་པའི་སྤུན་ཉེ་གྲོགས་པོ་སོགས།།རི་ཁྲི་ཆུ་སྟོང་བརྒལ་བའི་ཕ་རོལ་ལུས།།མི་ཡུལ་འཁྱམས་པ་མི་ཡི་ལས་དབང་སྟེ།།ལྷ་ཡུལ་སླེབས་པའི་རེ་བ་བདག་ལ་མེད།།རང་ལུས་རང་ལ་དབང་བའི་ལས་དབང་ཞིག།མི་མངོན་གནམ་གྱི་དབྱིངས་ནས་གནང་རོགས་གྱིས།།
Powered by Blogger.

འཁྲུལ་སྣང༌།


ཡ་ཀི་རྩ་གསུམ་ལྷ་ཡུལ་མན་ཆད་ནས།།མ་ཀི་རྡོ་རྗེའི་དམྱལ་ཁམས་ཡན་ཆད་ན།།བྱ་བྱེད་བསྣོལ་མ་འཐབ་པའི་འཁྲུལ་སྣང་འདི།།སྒྱུ་རྩལ་སྙན་ངག་སྨྲ་བའི་ལྟད་མོ་ཞིག།
ཕ་རྒན་མུ་གེས་ཤི་བའི་དུར་ས་ན།།བུ་རྒྱུད་ཕྱུག་པོས་ཐུགས་སྤྲོ་བཏང་བྱས་ཏེ།།རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་པ་ཡིས།།རྣམ་ཤེས་འཁྱམས་པོ་འགུག་པའི་མགྲོན་བརྡར་སྨྲ།།
མ་རྒན་ཆང་སར་ཆས་པའི་རྟེན་འབྲེལ་ཐོག།བུ་མོས་བྲོ་གར་ཁྲབ་པའི་གླུ་གཞས་ཀྱིས།།ཆང་དང་སྦི་རག་མཆོད་པའི་སྐུ་མགྲོན་ཚོར།།སེམས་ཁམས་རླུང་གིས་བཀྱགས་པའི་འཁྲུལ་སྣང་སྟེར།།
ཡོད་ཚད་མཇེ་ཡིས་ཕུང་པའི་སྔགས་རྒན་དང༌།།དད་རྫས་སྟུ་རིན་སྤྲོད་པའི་གྲུབ་རྫུན་གཉིས།།རྨོངས་དད་བྲག་གི་བཙན་རྫོང་བརྩེགས་པའི་ནང༌།།བག་མེད་ཤ་ཆང་རོལ་བའི་འཁོར་ཚོགས་རྒྱས།།
སྔགས་ནག་གཅོད་པས་ལྷ་འདྲེ་གཡབ་མོ་བྱེད།།བསམ་མེད་བྱིས་པས་ཁྱི་སྨྱོན་རྡོ་ཡིས་རྡུང༌།།རྙོག་འཛིང་གཡབ་མོ་བྱེད་སའི་གྲུ་ག་འདིར།།ལྷིང་འཇགས་རེ་བ་མཚན་མོའི་རྨི་ལམ་ཙམ།།

སེམས་ཚོར་དམར་པོ།

རི་སུལ་ཁ་བས་བསྟིམས་པའི་ལྷག་རླུང་གསེབ།།རྣམ་ཤེས་རླུང་དང་འགྲོགས་པའི་བ་དོའི་ལུས།།གོས་མེད་གཅེར་བུར་འགྲིམས་པའི་སྐྱོ་གར་ལ།།བརྩེ་སེམས་གོས་བཟང་སྐོན་པའི་བྱམས་ལྡན་སུ།།མེ་མདའི་བུ་ཡུག་འཚུབ་པའི་གཡུལ་ས་ན།།ཚེ་སྲོག་རླུང་གིས་བདས་པའི་ཉམས་ཐག་འབུམ།།ཟུངས་ཁྲག་ཡུར་ཆུ་འཐེན་པའི་གཤིན་ཐང་ནས།།བདག་མེད་བམ་རོས་ཁེངས་པར་སུ་ཡིས་གཟིགས།།ལས་དབང་སྔས་སུ་བྱས་པའི་ལྷོ་མཐའ་ནས།། མིག་ཆུས་གདོང་རིས་བརླན་པའི་ངུ་རྒྱངས་ཀྱིས།།བྱང་བརྒྱུད་ཁ་བས་གཡོག་པའི་དུར་ས་ན།།རྒྱང་རིང་མིག་གིས་ཅེར་བ་སུ་ཡིས་གཟིགས།།གཞན་གནོད་བཞི་ལས་ལྡོག་པའི་སྲིད་དོན་གྱིས།།ཐར་པའི་ཁང་བཟང་མཛེགས་པའི་ལམ་ཟུར་ནས།།ཕ་ས་དོན་དུ་གཉེར་བའི་རྨི་ལམ་ལ།།རེ་བའི་རྨི་ཐག་འཕྱངས་པ་སུ་ཡིས་གཅོད།།ཡར་གི་གསེར་གྱི་ཉི་མའི་འོད་སྣང་འོག།མར་གི་འདུ་ལོང་འཚུབ་པའི་ལྷིང་འཇགས་སྣེ།།རྟག་བརྟན་ཐེར་ཟུག་འཛིན་པའི་འཁྲུལ་སྣང་ལ།།མི་རྟག་སྒྱུ་མའི་རང་ངོ་སུ་ཡིས་སྤྲོད།།མི་ཡུལ་སྔས་སུ་བྱས་པའི་གྲུ་ཁ་ན།།མི་ལོ་ལྔ་བཅུ་ཟིན་པའི་མཇུག་སྣེ་ནས།།མི་ནུས་གདམ་བྱ་མང་བའི་མིག་འཁྲུལ་གྱིས།།བྱིས་པའི་སེམས་ཁམས་བསླུས་པ་སུ་ཡིས་དཀྲོགས།།དགྲ་ལ་ཞི་མོལ་རེ་བའི་འཛུམ་མདངས་ཕག།གཉེན་ལ་རྒྱུག་རྡུང་ཕོག་པའི་ན་ཚ་ཡིས།།ཀི་ཅོས་གནམ་ས་དབྲལ་བའི་ཁོར་ཡུག་ན།།གཉིས་ཕན་འབྲས་བཟང་སྨིན་པ་སུ་ཡིས་རེ།།ནམ་མཁའི་འཇའ་རིས་མིག་གི་ལྟད་མོར་མཛེས།།སྤྲང་པོའི་གླིང་བུ་ཕྱུག་པོའི་རྣ་བར་སྙན།།ཞི་བའི་ལྟ་གྲུབ་བྱིས་པའི་བུ་རམ་གྱིས།།བཀྲེས་ལྟོགས་སེལ་བའི་ལོག་རྟོག་སུ་ཡིས་བཟློག།ཕ་རྒན་བསད་ནས་ཞགས་གསུམ་མ་ལོན་གོང༌།།ཕ་མེད་དྭ་ཕུག་འཁྱམ་པོས་ཁ་བཏགས་སྣེ།།ཕ་བསད་དགྲ་བོའི་མགུལ་ལ་འཐེན་པ་འདི།།ཕ་བཟང་བུ་ཡི་གྲལ་གསེབ་སུ་ཡིས་བཞག།ཁ་འདི་འཕྲེད་དུ་ཕྱེས་པའི་རྟེན་འབྲེལ་གྱིས།།འཕྲེད་འཕྲེད་གཏམ་ལ་རྫོགས་མཐའ་མི་འདུག་པས།།སེམས་ཀྱི་ཁྱེའུ་ཆུང་ངུས་པའི་མིག་ཆུ་རིས།།འཕྲེད་དུ་འབབ་པའི་སྙན་ཚིག་འདི་ཉིད་སྤེལ།།
སྤྱི་ལོ་༢༠༠༨ཟླ་བ་༣ཚེས་༧ཉིན་བྲིས།

དྲན་པའི་སྐྱོ་གདུང༌།


འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།སྐྱིད་པའི་ཕ་ཡུལ་སླེབས་པའི་སྐལ་བ་དེ་མེད་འདྲ།།དྲིན་ཅན་ཕ་མ་མཇལ་བའི་ལས་འཕྲོ་དེ་མི་འདུག།དྲན་གདུང་སེམས་ཀྱི་མིག་ཆུ་ཁོག་པ་ལ་གཞུར་ནས།།མི་ཚེ་ས་མཐར་བསྐྱལ་བའི་ལས་དབང་འདི་སྐྱོ་བ།།སྤུན་མཆེད་གཉེན་ཚན་དུ་མའི་ཞལ་པར་ཙམ་ཐོས་བྱུང༌།།སྐབས་འགར་པར་དང་བརྙན་ཕབ་ལྟད་མོ་ཙམ་མཐོང་ཡང༌།།ཕན་ཚུན་ལྷན་དུ་འཛོམས་པའི་གོ་སྐབས་དེ་བརླགས་ནས།།མི་ཚེ་ཕལ་ཆེར་མི་ཡུལ་ལུང་པ་ལ་རྫོགས་སོང༌།།སྐྱེས་ས་འཚར་ས་བསིལ་ལྡན་བོད་ལྗོངས་ལ་ཡིན་ཡང༌།།རྒ་ས་ཤི་ས་ལྷོ་མཐའི་ཚ་བ་ནང་ངེས་པས།།རྒྱུས་མེད་མི་ཡུལ་འཁྱམས་པའི་ཉམ་ཆུང་གི་གྲྭ་རྐྱང༌།།བསམ་ཞིང་བསམ་ཞིང་སེམས་སྡུག་ན་བུར་བཞིན་འཐུལ་སོང༌།།མི་བཟད་སྐྱོ་བའི་ཚོར་རླབས་སེམས་ཁོང་ནས་འཕྱུར་ཡང༌།།གདོང་གི་བཤུ་སྐོག་མཉེད་པའི་འཛུམ་ཀོང་འདི་བསྟན་བཞིན།།མི་ཚོགས་འདྲ་མིན་གསེབ་ཏུ་འགྲོ་ཁུལ་རང་བྱེད་པ།།འཇིག་རྟེན་མི་ལུས་ལེན་པའི་ཡ་ཚུལ་ཙམ་ལོས་ཡིན།།
༢༠༠༨.༥.༡༧ཉིན་དགེ་འོས་B.edའཛིན་གྲྭའི་ནང་གནན་ཐབས་མེད་པའི་སྐྱོ་སྣང་ཞིག་གིས་རྐྱེན་བྱས་ཏེ་དཀར་པང་ཐོག་ཐོལ་བྱུང་དུ་བྲིས།

Followers


དྲྭ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Friday, January 14, 2011
མཛོད་སྒྲ་འགྲེལ་གྱི་མཛད་པ་པོ་དྲན་པ་ནམ་མཁའི་སྐོར་ལ་དཔྱད་པའི་གཏམ་།(2)

ཨཱཅརྱ་གཟི་གཡང༌།
ཝཱ་ར་ཎ་སིའི་མཐོ་སློབ།
ལྔ་པ། པད་མ་འབྱུང་གནས་དེ་ཉིད་དྲན་པའི་སྲས་ཡིན་མིན་གྱི་སྐོར།
          བོན་གཞུང་རྣམས་སུ་པད་མ་འབྱུང་གནས་ཞེས་པ་དང་གཡུང་དྲུང་མཐོང་གྲོལ་ཞེས་པ་གཉིས་གང་ཟག་གཅིག་ཡིན་ཚུལ་དང༌། དེ་ཉིད་དྲན་པ་ནམ་མཁའི་སྲས་ཡིན་ཚུལ་གྱི་ལོ་རྒྱུས་སོགས་གང་མང་ཞིག་མཇལ་རྒྱུ་ཡོད་མོད། འོན་ཀྱང་དེ་དག་ལ་བདེན་ཁ་ཅི་ཙམ་ཡོད་མེད་ནི་འདིར་སྨྲ་བར་མི་ནུས་པས། རང་རང་སོ་སོའི་འདོད་ཚུལ་ངོ་བོ་གཅིག་དང་ཐ་དད་གང་ཡིན་ཞིབ་ཚགས་ཀྱི་ཚུལ་དུ་བོན་ཆོས་སོ་སོའི་ལུང་ཁུངས་ལ་གཞི་བཅོལ་བར་བྱ་སྟེ།  
ཐོག་མར་པད་མ་འབྱུང་གནས་ཉིད་དྲན་པའི་སྲས་ཡིན་ཚུལ་བཤད་པ་ནི། རྣམ་ཐར་གསང་བའི་མཛོད་ཆེན་ལས། 'འཆི་མེད་དྲན་པ་ནམ་མཁའ་ལུང་བསྟན་པས། །རིགས་མཆོག་གཅུང་པོ་གཡུང་དྲུང་མཐོང་གྲོལ་ཁྱོད། །འཛམ་གླིང་ཞིང་དང་རྒྱ་གར་བོད་ཀྱི་ཡུལ། །ཁྱད་པར་ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །དྷ་ཎ་ཀོ་ཤའི་མཚོ་ལ་གཟིགས་ཏེ་བྱོན། །མཚོ་དབུས་པད་མ་གེ་སར་སྡོང་པོའི་རྩེ། །རང་བྱུང་སྤྲུལ་པའི་རྫུས་སྐྱེས་ཚུལ་དུ་མཛོད། །འཁོར་དུ་མཁའ་འགྲོ་སྡེ་བཞིའི་དགྱེས་ཚུལ་བསྐོར། །གུ་རུ་མཚོ་སྐྱེས་རྡོ་རྗེ་ཞེས་སུ་གྲགས།'༣༧ །ཞེས་བོན་ལུགས་སུའང་གུ་རུ་རྫུས་སྐྱེས་སུ་འདོད་པ་དང༌། རྡོ་རྗེ་གླིང་པའི་གཏེར་མ་ཨོ་རྒྱན་པད་མས་མཛད་པའི་བོན་ཆོས་རྣམ་དབྱེ་ལས། 'པད་མ་སྔོན་གྱི་ལས་དབང་གིས། །ཞང་ཞུང་ཡུལ་དུ་དྲན་པའི་སྲས་སུ་འཁྲུངས། །ཡབ་ནི་ཞང་ཞུང་མ་ནི་རྒྱ་གར་ཟ། །ཡུལ་ནི་ཞང་ཞུང་ཁྱུང་ལུང་དངུལ་མཁར་ཞེས་བྱའོ། །བྲམ་ཟེ་སྐྱེ་བདུན་ཤ་ཡིས་རྐྱེན་བྱས་ནས། །ཡབ་ཡུམ་མ་འཆམ་སྲས་གཉིས་སོ་སོར་བགོས། །ང་ནི་ཡུམ་གྱིས་ཨོ་རྒྱན་ཡུལ་དུ་ཁྱེར། །པད་མའི་སྦུབས་སུ་སྦས་ནས་མཁའ་གྲོའི་ཚོགས་གྲལ་གཤེགས། །སྔོན་ཚེ་ལས་ཀྱི་ཨེན་ཏྲའི་བྷོ་ཏིས་རྙེད། །གསང་བའི་ཚུལ་དུ་རྒྱལ་བའི་སྲས་སྐལ་མཛད།'༣༨ །ཞེས་དང༌། ཆེ་མཆོག་དྲན་པ་ཡང་གསང་དྲག་པོའི་རྒྱུད་ལས། 'འཆི་མེད་དྲན་པ་ནམ་མཁའ་ཡི། །ཟབ་དོན་ཐུགས་ཀྱི་སྙིང་པོ་འདི། །གསང་གནས་གཡུང་དྲུང་སྤུངས་པ་རུ། །ཁོ་བོ་པད་མ་འབྱུང་གནས་དང༌། །རིགས་མཆོག་ཚེ་དབང་རིག་འཛིན་ལ། །དམར་བར་མཛད་ནས་གནང་བ་ཡིན།'༣༩ །ཞེས་གསུངས་པ་སོགས་ཀྱིས་པད་མ་མཐོང་གྲོལ་དང་པད་མ་འབྱུང་གནས་གཉིས་གང་ཟག་གཅིག་ཡིན་པ་དང༌། དེ་ཉིད་དྲན་པ་ནམ་མཁའི་སྲས་ཡིན་པར་འདོད་དོ། །
          འོན་ཀྱང༌། སྨན་རིའི་ཁྲི་འཛིན་ཉེར་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གིས་མཛད་པའི་བཀའ་དང་བཀའ་བརྟེན་གྱི་དཀར་ཆག་གི་མཐའ་མའི་མཇུག་སྡོམ་ནང་དེ་གཉིས་གང་ཟག་གཅིག་མ་ཡིན་ཚུལ་གྱིས། 'ཐམས་ཅད་ལེགས་པར་བརྟགས་ཤིང་མ་དཔྱད་ན། །དུ་བ་རླངས་པ་གཉིས་ལ་འཛོལ་བ་སྣང༌།'༤༠ །ཞེས་ཀྱང་གསུངས་ཡོད། དེ་བཞིན་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། 'དེ་ཡང་སྔར་རྒྱ་གར་གྱི་ཡུལ་ན་མུ་སྟེགས་འདུལ་དུ་བྱོན་ནས། དེར་མུ་སྟེགས་ཤ་རྣ་བྱ་བའི་བུ་མོ་མཁའ་འགྲོ་མ་འོད་ལྡན་འབར་མ་བྱ་བ་གཅིག་དང་མཇལ་སྟེ། དེ་སྒྲུབ་སྡེ་མ་རུ་བཙལ་བས་ཕྱིས་ལོ་དུས་ན་སྲས་གཅིག་འཁྲུངས། སྲས་དེ་ཡང་རིག་འཛིན་ཆེན་པོ་ཚེ་ལ་དབང་ཐོབ་པ་ཅིག་བྱུང༌།'༤༡ ཞེས་དྲན་པ་ནམ་མཁའི་སྲས་སུ་ཚེ་དབང་རིག་འཛིན་ཁོ་ན་ལས་མ་གསུངས་སོ། །
          གུ་རུ་པད་མ་འབྱུང་གནས་རྫུས་སྐྱེས་སུ་འདོད་པ་དེ་ཧ་ལམ་ཡོངས་གྲགས་ལྟ་བུ་ཡིན་ནའང༌། མངལ་སྐྱེས་སུ་འདོད་པའི་ལུགས་གཞན་སྡེའི་དཔེ་ཆ་གྲགས་ཆེན་རེ་ཟུང་ཞིག་དཔེར་མཚོན་ཙམ་གྱི་ཚུལ་དུ་འདིར་གླེང་བར་འདོད་སྟེ། རྡོ་རྗེ་ཕུར་པའི་བཤད་འབུམ་ཕུར་འགྲེལ་འབུམ་ནག་ལས། 'དེ་ལས་འདིར་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་དེ་མངལ་སྐྱེས་ཀྱི་དབང་དུ་བྱས་ན། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན། རྒྱལ་པོ་ཤཀྲ་བྱ་བ་དང༌། བཙུན་མོ་ཛ་ལེནྡ་གཉིས་ལས། འབྲུག་གི་ལོའི་སྟོན་ཟླ་ར་བའི་ཚེས་ཉི་ཤུ་གཅིག་ལ། གཟའ་པ་སངས། སྐར་མ་དམར་པོ་མགོ་ལ། དུས་ཉི་མ་རྩེ་ཤར་ཙ་ན་སྲས་གཅིག་བཙས་པ་དང༌། ཞལ་ཁྲོ་གཉེར་མཆེ་བ་བག་ཙམ་གཙིགས་པ། ལག་པ་གཡས་རལ་གྲིའི་ཕྱག་རྒྱ་ཅན། གཡོན་པ་གུནྡྷེའི་ཕྱག་རྒྱ་ཅན། མ་དེ་འཇིགས་ཤིང་བྱས་ནས་སྨྲས་པ། མིའི་བུ་མ་ཡིན་འདྲེའི་བུ་བག་ཏུ་སྣང༌། གཞན་གྱིས་མཐོང་ན་ལྟས་ངན་ཆེན་པོར་འགྱུར། དེ་བས་གཞན་གྱིས་མ་ཚོར་བར་བ་ལ་དབེན་པར་བཞག་གོ་ཟེར་བ་ལ་ཡབ་ཀྱིས་སྨྲས་པ། སེམས་ཅན་སྐྱེ་བ་མི་ལུས་ཐོབ་པ་ལ། །གཟུགས་དང་ཁ་དོག་མི་མཐུན་སོ་སོར་སྣང༌། །དེ་བས་བྲམ་ཟེ་མཚན་མཁན་ཁུག་ལ་སྟོན་ཟེར་ཏེ་བསྟན་པས། ཀྱེ་མ་གཡས་གཡོན་ཕྱག་ནི་ཕྱག་རྒྱར་ལྡན། །ཁྲོ་གཉེར་སྐྲ་མཚམས་ཤིན་ཏུ་མཐོ། །ཞལ་བགྲད་འཇོ་སྒེག་ཁྲོ་བོའི་གཟུགས། །རིག་བྱེད་དག་ལས་བཟང་བར་བཤད། །ཅེས་བརྗོད་ནས་པུ་ཇ་ཕུལ། ཕྱག་བཙལ་ནས་མཚན་བཤད་པ། གཡས་ཀྱི་ཕྱག་རྒྱ་འདིས་དུག་གསུམ་གྱི་དགྲ་བགེགས་འཇོམས་པ་ཡིན། གཡོན་གྱི་ཕྱག་རྒྱ་འདིས་དངོས་གྲུབ་རྣམ་གསུམ་ཐོབ་པ་ཡིན། སྤྱན་ལྡོག་ཁྲོ་གཉེར་བདུད་དང་མུ་སྟེགས་འདུལ་བ་ཡིན་པས་རྒྱལ་བུའི་མཚན་རྡོ་རྗེ་བདུད་འདུལ་དུ་ཐོགས་ཟེར་ནས་བཏགས་ས།'༤༢ ཞེས་གསུངས་པ་ལྟར་རོ། །དེ་བཞིན་ཏྭ་ར་ན་ཐས་མཛད་པའི་སློབ་དཔོན་པད་མའི་རྣམ་ཐར་རྒྱ་གར་ལུགས་ལས། 'དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་འབྲས་བུའི་ཚུལ་ལྷག་པར་དར་བའི་སྐབས་ཤིག་ཡུལ་གྱི་མཆོག་མ་ག་དྷར་རྒྱལ་པོ་དེ་བ་པ་ལ་རྒྱལ་སྲིད་སྐྱོང་བར་བྱེད་ལ། དཔལ་ཨོ་ཌི་ཡ་ནའི་ཡུལ་ན་རྒྱལ་པོ་ཧ་ཡ་ལི་ལ་ཞེས་བྱ་བ་རྒྱལ་སྲིད་ཆོས་བཞིན་དུ་བྱེད་དོ། །དེའི་ཚེ་རྒྱལ་རིགས་རིག་པ་སྨྲ་བ་པོ་དཀོན་མཆོག་གསུམ་བླ་མར་བྱེད་པ་སྲ་དོ་ཞེས་བྱ་བ་དེ་ནི་ཨོ་ཌི་ཡ་ནའི་སྐད་ཀྱི་མིང་སྟེ། རྒྱ་གར་གྱི་སྐད་དུ་སྲིག་དྷར་སྟེ་མེ་ཏོག་འཕྲེང་བ་འཛིན་པ་ཞེས་བྱ་བ་ཡོད་དེ། དེ་ལ་སྲས་མཚན་དང་ལྡན་པ་ཁ་དོག་དཀར་ལ་དམར་བ། སྲིན་ལག་ལ་པད་མའི་རི་མོ་ཡོད་པ། པད་མ་རྒྱས་པ་ལྟ་བུའི་མིག་དང་མཆུ་སྒྲོས་ཅན། པད་མ་ཨུ་དཔལ་ལྕགས་ཀྱུ་ཞགས་པ་ལ་སོགས་པ་ཤ་མཚན་དགེ་བའི་ལྟས་དུ་མ་ཡོད་པ་ཞིག་བཙས་ཏེ། བཙས་སྟོན་ལ་སོགས་པ་ཆེར་བྱས། བྲམ་ཟེ་རྣམས་ཀྱིས་ལྟས་བརྟགས་པས་འགའ་ཞིག་གིས་རྒྱལ་སྲིད་བྱེད་པར་ལུང་བསྟན། འགའ་ཞིག་གིས་རྒྱལ་སྲིད་ཁམས་ཀྱི་རྒྱལ་ཕྲན་བྱེད་པར་ལུང་བསྟན། ཁ་ཅིག་གིས་དུར་ཁྲོད་ན་གནས་ཤིང་རིགས་ཉམས་པར་བྱེད་པར་ལུང་བསྟན། དེ་ལྟར་བཟང་ངན་མ་ངེས་པ་སྣ་ཚོགས་པར་ལུང་སྟོན་པ་ལས་གཅིག་ཏུ་མ་ངེས་པ་ལ། འོན་ཀྱང་ཐམས་ཅད་མཐུན་པར་གཞན་གྱིས་ཐུབ་པར་དཀའ་བར་ལུང་བསྟན་ཏེ། དེར་ལེགས་པར་སྦྱངས་་་་རྣལ་འབྱོར་བ་ཞིག་བྱུང་བ་ལ་དྲིས་པས། འདི་ནི་གསང་སྔགས་ཀྱི་སྒྲུབ་པ་པོ་མཆོག་ཏུ་འགྱུར་ཞིང༌། པད་མའི་རིགས་ཀྱི་མཚན་ཉིད་ཐམས་ཅད་ཚང་བས་ན་འོད་དཔག་མེད་པས་བྱིན་གྱིས་བརླབ་པར་འགྱུར་རོ། །དེའི་ཕྱིར་འདིའི་མིང་ནི་པད་མ་ཨ་བ་བྷ་སི་སྟེ་མཚམས་སྦྱོར་བས་པད་མ་བ་བྷ་སི་ཞེས་ཐོགས་ཤིག་ཟེར་བ་ལྟར་བྱས་སོ། །རྣམ་ཐར་དེ་ཉིད་ལས། དེ་ལྟར་ན་རབ་ཏུ་བྱུང་བའི་མཚན་པད་མ་ཨ་ཀ་ར་སྟེ་པད་མ་འབྱུང་གནས། དཀྱིལ་འཁོར་དབང་བསྐུར་བའི་གསང་མཚན་པད་མ་སཾ་བྷ་ཝ་སྟེ་པད་མ་འབྱུང་ལྡན། སྔོན་དུས་ཨོ་རྒྱན་གྱི་སྐྱེ་བོས་བླ་དྭགས་སུ་བཏགས་པ་ཀ་མ་ལ་ཀུ་ལི་ཤ་སྟེ་པད་མ་རྡོ་རྗེ། དེ་ཡང་དཔྲལ་བ་ན་རྡོ་རྗེ་མཚན་པའི་པད་མ་རྒྱས་པའི་རི་མོ་ཡོད་པས་སོ། །ཆུང་ངུའི་དུས་སུ་བཏགས་པའི་རིགས་ཀྱི་མིང་ནི་པད་མ་ཨ་བ་བྷ་སི་སྟེ་པད་མ་འོད་ཟེར་ལྡན། སློབ་མ་རྣམས་ཀྱིས་གུས་པས་མཚན་གསོལ་བ་ནི་ཤྲི་མ་ཧ་སུ་ཁ་སྟེ་དཔལ་བདེ་བ་ཆེན་པོ། ཕྱིས་ཨོ་རྒྱན་དུ་བྱོན་པའི་སྐབས་ཨོ་ཌི་ཡ་ན་བ་རྣམས་ཀྱིས་མཚན་གསོལ་བ་སྔོན་གྱི་དཔལ་བདེ་བ་ཆེན་པོ་པད་མ་བཛ྄་དང་མཛད་པ་མཚུངས་པས་པད་མ་བཛ྄།'༤༣ ཞེས་གསུངས་པས་སོ། །
          དེ་ལྟར་པད་མ་འབྱུང་གནས་དྲན་པའི་སྲས་ཡིན་མིན་གྱི་ལོ་རྒྱུས་དང༌། དེ་ཉིད་རྫུས་སྐྱེས་དང་མངལ་སྐྱེས་ཅི་ཡིན་བན་བོན་གྱི་དཔེ་ཚོགས་དག་ལས་ཅི་རིགས་སུ་སྣང་བས་བདེན་པའི་དྲི་བསུང་སུ་ལས་འཐུལ་མིན་བརྗོད་དཀའ་བའི་གནས་སུ་གྱུར། དེས་ན་བློ་དམན་བདག་ལྟ་བུར་སྐྱེས་བུ་འཕགས་པའི་མཛད་རྣམ་དག་ལ་གཞིགས་ནས་མཐའ་ཚིག་སྒྲོག་པའི་བློ་སྟོབས་ཡེ་ནས་མི་མངའ་ཡང༌། བསམ་གཞིགས་ཀྱི་ཚུལ་དུ་ཚིག་གི་འབྲུ་མ་རེ་ཟུང་ཞུ་བར་འདོད་སྟེ། དེ་ཡང་རྣམ་ཐར་གསང་བའི་མཛོད་ཆེན་དང༌། རྡོ་རྗེ་གླིང་པའི་གཏེར་མ་བོན་ཆོས་རྣམ་དབྱེ་སོགས་སུ་བོན་བན་གྱི་ལོ་རྒྱུས་ཕན་ཚུན་བསྲེས་ལྷད་མང་པོ་ཤོར་ཡོད་པས། དེ་ཙམ་གྱི་གདེང་འཇོག་ཞུ་བར་དཀའ་སྟབས། པད་མ་འབྱུང་གནས་དྲན་པའི་སྲས་མ་ཡིན་པ་དེ་དངོས་སྟོབས་རིག་པའི་ལམ་ནས་ཞུས་ཀྱང༌། ལུང་རིགས་མཐའ་དག་ཞུས་པའི་དྲན་པ་རྗེ་ཡབ་ལ་འབངས་ཀྱི་གྲལ་དུ་མི་བཀོད་པས་སོ། །
དྲུག་པ། གྲི་གུམ་སྐབས་ཀྱི་དྲན་པ་ནམ་མཁའི་སྐོར།
          གྲི་གུམ་གྱིས་བོན་བསྣུབས་ཤིང་གཤེན་པོ་རྣམས་ས་མཐར་སྤྱུགས་པའི་གཉན་འཕྲང་གི་དུས་དེར་བོན་གཤེན་རྣམས་ཀྱིས་རྒྱལ་པོ་ལ་དེ་ལྟར་མི་བགྱི་བའི་འབོད་བསྐུལ་ཞུ་བའི་སྐབས་རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཀྱིས་ཐུགས་ཐག་ཆོད་པོས་འདི་ལྟར་གསུངས་ཏེ། 'ཀྱེ་གཤེན་པོ་ཀུན། རྒྱལ་པོས་སྨྲ་བ་ཐེངས་གཅིག་སྨྲ། །གཅམ་བུས་སྨྲ་བ་ཡང་ཡང་སྨྲ། །ཡུ་བོས་བརྡུང་བ་ཁུས་ཀྱིས་བརྡུང༌། །བོན་གཤེན་རྣམས་ཀྱང་མཐའ་རུ་གཤེགས། །གྱིམ་བུ་ལན་ཚའང་མ་བཞུགས་གཤེགས་པར་ཞུ།'༤༤ །ཞེས་གྱིམ་བུ་ལན་ཚ་སྐུ་གཤེན་དུ་བཞུགས་དགོས་པར་རྒྱལ་པོ་ཉིད་ཀྱིས་བཀའ་ཕབ་མོད་ཀྱང༌། དེ་ལ་རྒྱུང་ཡར་ཁོད་སྤུངས་ཀྱིས་རྒོལ་ལན་གྱི་ཚུལ་དུ་མི་བཞུགས་པར་ཞུས་རབས་གསལ་བ་དག་ལ་གཞིགས་ན། ཁྲི་སྲོང་གི་སྐབས་ལྟར་དྲན་པ་ནམ་མཁའ་འདིས་རྒྱལ་པོ་ལ་མགོ་བཏགས་ཞུས་མེད་པས། གྲི་གུམ་དང་ཁྲི་སྲོང་གཉིས་ཀྱི་སྐབས་སུ་མཆིས་པའི་དྲན་པ་ནམ་མཁའ་སོ་སོའི་མཛད་སྤྱོད་བར་ལ་ཁྱད་པར་ཤིན་ཏུ་ཆེ་བར་སྣང་ངོ། །
          ཡང་ཁྲི་སྲོང་སྐབས་སུ་མཆིས་པའི་དྲན་པ་ནམ་མཁས་བོན་བསྟན་འཇིག་ཉེན་ལས་བསྲུང་བའི་ཕྱིར་དེ་ལྟར་གནང་ཞེས་བརྗོད་ན། དེ་ལྟར་ཡིན་ཆོག་ཀྱང་གྱིམ་བུ་ལན་ཚའང་བོན་བསྟན་དང་རྒྱལ་པོ་ཉིད་ལ་དགོས་མཁོ་ཡོད་པས། དེར་མ་བཞུགས་པར་གཤེགས་ཞེས་བརྗོད་ཡོད་པས་ཁྱད་པར་རང་བཞིན་གྱིས་མཐོང་ཐུབ་པས་མ་ཚད་གང་ཟག་ཡང་ཐ་དད་ཡིན་པར་སེམས་སོ། །
བདུན་པ། ཁྲི་སྲོང་སྐབས་ཀྱི་དྲན་པ་ནམ་མཁའི་སྐོར།
          ཁྲི་སྲོང་སྐབས་བོན་ལ་དོ་ཕོག་ཤིན་ཏུ་ཆེན་པོ་བྱུང་ཡོད་པ་ནི་ཡོངས་སུ་གྲགས་པས། འདིར་དེ་ཙམ་བསྐྱར་བཤད་བྱ་བར་མི་འདོད། ཁྲི་སྲོང་གི་དུས་སུའང་དྲན་པ་ནམ་མཁའ་བཞུགས་ཡོད་པའི་ལོ་རྒྱུས་ནི་ཕལ་ཆེར་བོན་བན་གཉིས་ཀའི་ལོ་རྒྱུས་རྣམས་གསལ་པོར་མཇལ་རྒྱུ་ཡོད། དེས་ན་སྐབས་དེའི་དྲན་པ་ནམ་མཁའ་དང་འབྲེལ་བའི་ལོ་རྒྱུས་ཁག་ལ་ཅུང་ཟད་དཔྱད་ན། ཕུར་པའི་དོན་བསྡུས་རྩ་བའི་འགྲེལ་ཆེན་ལས། 'མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། གཡུང་དྲུང་གི་བོན་དམ་པ་རིན་པོ་ཆེ་རྣམས་གཏེར་དུ་སྦས་ནས། བླ་ཆེན་དྲན་པ་ནམ་མཁའ་ནི་ལོ་སུམ་ཅུ་རྩ་བདུན་ལ་ནན་བན་དུ་བཅུག་གོ།'༤༥ །ཞེས་དང༌། དྲང་དོན་མུན་སེལ་སྒྲོན་མེའི་འགྲེལ་པ་ལས། 'དགུང་ལོ་བཞི་བཅུ་ཞེ་བདུན་ལ་གསེར་ཕྱེ་བྲེ་གསུམ་ཁྱེར་ནས་བླ་མ་ལ་ཞབས་ཏོག་འབུལ་དུ་ཕྱིན། བདེ་བ་གཡུང་དྲུང་ལྷུན་པོ་ཚལ་དུ་བླ་མ་རྣམས་སྤྱན་དྲངས་ནས། གསེར་གྱི་མ་འདལ་ཕུལ་ནས་རྟོགས་པའི་འཕྲོ་བ་བཅད། ཚེའི་དངོས་གྲུབ་ཐོབ་ནས་བོད་དུ་ལན་བདུན་བཞུགས། དེ་ཚེ་ཆོས་དར་བོན་བསྣུབས་བོན་རྣམས་གཏེར་དུ་སྦས། རྫུ་འཕྲུལ་སྟོབས་ལྡན་གཤེན་ལ་དར་ནུབ་མེད། བཻ་རོ་ཙ་ནས་བོན་རྣམས་ཆོས་སུ་བསྒྱུར། དེ་ནས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྲོངས་པའི་འདང་ལ་ལན་ཅིག་སྙེགས།'༤༦ །ཞེས་དང༌། སྲིད་རྒྱུད་ལས། 'ཀྱེ་རྗེ་གཅིག་ཁྲི་སྲོང་ལྡེ་བཙན་ལགས། །རྗེའི་གདུང་རབས་སོ་གསུམ་ཡན་ཆད་དུ། །གཡུང་དྲུང་བོན་གྱི་སྐུ་སྲུང་བྱས། །རྒྱལ་གྱི་ཕ་བ་དང་བློན་གྱི་སྐུ་གཤེན་བྱས། །དེ་ཚེ་ཞལ་བྲོ་བཀྲ་ཡང་ཤིས། །སླད་ན་ཁྱེད་ཀྱི་ཐུགས་སུ་གདོན་ཞུགས་པས། །བོན་རྣམས་བསྣུབས་ནས་ཆོས་སྤེལ་བ། །དེ་ལ་ཐུགས་ཡིད་ཆད་ནས་ནི། །སྔར་གྱི་སྐུ་སྲུངས་བོན་པོ་རྣམས། །ལྷོ་བལ་སོག་པོའི་ཡུལ་དུ་བྱོན། །བདག་ཀྱང་རྗེས་སུ་འབྲེང་ནི་མ་ནུས། །མི་ལུས་གཙང་མ་ཐོབ་དུས་འདིར། །སྲོག་ལ་ཆགས་པས་གུམ་ནི་མ་ནུས་སོ། །ད་ང་ཡང་བན་དེ་བྱེད་ཟེར་ནས། །རང་གི་གཤང་སྤྱི་བོར་ཐང་གསུམ་བཀྲོལ་ཏེ། །ད་ཡང་སྤང་བར་བྱ་ཡི་འཕྲུལ་ངག་བདེན་པའི་བོན། །དེ་སྐད་ཟེར་ནས་གཤང་ཡང་བསྐུང༌། །བན་དེའི་དྲིལ་བུ་ལག་ཏུ་བླངས་ནས། །བླང་ངོ་བླང་བར་བྱའོ་དམ་པའི་ཆོས། །དེ་སྐད་གསུངས་ནས་སྨིན་མའི་མཚམས་སུ་ཐང་གསུམ་བསྒྲགས་པས། །རང་གི་རུམ་ནས་གྲི་ཕྱུངས་པས། །ཉིད་ཀྱི་ལྟག་སྐྲ་ཉིད་ཀྱི་བྲག་པས། །དཀྱིལ་འཁོར་སྟོང་དུ་བསྐྱུར་ཏེ་བཞག །བྲན་ཀ་དཔལ་ཆེན་པོར་མཚན་ཀྱང་གསོལ། །དེར་དྲན་པ་ནམ་མཁའ་ནན་བན་བྱས།'༤༧ ཞེས་གཞུང་འདིའི་ནང་ཁོང་དགུང་ལོ་སོ་གཅིག་ལ་ནན་བན་བྱས་ཡོད་ཚུལ་བཤད་པ་དང༌། ཕྱོགས་གཅིག་ནས་རྗེའི་གདུང་རབས་སོ་གསུམ་ཡན་ཆད་དུ་རྒྱལ་གྱི་ཕ་བ་དང་བློན་གྱི་སྐུ་གཤེན་བྱས་ཡོད་ཚུལ་བཤད་ཡོད་པས། དེ་ལྟར་སྔ་ཕྱི་མི་མཐུན་པའི་གཏམ་ལ་ཇི་ལྟར་འགྲེལ་དགོས་མིན་མ་ཤེས་ཀྱང༌། དགུང་ལོ་སོ་གཅིག་དེ་གཤེན་ལོ་ཡིན་པའི་དབང་དུ་བཏང་ནའང༌། མི་ལོ་༣༡༠༠ཡིན་དགོས་པས། དེ་ལྟར་གཉའ་ཁྲི་ནས་ཁྲི་སྲོང་གི་བར་ལའང་རྒྱལ་རབས་སོ་བརྒྱད་ལས་ཕྱིན་མེད་པས་མི་ལོ་༣༡༠༠ལོན་ཐབས་མེད་པ་ནི་བྱིས་པས་ཀྱང་ཤེས་སོ། །
          དྲན་པ་ནམ་མཁའ་ནན་བན་དུ་འཇུག་པའི་དུས་དགུང་ལོ་སོ་བདུན་ལ་བཞེད་པའི་གཞུང་ནི་ཕུར་པའི་དོན་བསྡུས་རྩ་བའི་འགྲེལ་ཆེན་དང་སྐྱབས་སྟོན་ཁྲོ་འགྲེལ་སོགས་ཡིན། སྲིད་རྒྱུད་ནང་ལོ་སོ་གཅིག་དང༌། དྲང་དོན་མུན་སེལ་སྒྲོན་མེའི་འགྲེལ་པ་ལས་དགུང་ལོ་བཞི་བཅུ་ཞེ་བདུན་རྗེས་སུ་བོད་ལ་ཕེབས་ཤིང༌། རྣམ་འབྱེད་འཕྲུལ་ལྡེ་ལས་ལོ་སོ་ལྔའི་བར་དུ་ནན་བན་དུ་བཞུགས་ཚུལ་གསལ་བར་སྣང༌།༤༨ གང་ལྟར་གོང་གཞུང་ལུང་དྲངས་པའི་བོན་གཞུང་ཁག་ཏུ་དྲན་པ་ནམ་མཁའི་དགུང་ལོ་སུམ་ཅུ་ནས་ཞེ་བདུན་ཡས་མས་བར་དུ་བཞེད་ཡོད་པས་དེ་དག་ལ་ཇི་ལྟར་དཔྱད་ཀྱང༌། སྐབས་འདིའི་དྲན་པ་ནི་ཞང་ཞུང་དྲན་པ་ནམ་མཁའ་དེ་ཉིད་མ་ཡིན་པ་ཤིན་ཏུ་གསལ་པོར་གྱུར་ཡོད། གང་ཡིན་ལགས་ན། ཡོངས་འཛིན་རིན་པོ་ཆེས། 'བླ་ཆེན་དགུང་ལོ་བརྒྱ་བཞེས་པའི་དུས་སུ་བསྟན་པ་དར་ནུབ་རེས་ཤིག་བྱུང༌། འདིའི་དུས་སུ་རྒྱལ་པོ་གྲི་གུམ་བཙད་པོས་བོན་བསྣུབས། བོན་གཤེན་རིག་འཛིན་རྣམས་ལ་སྐུ་ངལ་བྱས་པ་ཡིན་པར་མངོན།'༤༩ ཞེས་གསུངས་པས་སོ། །
          དེ་མིན་ད་དུང་དྲན་པ་ནམ་མཁའ་རྒྱལ་རབས་མང་པོའི་དུས་སུ་བཞུགས་རབས་ཀྱང་མཇལ་རྒྱུར་སྣང་སྟེ། དྲན་པའི་བཀའ་ཐང་ནང་ཞང་ཞུང་རྒྱལ་པོ་ལིག་མི་རྐྱས་དྲན་པ་ནམ་མཁའ་མཆོད་གནས་སུ་གདན་དྲངས་པ་དང༌། བོད་རྒྱལ་སོ་དགུ་པ་ཁྲི་ལྡེ་གཙུག་བརྟན་གྱིས་ཀྱང་བླ་ཡི་མཆོད་གནས་སུ་ཕེབས་པར་ཞུ་འབུལ་བྱས་པ་དང༌། ཁྲི་སྲོང་སྐབས་སུའང་རྫུ་འཕྲུལ་རྩལ་གྱི་བོད་དུ་ཕེབས་ནས་རྒྱལ་པོར་ཡབ་མེས་བཞིན་བོན་སྤྱོད་པའི་ཕན་ཡོན་སོགས་བཤད་པ་སོགས་བཀོད་༥༠ཡོད་པས་མ་ཚད། ཡོང་འཛིན་རིན་པོ་ཆེས། 'སྤུ་ལྡེ་གུང་རྒྱལ་གྱི་བླ་མ་དྲན་པ་ནམ་མཁའ་དང་ཁྱུང་པོ་སྟག་སྒྲ་དུན་བཙུག་ཅེས་དང༌། རྒྱལ་ཁྲི་རྗེ་ཐོག་བཙན་གྱི་རིང་ལ་བླ་ཆེན་པོ་རྫུ་འཕྲུལ་སྟོབས་ཀྱིས་སྟག་གཟིག་ཡུལ་དུ་བྱོན་ནས་བོན་སྒོ་མང་པོ་གདན་དྲངས་སོགས་དང༌། སྲོང་བཙན་སྒམ་པོའི་དུས་སུའང་སྟོང་རྒྱུང༌། དྲན་པ། སེ་ཤ་རི་སོགས་བོད་དུ་གདན་དྲངས་པར་བཤད།'༥༡ ཅེས་བསྒྲགས་པ་རིན་ཆེན་གླིང་གྲགས་ལས་ལུང་དྲངས་པས་སོ། །
བརྒྱད་པ། རྗེ་འབངས་ཉེར་ལྔའི་ནང་གི་དྲན་པ་ནམ་མཁའི་སྐོར།
          དྲན་པ་ནམ་མཁའ་རྗེ་འབངས་ཉེར་ལྔའི་གྲས་སུ་ཡོད་ཚུལ་ནི་བོན་བན་གཉིས་ཀའི་གཞུང་དུ་གསལ། དེ་ཡང་རྙིང་མའི་ཆོས་འབྱུང་ལས། 'དྲན་པ་ནམ་མཁའ་ཐོག་མར་བོན་གྱི་གྱེར་གཤེན་ཆེན་པོ་ཡིན་ཡང༌། ཕྱིས་སློབ་དཔོན་གྱི་དྲུང་དུ་ཆོས་ལ་སྦྱངས། ལོ་ཙཱ་ཡང་མཁྱེན། རྫུ་འཕྲུལ་གྱིས་བྱང་གི་གཡག་རྒོད་སྡིགས་མཛུབ་མཛད་པ་ཙམ་གྱིས་འགུགས། འདིས་བོན་གྱི་མན་ངག་མང་པོ་སློབ་དཔོན་ལ་ཕུལ་བ་སློབ་དཔོན་གྱིས་གཏེར་དུ་སྦས་པ་ཕྱིས་གཏེར་ཁ་འགའ་རེ་ནས་མན་ངག་ཅི་རིགས་འབྱུང་བ་མཐོང་ལ། སློབ་དཔོན་ལས་རབ་བྱུང་ཞུས་ཞིང་དབུ་ཞྭ་དམར་པོ་ཞིག་བཞེས་པས། འཕུང་བོན་མགོ་དམར་དུ་ཡང་གྲགས་སོ། །དེ་ལྟ་ན་བྲིས་ཚ་འགའ་ཞིག་ཏུ་བོན་ཞྭ་ཅན་བྲི་བར་སྣང་ཡང་དགོས་པ་མེད་དམ་སྙམ་མོ།'༥༢ ཞེས་དྲན་པས་སློབ་དཔོན་པད་མ་ལས་རབ་བྱུང་ཞུ་དུས་དབུ་ཞ་དམར་པོ་ཞིག་བཞེས་པས་མཚན་ལའང་འཕུང་བོན་མགོ་དམར་ཐོགས་ཚུལ་ལུགས་གཅིག་དང༌། སྲིད་རྒྱུད་ལས། 'དེའི་ཚེ་དེའི་དུས་ཙམ་ན། གཤེན་དྲན་པ་ནམ་མཁའ་བྱ་བ་དེ། བོན་གྱི་བསྟན་པའི་དུས་ནས་གསང་སྔགས་ཕྱི་ནང་གཉིས་ལ་མཁས་པ་ཡིན། ཆོས་ཀྱི་ནན་བན་དུ་བཅུག་པའི་དུས་ལ་ཡང༌། ཆོས་སྡེ་སྣོད་སྟོན་པ་ལ་མཁས་པའི་ཀ་དཔལ་ཆེན་པོར་མཚན་ཀྱང་བཏགས། བོན་བསྣུབས་དབུ་གཡོག་བྱུང་བའི་ཚེ་དྲན་པ་ནམ་མཁའ་ཡི་དམོད་པ་སྨིན་པ་ཚོར། ཕྱིས་སུ་འཕུང་བོན་འགོ་དམར་བཏགས་སོ།'༥༣ །ཞེས་གསུངས་ལྟར་ལུགས་གཉིས་སུ་སྣང༌། འོན་ཀྱང་ཕུང་བོན་མགོ་དམར་འདི་ཉིད་དྲན་པ་ནམ་མཁའ་ཡིན་མིན་གྱི་དཔྱད་རྩོམ་དགེ་བཤེས་འོད་ཟེར་རྒྱལ་མཚན་གྱིས་བྲིས་ཤིག་བོན་སྒོ་འདོན་ཐེངས་བཅུ་བཞི་པའི་ནང་གསལ་༥༤པོར་བྲིས་འདུག་པས་དེར་གཟིགས་པར་འཚལ།
          དཔལ་ཚུལ་གྱིས་ཆོས་འབྱུང་ཀུན་གསལ་མེ་ལོང་ལས། 'དྲན་པ་ནམ་མཁའ་ནི་ཐོག་མར་བོན་གྱི་གྱེར་གཤེན་ཆེན་པོ་འཁྲུངས་ཡུལ་དྭགས་པོ་ཡིན། གྲུབ་པ་ཐོབ་པའི་རིག་འཛིན་གྱིས་སློབ་དཔོན་ལས་ཆོས་གསན། ལོ་ཙཱ་ཡང་མཁས་པར་མཁྱེན། རྫུ་འཕྲུལ་གྱིས་བྱང་གི་གཡག་རྒོད་སྡིག་མཛུབ་མཛད་པས་འགུགས་པ་སོགས་གྲུབ་རྟགས་མཐའ་ཡས་པས། བཻ་རོ་དང་འདི་ཡིས་བོན་གྱི་རྒྱུད་གདམས་མན་ངག་མང་པོ་སློབ་དཔོན་ལ་ཕུལ་བ་དང༌། དམ་ཆོས་སུ་མཚན་གསོལ་བསྒྱུར་བར་མཛད། སློབ་དཔོན་གྱིས་མན་ངག་རྣམས་གཏེར་དུ་སྦས་པ་ཕྱིས་གཏེར་ཁ་འགའ་རེ་ནས་མན་ངག་ཅི་རིགས་འབྱུང་བ་མཐོང་ཞེས་ཚད་མར་བཞུགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་གསུངས་སོ།'༥༥ །ཞེས་གསུངས་ཤིང༌། དྲན་པའི་བཀའ་ཐང་ལས། 'དེ་ནས་གསང་བདག་དྲན་པ་ནམ་མཁའ་ཉིད། ཐུགས་ཉིད་བོན་ལ་དགོངས་ཀྱང༌། གང་འདུལ་ཚུལ་ཆོས་ཀྱི་རྗེ་འབངས་ཉེར་ལྔའི་ཁོངས་སུ་བསྡུས།'༥༦ ཞེས་གསལ་ལོ། །བོད་རྒྱ་ཚིག་མཛོད་ཆེན་མོ་རུ་བགྲངས་པའི་རྗེ་འབངས་ཉེར་ལྔའི་ཁོངས་སུ་དྲན་པ་ནམ་མཁའ་བརྩིས་མེད་༥༧ཀྱང༌། དུང་དཀར་ཚིག་མཛོད་དུ་ཁྱེའུ་ཀི་ཆུང་ལོ་དང་དྲན་པ་ནམ་མཁའ་གཉིས་གང་ཟག་གཅིག་ཏུ་འདོད་༥༨ཡོད།
          དེ་ལྟར་ནའང༌། རྙིང་མའི་རིན་ཆེན་གཏེར་མཛོད་ལས། 'ལྕགས་ཀྱི་སྡོང་པོའི་གླང་ཆེན་གྱི། ཀླུ་མོ་ཉིད་འགྱུར་ཚེ་འཕོས་པ། དྲན་པ་ནམ་མཁའ་བྱ་བར་སྐྱེས།'༥༩ ཞེས་གསལ་བ་ལྟར་དྲན་པ་ནམ་མཁའ་རྗེ་འབངས་ཉེར་ལྔའི་ཁོངས་སུ་བཞུགས་ཡོད་པ་ནི་ཕལ་ཆེར་རྩོད་གཞི་དང་བྲལ་བར་སྙམ་མོད། འོན་ཀྱང༌། དེ་ཉིད་ཞང་ཞུང་དྲན་པ་དང་དྭགས་པོའི་དྲན་པ་གཉིས་ལས་གང་ཞིག་ཡིན་མིན་ནི་བོན་གྱི་ལོ་རྒྱུས་ནང་འདོད་ཚུལ་འདྲ་མིན་དུ་སྣང་ངོ༌། །
          དེ་ཡང་སྲིད་རྒྱུད་དང་དྲན་པའི་བཀའ་ཐང་སོགས་ལས་ཞང་ཞུང་དྲན་པ་དེ་ཉིད་ཡིན་པར་འདོད་ཀྱང༌། མཁས་དབང་དཔལ་ཚུལ་དང་ཡོངས་འཛིན་རིན་པོ་ཆེས་དྭགས་པོའི་དྲན་པར་གསུངས་འདུག་པས། ཁོ་མོས་འདིར་བསམ་གཞིགས་ཀྱི་ཚུལ་དུ་གླེང་བར་འདོད་པ་ནི། དྲན་པའི་བཀའ་ཐང་དང་རྣམ་ཐར་གསང་བའི་མཛོད་ཆེན་ལ་སོགས་པའི་ཕྱག་དཔེ་རྣམས་ནི་བོན་གསར་མའི་དཔེ་གཞུང་ཡིན་པས། ལོ་རྒྱུས་སོགས་ལའང་བསྲེས་ལྷད་མང་པོ་ཤོར་ཡོད་པ་ནི་སྨོས་མེད་ལ་སོང༌། འདིར་དཔེ་མཚོན་ཙམ་ཞིག་ཞུས་ན། དྲན་པའི་བཀའ་ཐང་ནང་དུ་ཁྲི་སྲོང་འཕགས་པ་འཇམ་དཔལ་ཉིད་ཀྱི་སྤྲུལ་པ་ཡིན་རབས་དང༌། དྲན་པ་ནམ་མཁས་འཕགས་པ་ཀླུ་སྒྲུབ་ལ་སོགས་འཁོར་རྣམས་ལ་ཐུགས་ཉིད་སྐྱེ་མེད་དོན་གཏན་ལ་ཕབ་ནས་བཤད་ཡོད་རབས། དེ་བཞིན་རྣམ་ཐར་གསང་བའི་མཛོད་ཆེན་གཏན་ལ་ཕབ་ནས་འོད་ལྡན་མཁའ་འགྲོ་དང༌། ལོ་ཆེན་བཻ་རོ་དབྱངས་ཅན་མཚོ་རྒྱལ་མ། ལྷ་སྲས་མུ་ཏིག་དམུ་ཙ་ལ་སོགས་ལ་བཀའ་ཡི་གཉེར་གཏད་པ་སོགས་བྲིས་ཡོད་པ་ལྟར་རོ། །དེས་ན་དེ་དག་ལ་གཞིགས་ན་རང་བཞིན་ཤུགས་ཀྱིས་ལོ་རྒྱུས་ལ་ཇི་ཙམ་བསྲེས་ལྷད་དང་གཞན་གྱི་ཤུགས་རྐྱེན་ཐེབས་ཡོད་པའང་དེ་བས་གསལ་པོར་རྟོགས་ཐུབ་བོ། །གོང་སྨོས་གཞུང་ལུགས་དེ་དག་གི་བཞེད་མཐུན་ལྟར་ཁྲི་སྲོང་སྐབས་ཀྱི་དྲན་པ་དེ་ཞང་ཞུང་དྲན་པ་དེ་ཉིད་ཡིན་པའི་ལུགས་སུ་བཏང་ན། མཁན་ཆེན་ཉི་མས་གསུངས་པ་ལྟར་ཕ་དགྲ་བོན་གཤེད་དུ་འགྱུར་བའི་སྐྱོན་ཡོད་པ་ནི་ཅིས་ཀྱང་སྨོས་མི་དགོས་སྙམ་མོ། །
མཐའ་བསྡོམས།
          ད་ལམ་འདིར་ལག་སོན་བྱུང་རིགས་ཀྱི་དཔེ་ཚོགས་དག་ལ་བརྟེན་ནས་དྲན་པ་ནམ་མཁའི་སྐོར་ལ་རགས་དཔྱད་ཀྱི་ཚུལ་དུ་མཇུག་བསྡོམས་ཀྱི་ས་བཅད་བསྐང་བ་ཙམ་ལས་དེ་ཙམ་གྱི་ངེས་ཤེས་རྙེད་ཐུབ་པ་ཞིག་ནི་འདིར་མ་ནུས་སོ། །རྒྱུ་མཚན་ནི། དུས་ཚོད་ཀྱི་རྒྱུད་རིམ་ཁྲོད་དཔེ་ཚོགས་ཕལ་ཆེ་བ་རྣམས་ཕན་ཚུན་བསྲེས་ལྷད་དང་ཤུགས་རྐྱེན་ཐེབས་པར་གྱུར་པ་སོགས་མངོན་གསལ་དོད་པོར་སྣང་བས། དེས་ན་ངང་པའི་རྒྱལ་པོ་བཞིན་ཆུ་དང་འོ་མ་འབྱེད་པར་ནུས་པའི་དྲན་པའི་སྐོར་གྱི་ཁུངས་དག་ཡིག་ཆ་ཚད་འཕེར་ཞིག་ད་དུང་ཡང་ལག་སོན་མ་བྱུང་སྟབས་ཁོ་མོས་ཀྱང་ཚོད་དཔག་ཙམ་གྱིས་མཐའ་བསྡོམས་རྒྱག་པ་ལས་ཐབས་གཞན་མ་མཆིས་སོ། །
          ལར་དུས་རབས་ཉེར་གཅིག་པ་འདིར་ལས་དོན་ཕལ་ཆེར་ཚན་རིག་དང་མ་བསྟུན་ན་རྗེས་ལུས་སུ་བརྩི་བ་ནི་དེང་དུས་ཀྱི་འགྲོ་སྟངས་སུ་གྱུར་སྟབས། འདིར་ཡང་དཔེ་ཚོགས་འགའ་ལ་བརྟེན་ནས་ལུང་ཚིག་འགའ་རེ་ནར་མར་བྲིས་པའང་དེ་ཙམ་རྣ་བར་མི་འགྲོ་བ་སྲིད་རུང༌། ཁུངས་དག་དཔེ་ཆ་འདྲ་ས་འོག་ནས་གཏེར་དུ་མ་བརྡོལ་བར་འདི་བས་བྱ་ཐབས་ཟད། འོན་ཀྱང་ས་འོག་ནས་བརྡོལ་ཡང་མི་འོག་གི་ལག་ནས་འཚོ་ཐུབ་པའང་དེ་ཙམ་ལས་སླ་བོ་ཞིག་མིན་པ་ནི་ལོ་རྒྱུས་རབས་དང་རིམ་པར་དཔྱད་པས་ཤེས་ཐུབ།
          གང་ལྟར་རྒྱལ་རྒྱུད་རིམ་པ་དུ་མའི་ནང་དྲན་པ་ནམ་མཁས་མཛད་འཕྲིན་བསྐྱངས་ཡོད་རབས་ཤིག་དཔེ་ཚོགས་གང་མང་ཞིག་ལས་གསལ་མོད་ཀྱང༌། ལོ་རྒྱུས་ཐོག་དེ་ཙམ་འབུར་ཚུགས་སུ་ཐོན་ཐུབ་མེད། གཞན་ཡང་རྒྱལ་རབས་རྣམས་སུ་གསལ་བ་ལྟར་ན་བོན་ལ་འཇིག་ཉེན་གནོད་ཚབས་ཆེ་ཤོས་ནི་གྲི་གུམ་དང་ཁྲི་སྲོང་སྐབས་སུ་བྱུང་བས། སྐབས་དེ་དག་ཏུ་གཉན་འཕྲང་དེ་རིགས་འབྱུང་རྐྱེན་གང་ཡིན་རྣམས་ནི་བོན་བན་གྱི་ལོ་རྒྱུས་སྨྲ་བ་དག་གིས་རྒྱས་པར་གསུངས་ཡོད་སྟབས། ལོ་རྒྱུས་དེ་དག་གི་འགྲོས་ལ་གཞི་བཅོལ་ནས་ལེགས་པར་བརྟགས་ན་ཁྲི་སྲོང་སྐབས་སུ་རྗེ་འབངས་ཉེར་ལྔའི་གྲས་སུ་བཞུགས་པའི་དྲན་པ་ནམ་མཁའ་དེ་དང༌། གྲི་གུམ་སྐབས་སུ་ཡོད་པའི་དྲན་པ་ནམ་མཁའ་གཉིས་ནི་གང་ཟག་ཐ་དད་ཡིན་པར་ཁོ་མོས་མཐའ་བསྡོམས་ཀྱི་ཁུལ་དུ་སྨྲ་བར་འདོད སྟེ་སྒྲུབ་བྱེད་གོང་བཀོད་ལྟར་ལགས་སོ། །མདོར་འདུས་ནས་བཤད་ན་དྲན་པ་ནམ་མཁའ་ཞེས་པ་གང་ཟག་དེ་གཅིག་དང་གཉིས་སོགས་ག་ཚོད་ཡོད་ཀྱང་གྱེར་བསྟན་འདི་ལ་བཀའ་དྲིན་བླ་ན་ཆེ་བའི་སྐྱེས་བུ་ཞིག་ཡིན་པ་ནི་རྩོད་གཞི་དང་བྲལ་བར་སྨོས་མེད་དོ།། །།༩༧

མཆན་འགྲེལ།
          རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད། བཀའ། སྔགས་སྡེ། དཔེ་གཟུགས། དཔེ་སྐྲུན་ཁང་དང་དཔར་ལོ་གཉིས་འབྲི་དགོས། ཤོག་གྲངས་༡༥༨ནས་༢༥༠བར་ལ་གསལ།
          དྲན་པའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་དང༌། དྲན་པ་གསང་སྒྲུབ་ནང་གི་བླ་ཆེན་ཞལ་གདམ་བདུན་པ། དྲན་པའི་བཀའ་ཐང༌། རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད། བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་སོགས་ལས་གསལ།
          བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། སྤ་བསྟན་རྒྱལ་བཟང་པོ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་གྲངས་༡༧༩ལས་གསལ།
         མདོ་དྲི་མེད་གཟི་བརྗིད། པོད་བཅུ་གཉིས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་གྲངས་༥༡༡ལས་གསལ།
          གོང་མཚུངས་རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད། བ། ཤོག་གྲངས་༡༥༨ལས་གསལ།
          དྲན་པའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན། བཀའ་བརྟེན། ཐོག་ན་ང་དང་འདིར་ཆ་བྲིས་འདུག་པས་དཔྱོད། རྒྱུད་སྡེ། དཔེ་གཟུགས། གསང་གླིང་བཀའ་གཏེར། དབལ་ཁྱུང་བླ་བྲང་དང་གོང་རྒྱལ་དགོན་སྡེ་བཅས་ནས་དཔར་དུ་བསྐྲུན་པ། ཤོག་གྲངས་༡༦༠ལས་གསལ།
         དྲན་པའི་བཀའ་ཐང༌། ཉག་རོང་ཤིང་དཔར་ཅན། མཇུག་བྱང་དུ་'དེ་ནས་གསང་བདག་དྲན་པ་ནམ་མཁའ་ཉིད་ཐུགས་ཀྱི་དགོངས་པ་འགྲོ་ཀུན་དོན་གྱི་ཆེད། མ་འོངས་དོན་དུ་རྣམ་ཐར་དུ་མ་བསྟེན། ཁྱད་པར་རྣམ་ཐར་གཡུང་དྲུང་གསང་བའི་མཛོད། གཏན་ལ་ཕབས་ནས་འོད་ལྡན་མཁའ་འགྲོ་དང་ལོ་ཆེན། བཻ་རོ་དབྱངས་ཅན་མཚོ་རྒྱལ་མ། ལྷ་སྲས་མུ་ཏིག་དམུ་ཙ་ལ་སོགས་ལ། བཀའ་ཡི་གཉེར་གཏད་ཟབ་པའི་གཏེར་དུ་སྨན་'ཞེས་གསལ་བ། དཔེ་གཟུགས། ཀ ཤོག་གྲངས་༨༠ལས་གསལ།
          སྐུ་གསུམ་རིག་འདུས་དྲན་པ་དྲག་ཕུར། མཛད་པོ་དང་དཔེ་སྐྲུན་པ་སོགས་ཡོད་ཚེ་འགོད་རོགས། དཔེ་གཟུགས། ཤོག་གྲངས་༡༣ལས་གསལ།
          འགྲེལ་པ་སྒྲོན་མ་མུན་སེལ། འདིར་མཆན་དུ་མིང་བྱང་ཆ་ཚང་ཡོད་ན་བདེ། བྲུ་རྒྱལ་བ་གཡུང་དྲུང༌། དཔེ་སྐྲུན་པ་ཡོད་ཚེ། དེབ་གཟུགས། ཤོག་གྲངས་༡༥ལས་གསལ།
༡༠        སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་དང་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ལ་སོགས་པས་བཞེད། བཞེད་ཚུལ་དེ་གང་ཡིན་མཆན་དུ་བཀོད་ན་ལེགས་སྙམ།་དེ་ཡང་ལུང་ཁུངས་དང་བཅས་ཏེ།
༡༡        ཚངས་དབྱངས་ཡིད་འཕྲོག མིང་བྱང་ཆ་ཚང་དང་མཛད་པ་པོ། དཔེ་སྐྲུན་ཁང་དཔར་ལོ་སོགས་བྲི་རོགས། ཤོག་གྲངས་༣༤ལས་གསལ།
༡༢        གོང་མཚུངས་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན། ང༌། ཤོག་གྲངས་༡༩༧ལས།
༡༣        གོང་མཚུངས་རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད། ཤོག་གྲངས་༡༥༨ལས་གསལ།
༡༤       བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག དྲན་པ་ནམ་མཁའ། ཝ་ཎ་མཐོ་སློབ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་གི་དེབ་གཟུགས། ཤོག་གྲངས་༤ལས་གསལ།
༡༥        དྲང་དོན་མུན་སེལ་སྒྲོན་མེའི་འགྲེལ་པ། དམུ་གཤེན་དྲན་པ་ནམ་མཁའ། དཔེ་སྐྲུན་པ་དང་དཔར་ལོ། དཔེ་གཟུགས། ཤོག་གྲངས་༩ལས་གསལ།
༡༦        སྙན་རྒྱུད་དྲན་པ་ཆོག་དྲུག བཀའ་བརྟེན། 'གཤེན་རབ་བླ་མ་བཞིའི་ཡན་ཆད་ལས། སྙན་རྒྱུད་པས་ཚིག་དང་ཡི་གེ་རིས་མེད་དོ། །ཕྱིས་བླ་བོན་དྲན་པ་ནམ་མཁས་ཡི་གེར་བཏབ་སྟེ། བཻ་རོ་ཙ་ན་དང༌། མངའ་བདག་དང༌། གཅོ་ཟ་དང༌། ལི་ཤུ་སྟག་རིང་དང༌། བཞི་ལ་གདམས་པའོ། །སྤྲུལ་སྐུ་དབྱིལ་ཁྱུང་རྒོད་ཀྱི་གཏེར་མ།' ཞེས་གསལ། དཔེ་གཟུགས། ཤོག་གྲངས་༡༣ལས་གསལ།
༡༧       སྨན་རི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ། པོད་གཉིས་པ། ༢༠༠༥ ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གི་དེབ་གཟུགས། ཤོག་གྲངས་༢༢༣ལས་གསལ།
༡༨        གོང་མཚུངས་བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག ཤོག་གྲངས་༨ལས་གསལ།
༡༩        གོང་མཚུངས་བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག ཤོག་གྲངས་༨དང་༩ནང་གསལ།
༢༠        མཛོད་གནས་བཅུ་བདུན་གྱི་འགྲེལ་པ་མཁས་པ་མི་བཞིས་མཛད་པ་བཞུགས་སོ།། དཔེ་སྐྲུན་ཁང་དཔར་ལོ་དང་བཅས་འགོད་རོགས།
༢༡        སྒ་སྟོན་མཛོད་འགྲེལ། མིང་བྱང་ཆ་ཚང་བ་དང་དཔེ་སྐྲུན་ཁང་དཔར་ལོ་དང་བཅས་འགོད་རོགས།
༢༢        སྲིད་པའི་མཛོད་ཕུགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་པ། འགྲོ་མགོན་བློ་གྲོས་རྒྱལ་མཚན། ༢༠༠༢ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ།
༢༣        སྲིད་པའི་མཛོད་ཕུགས་ཀྱི་གཞུང་དང་འགྲེལ་པ་འཕྲུལ་གྱི་སྒྲོན་མེ། མཉམ་མེད་ཤེས་རབ་རྒྱལ་མཚན། ༢༠༠༤ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ།
༢༤       གོང་མཚུངས་བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག ཤོག་གྲངས་༡༡༩ལས་གསལ།
༢༥        གོང་མཚུངས་བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག ཤོག་གྲངས་༡༤༦ལས་གསལ།
༢༦       གོང་མཚུངས་བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག ཤོག་གྲངས་༢༠ལས་གསལ
༢༧       གོང་མཚུངས་བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག ཤོག་གྲངས་༡༤༩ལས་གསལ།
༢༨        གོང་མཚུངས་བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག ཤོག་གྲངས་༢༢༦ལས་གསལ།
༢༩        གོང་མཚུངས་བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག ཤོག་གྲངས་༢༣༧ལས་གསལ།
༣༠        གོང་མཚུངས་བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག ཤོག་གྲངས་༦དང་༧ལས་གསལ།
༣༡        གོང་མཚུངས་སྨན་རི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།  པོད་གཉིས་པ། ཤོག་གྲངས་༢༨༧ལས་གསལ།
༣༢        གོང་མཚུངས་རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད།  ཤོག་གྲངས་༡༥༨ལས་གསལ།
༣༣        ཁོད་སྤུངས་མདོ་རྒྱུད་གྲགས་པའི་རྣམ་ཐར་སྐོར། ཁོད་སྤུངས་མི་ནུབ་བླ་མ་གཡུང་དྲུང་ཡེ་ཤེས་དང་ཁྱུང་དཔོན་གཡུང་དྲུང་བདུད་འདུལ་སོགས་ཀྱིས་སྤར་དུ་བསྐྲུན་པ། དཔེ་གཟུགས། ཤོག་གྲངས་༨༤ལས་གསལ།
༣༤       གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། དཔལ་ལྡན་ཚུལ་ཁྲིམས། ༡༩༨༨ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་གྲངས་༣༤༨ལས་གསལ།
༣༥        འདིར་ཞང་ཞུང་རིག་གནས་འདོན་ཐེངས་དང་པོའི་ནང་བཀོད་ཡོད་པའི་གཤེན་གཡུང་དྲུང་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་དམུ་གཤེན་ལྷ་ཡི་གདུང་རབས་ལས་ལུང་དྲངས་ན་དེ་བས་མཛེས་སམ་སྙམ་པས་ཐུགས་འཇོག་གནང་རོགས། གཙོ་སྒྲིག་པས།
༣༦       དཔེ་ཆ་གང་ནང་ཡོད་པ་མི་གསལ། མ་ཐའང་དཔེ་ཆ་དེ་གང་གི་ཁོངས་གཏོགས་སུ་ཡོད་མིན་བྲིས་ན་ལེགས་སྙམ།
༣༧       གོང་མཚུངས་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན། ཆ། ཤོག་གྲངས་༡༦༠ལས་གསལ།
༣༨        ཁ་བརྡ་དྲ་བའི་ནང་དཔེ་ཆ་དེའི་སྐོར་གསལ་པར་བཀོད་ཡོད། འདིར་དྲ་བ་དེའི་ནང་གསལ་བའི་གནས་ཚུལ་གསལ་འགོད་གནང་དགོས། དྲ་བའི་ནང་ག་དུས་བཀོད་མིན་སོགས་ཀྱིས་མཚོན་པའི་ཞི་ཕྲ་དགོས། དེ་མིན་དྲ་བྱང་འདིར་བཀོད་ཀྱང་འཐད།
༣༩        ཆེ་མཆོག་དྲན་པ་ཡང་གསང་དྲག་པོའི་རྒྱུད། 'རྩ་རྒྱུད་དབས་དྲག་འབར་བའི་ཕྲེང་བ་བཞུགས། བཀའ་བརྟེན། 'རྒྱལ་ཚབ་བཻ་རོ་ཙ་ན་ཡིས། །འཆི་མེད་རིག་འཛིན་བཀའ་བཞིན་དུ། །མཁའ་འགྲོ་བརྡ་ཡི་ཡི་གེ་བྲིས།' ཞེས་གསལ་བའི་ཉང་ཉི་མ་འོད་ཟེར་གྱིས་གཏེར་མ། རྣམ་ཐར་ཟངས་གླིང་མ་ཡི་གྲས་སུ་འདུག་གམ།  ཀ། དཔེ་སྐྲུན་ཁང་དང་དཔར་ལོ། དཔེ་གཟུགས། ཤོག་གྲངས་༡༠༧དང་༡༨༣ལས་གསལ། ཤོག་གྲངས་འདི་གཉིས་ལས་གང་ཡིན།
༤༠       བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད། སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན། དཔེ་སྐྲུན་ཁང་དང་དཔར་ལོ།  ཤོག་གྲངས་༥༨དང་༥༩ལས་གསལ།
༤༡       སྲིད་པ་རྒྱུད་ཀྱི་ཁ་བྱང༌། བཀའ་བརྟེན། ན། དཔེ་སྐྲུན་ཁང་དང་དཔར་ལོ། དཔེ་གཟུགས། ཤོག་གྲངས་༤༠༡ལས་གསལ།
༤༢       ཕུར་འགྲེལ་འབུམ་ནག་ཅེས་གཞན་ལས་ཁྱད་པར་འཕགས་པའི་ཐུགས་ཀྱི་ཏི་ལ་ཀའོ་ཞེས་པ་ལས་རྡོ་རྗེ་ཕུར་པའི་བཤད་འབུམ་སློབ་དཔོན་རྣམ་གསུམ་གྱི་དགོངས་པ་སློབ་དཔོན་ཆེན་པོ་པད་མས་མཁར་ཆེན་བཟའ་ལ་གདམས་པ་བཞུགས་སོ།། སྔ་འགྱུར་བཀའ་མ། འགྲེལ་གཅིག་པ། ན། ཕུར་པ་ཕྱོགས་བསྒྲིགས། ལྔ་པ། དཔེ་སྐྲུན་ཁང་དང་དཔར་ལོ།  ཤོག་གྲངས་འདི་འགྲིག་ཡོད་དམ། ༦༤༡༢༧ལས་གསལ།
༤༣       སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་ཡི་གེ་ཡིད་ཆེས་གསུམ། ཏ་ར་ན་ཐ།  འདི་ལ་སློབ་དཔོན་པད་མའི་རྣམ་ཐར་རྒྱ་གར་ལུགས་ཞེས་བྱའོ། །དཔེ་སྐྲུན་ཁང་དང་དཔར་ལོ། དཔེ་གཟུགས། ཤོག་གྲངས་༨༧ལས་གསལ།
༤༤      སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ། ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ། དཔེ་སྐྲུན་ཁང་དང་དཔར་ལོ། དེབ་གཟུགས། ཤོག་གྲངས་༧༨ལས་གསལ།
༤༥       ཕུར་པའི་དོན་བསྡུས་རྩ་བའི་འགྲེལ་ཆེན། སྟག་ལ་མེ་འབར།  ༢༠༠༨ སི་ཁྲོན་དཔེ་སྐྲུན་ཚོགས་པའི་དེབ་གཟུགས། ཤོག་གྲངས་༤ལས་གསལ།
༤༦       གོང་མཚུངས་དྲང་དོན་མུན་སེལ་སྒྲོན་མེའི་འགྲེལ་པ། ཤོག་གྲངས་༤ལས་གསལ།
༤༧      གོང་མཚུངས་སྲིད་པ་རྒྱུད་ཀྱི་ཁ་བྱང༌། ཤོག་གྲངས་༤༠༡ལས་གསལ།
༤༨       ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མེ། སྐྱབས་སྟོན་རིན་ཆེན་འོད་ཟེར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་ངོས་ལས། 'དྲན་པ་ནམ་མཁའ་རང་ཉིད་ཀྱི་དབུ་སྐྲ་རང་གིས་བྲེག་སྟེ། ནན་བན་གྱི་ཚུལ་དུ་ལོ་སོ་ལྔའི་བར་དུ་བཞུགས།' ཞེས་རྣམ་འབྱེད་ལས་ལུང་དྲངས་ཡོད།
༤༩       གོང་མཚུངས་སྨན་རི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།  པོད་གཉིས་པ། ཤོག་གྲངས་འབྲི་རོགས།
༥༠        གོང་མཚུངས་དྲན་པའི་བཀའ་ཐང༌། ཆ། ཤོག་གྲངས་༧༠དང་༡༠༧ལས་གསལ། ལུང་གང་ཡིན་པ་དེ་དག་འདིར་མཆན་དུ་དྲངས་ན་སྙམ།
༥༡        གོང་མཚུངས་སྨན་རི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།  པོད་གཉིས་པ། ཤོག་གྲངས་འབྲི་རོགས།
༥༢        རྙིང་མ་ཆོས་འབྱུང༌། ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ། གླེགས་བམ་དང་པོ། དཔེ་སྐྲུན་ཁང་དང་དཔར་ལོ་འབྲི་རོགས། དེབ་གཟུགས། ཤོག་གྲངས་༢༥༨ལས་གསལ། འདི་དང་མཉམ་དུ་མ་དཔེར་གུ་བཀྲའི་ཆོས་འབྱུང་དག་ལས་བྲིས་འདུག་པ་དེ་བསུབ་ཡོད། འོན་ཀྱང༌། ངེས་པར་དུ་ལུང་འདི་གུ་བཀྲའི་ཆོས་འབྱུང་གི་ཡིན་དང་རྙིང་མའི་ཆོས་འབྱུང་གི་ཡིན་མིན་གཉིས་ལེགས་པར་དག་ཞུས་བྱས་ཏེ་སྒྲིགས་རོགས།
༥༣        གོང་མཚུངས་སྲིད་པ་རྒྱུད་ཀྱི་ཁ་བྱང༌། ཤོག་གྲངས་༤༤༩ལས་གསལ།
༥༤       འདིར་འོད་ཟེར་རྒྱལ་མཚན་གྱིས་བྲིས་པའི་དྲན་པ་ནམ་མཁའ་འཕུང་བོན་མགོ་དམར་ཡིན་མིན་གྱི་སྐོར་གྱི་ཁ་བྱང་ཤོག་གྲངས་དང་བཅས་པ་བོན་སྒོ་ལྟར་འགོད་རོགས། ཕུང་བོན་དེ་ལ་འཕུང་བོན་སོགས་གང་བྲིས་གཅིག་མཚུངས་མཛད་རོགས།
༥༥        ཆོས་འབྱུང་ཀུན་གསལ་མེ་ལོང༌། དཔལ་ལྡན་ཚུལ་ཁྲིམས།  དཔེ་སྐྲུན་ཁང་དང་དཔར་ལོ་འབྲི་རོགས།  དེབ་གཟུགས། ཤོག་གྲངས་༦༥དང་༦༦ལས་གསལ།
༥༦       གོང་མཚུངས་དྲན་པའི་བཀའ་ཐང༌། ཨ། ཤོག་གྲངས་༡༡ལས་གསལ།
༥༧       བོད་རྒྱ་ཚིག་མཛོད་ཆེན་མོ། ༡༩༨༥ མི་རིགས་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་གྲངས་༩༡༠ལ་གཟིགས། འདིར་དངོས་སུ་མིང་གསལ་མེད་ཀྱང་མིང་གཞན་དང་གོ་བསྡུར་གྱིས་དྲན་པ་མིང་གཞན་ཐོག་ནས་འཁོད་ཡོད་མེད་ལྟོས། གཙོ་སྒྲིག་པས།
༥༨        དུང་དཀར་ཚིག་མཛོད་ཆེན་མོ། སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་གྲངས་༩༠༣ལ་གཟིགས། འདིའི་ལུངས་ཅི་འདྲ་བ་བཞིན་དུ་དྲངས་ན་ལེགས་སྙམ།
༥༩        རིན་ཆེན་གཏེར་མཛོད། ཀ། ཞེ་ལྔ། ན། སྒྲིག་པ་པོ་དང་དཔེ་སྐྲུན་ཁང་དང་དཔར་ལོ་འབྲི་རོགས།  དཔེ་གཟུགས། ཤོག་གྲངས་གང་ཡིན་བྲིས།