༄༅། །བོད་ལྗོངས་ལྷ་མི་ཡོངས་ཀྱིས་དད་མོས་རྩེ་གཅིག་གིས་ལུགས་གཉིས་ཀྱི་འདྲེན་པ་མཆོག་ཏུ་མངའ་གསོལ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཆེན་པོའི་ཕྱག་ཐམ།

སེམས་འཚོར་དམར་པོ།

སེམས་འཚོར་དམར་པོ།
འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།

ཟིན་བྲིས་རྣམས་གྲངས།

Blog Archive

དྲང་སྲོང་རྒན་པོའི་ལྟ་གྲུབ།

ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།།སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།།སུ་དང་གང་གིས་འཇུ་ཡང་མི་ཟིན་པ།།བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།
ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།།དེ་རིང་གཡའ་དག་མཁའ་ནས་ཉི་གཞོན་འཛུམ།།གནམ་སའི་གཤིས་ལུགས་ངེས་མེད་འགྱུར་བ་འདི།།འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།
འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།།རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།།གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།།དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།
བྱང་ཐང་བྱེ་མ་སྤུངས་པའི་ཇག་ལམ་ན།།མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།།ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།།གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།
གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།།ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།།སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།།སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།
2007/3/26/བྲིས།

གདུང་བའི་སྨྲེ་ངག


གཉིད་ནི་རྨོངས་དང་འཐོམ་པའི་ཆ་ལག་ཕྱིར།།སུ་དང་གང་གིས་བསྟོད་པ་མི་བྱེད་མོད།།རྨི་ལམ་གྲོང་ཁྱེར་འགྲིམས་པའི་ལྟད་མོ་ལ།།གཟིགས་ན་གཉིད་ལ་མི་བསྟེན་མཐུ་མེད་ཡིན།།ངོས་འཛིན་གཏོད་སོ་མེད་པའི་བར་སྣང་གི།།མཛེས་མཚོན་ཁ་དོག་བཀྲ་བའི་འཇའ་རིས་སྣེ།།འཁྲུལ་སྣང་ཨ་ཐས་ཟབ་པའི་བོད་རྒན་ཚོས།།རེ་བས་ཤི་འཐམ་བྱས་པའི་རྨི་ལམ་རིང༌།།གཞན་འཚང་སྔོག་པའི་ཕག་གི་མཆུ་ཏོ་ལ།།རང་འཚང་སྐྱག་པ་འགོས་པའི་དྲི་ངན་གྱིས།།དངོས་དོན་བདེན་པའི་དྲི་བསུང་འཐུལ་བ་ལ།།ཕན་པའི་རེ་བ་བཅོལ་པའི་འཁྲུལ་སྣང་ཟབ།།ཟླ་འོད་མུན་པས་ཟོས་པའི་མཚན་མོ་ན།།ནག་ཅན་རྐུན་མའི་གྲིབ་གཟུགས་མ་མཐོང་བར།།འབ་སྒྲས་གནམ་ས་དབྲལ་བའི་ཁྱི་རྒན་ལ།།རེ་བའི་བློ་གཏོད་བྱས་པའི་ལྷ་སྒྲུང་སྙན།།སྤང་རྒྱན་མེ་ཏོག་བཀྲ་བའི་གླིང་ཁ་ན།།ཕྱེ་མ་ལེབ་ཀྱིས་འཕུར་ལྡིང་རྩེན་པའི་རྗེས།།བསམ་མེད་བྱིས་པ་རྒྱུག་པའི་རྡོག་སྣེ་ནས།།གཡང་སའི་རྡོ་ལ་བརྡབས་པའི་ངུ་རྒྱངས་ཐོས།།ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་དུ།།འཁྱགས་པས་ས་གཞི་བསྡམས་པའི་སྲུབ་ཀ་ནས།།ལྗང་མདོག་མྱུ་གུ་འབུས་པའི་རེ་བ་འདིས།།མེས་པོའི་སྙིང་ལ་འཇའ་ཡི་ཁང་བཟང་བསྐྲུན།།བསམ་གཞིགས་འཁྱགས་ལ་འབྱར་བའི་གྲང་ལྷག་གསེབ།།རྣམ་རྟོག་བུ་ཡུག་འཚུབ་པའི་དུར་ཁྲོད་ན།།ཕ་མེས་སྟོང་གི་རྣམ་ཤེས་ཐིམ་པའི་ཤུལ།།རེ་བའི་ལྷག་མ་འཇགས་རྩྭ་སྐམ་པོ་ཙམ།། ༢༠༠༧.༣.༢༠ ལ་བྲིས།

ཕྱིར་དྲན།

རི་རྩེ་ཁ་བས་ཉིན་རེ་ཉིན་རེར་བསྟིམས།།ནགས་ཀྱི་ཤིང་ལོ་རིམ་གྱིས་རིམ་གྱིས་ལྷུང༌།།ད་ནི་ཁོར་ཡུག་མཛེས་པའི་རྣམ་ཤེས་འདིའང༌།།དགུན་འཁྱགས་ལྷགས་པའི་རུམ་དུ་འབྱར་བར་ངེས།།ད་ནངས་བྱེ་འུའི་གསུང་སྙན་མ་ཐོས་གོང༌།།ཞོགས་རླུང་བསིལ་མོས་ཕྲ་ཡོལ་ཁད་ཀྱིས་ཕྱེས།།མགོ་བོ་སྔས་ལ་འབྱར་བའི་རྨི་ལམ་ཡང༌།།གཟུགས་མེད་རླུང་བུ་ལྡང་བས་ཧད་ཀྱིས་དཀྲོགས།།དབྱར་དགུན་སྟོན་དཔྱིད་ཤོག་ལྷེ་བསྒྱུར་བ་བཞིན།།དུས་བཞི་ཤུགས་ཀྱིས་ལོ་ཡི་འཁོར་ལོ་བསྐོར།།མི་ལོ་བཅུ་བདུན་ས་མཐར་དལ་གྱིས་རྫོགས།།དྲན་ཤེས་བསྣོལ་མས་སེམས་ཀྱི་ཚོར་འདུ་བཀྲུགས།།ལྟེ་ཁྲག་གང་དུ་འཕོས་པའི་ཕ་ཡུལ་དང༌།།བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་ཕ་མ་ཟུང༌།།ཤ་ཁྲག་གཅིག་པའི་སྤུན་ཉེ་གྲོགས་པོ་སོགས།།རི་ཁྲི་ཆུ་སྟོང་བརྒལ་བའི་ཕ་རོལ་ལུས།།མི་ཡུལ་འཁྱམས་པ་མི་ཡི་ལས་དབང་སྟེ།།ལྷ་ཡུལ་སླེབས་པའི་རེ་བ་བདག་ལ་མེད།།རང་ལུས་རང་ལ་དབང་བའི་ལས་དབང་ཞིག།མི་མངོན་གནམ་གྱི་དབྱིངས་ནས་གནང་རོགས་གྱིས།།
Powered by Blogger.

འཁྲུལ་སྣང༌།


ཡ་ཀི་རྩ་གསུམ་ལྷ་ཡུལ་མན་ཆད་ནས།།མ་ཀི་རྡོ་རྗེའི་དམྱལ་ཁམས་ཡན་ཆད་ན།།བྱ་བྱེད་བསྣོལ་མ་འཐབ་པའི་འཁྲུལ་སྣང་འདི།།སྒྱུ་རྩལ་སྙན་ངག་སྨྲ་བའི་ལྟད་མོ་ཞིག།
ཕ་རྒན་མུ་གེས་ཤི་བའི་དུར་ས་ན།།བུ་རྒྱུད་ཕྱུག་པོས་ཐུགས་སྤྲོ་བཏང་བྱས་ཏེ།།རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་པ་ཡིས།།རྣམ་ཤེས་འཁྱམས་པོ་འགུག་པའི་མགྲོན་བརྡར་སྨྲ།།
མ་རྒན་ཆང་སར་ཆས་པའི་རྟེན་འབྲེལ་ཐོག།བུ་མོས་བྲོ་གར་ཁྲབ་པའི་གླུ་གཞས་ཀྱིས།།ཆང་དང་སྦི་རག་མཆོད་པའི་སྐུ་མགྲོན་ཚོར།།སེམས་ཁམས་རླུང་གིས་བཀྱགས་པའི་འཁྲུལ་སྣང་སྟེར།།
ཡོད་ཚད་མཇེ་ཡིས་ཕུང་པའི་སྔགས་རྒན་དང༌།།དད་རྫས་སྟུ་རིན་སྤྲོད་པའི་གྲུབ་རྫུན་གཉིས།།རྨོངས་དད་བྲག་གི་བཙན་རྫོང་བརྩེགས་པའི་ནང༌།།བག་མེད་ཤ་ཆང་རོལ་བའི་འཁོར་ཚོགས་རྒྱས།།
སྔགས་ནག་གཅོད་པས་ལྷ་འདྲེ་གཡབ་མོ་བྱེད།།བསམ་མེད་བྱིས་པས་ཁྱི་སྨྱོན་རྡོ་ཡིས་རྡུང༌།།རྙོག་འཛིང་གཡབ་མོ་བྱེད་སའི་གྲུ་ག་འདིར།།ལྷིང་འཇགས་རེ་བ་མཚན་མོའི་རྨི་ལམ་ཙམ།།

སེམས་ཚོར་དམར་པོ།

རི་སུལ་ཁ་བས་བསྟིམས་པའི་ལྷག་རླུང་གསེབ།།རྣམ་ཤེས་རླུང་དང་འགྲོགས་པའི་བ་དོའི་ལུས།།གོས་མེད་གཅེར་བུར་འགྲིམས་པའི་སྐྱོ་གར་ལ།།བརྩེ་སེམས་གོས་བཟང་སྐོན་པའི་བྱམས་ལྡན་སུ།།མེ་མདའི་བུ་ཡུག་འཚུབ་པའི་གཡུལ་ས་ན།།ཚེ་སྲོག་རླུང་གིས་བདས་པའི་ཉམས་ཐག་འབུམ།།ཟུངས་ཁྲག་ཡུར་ཆུ་འཐེན་པའི་གཤིན་ཐང་ནས།།བདག་མེད་བམ་རོས་ཁེངས་པར་སུ་ཡིས་གཟིགས།།ལས་དབང་སྔས་སུ་བྱས་པའི་ལྷོ་མཐའ་ནས།། མིག་ཆུས་གདོང་རིས་བརླན་པའི་ངུ་རྒྱངས་ཀྱིས།།བྱང་བརྒྱུད་ཁ་བས་གཡོག་པའི་དུར་ས་ན།།རྒྱང་རིང་མིག་གིས་ཅེར་བ་སུ་ཡིས་གཟིགས།།གཞན་གནོད་བཞི་ལས་ལྡོག་པའི་སྲིད་དོན་གྱིས།།ཐར་པའི་ཁང་བཟང་མཛེགས་པའི་ལམ་ཟུར་ནས།།ཕ་ས་དོན་དུ་གཉེར་བའི་རྨི་ལམ་ལ།།རེ་བའི་རྨི་ཐག་འཕྱངས་པ་སུ་ཡིས་གཅོད།།ཡར་གི་གསེར་གྱི་ཉི་མའི་འོད་སྣང་འོག།མར་གི་འདུ་ལོང་འཚུབ་པའི་ལྷིང་འཇགས་སྣེ།།རྟག་བརྟན་ཐེར་ཟུག་འཛིན་པའི་འཁྲུལ་སྣང་ལ།།མི་རྟག་སྒྱུ་མའི་རང་ངོ་སུ་ཡིས་སྤྲོད།།མི་ཡུལ་སྔས་སུ་བྱས་པའི་གྲུ་ཁ་ན།།མི་ལོ་ལྔ་བཅུ་ཟིན་པའི་མཇུག་སྣེ་ནས།།མི་ནུས་གདམ་བྱ་མང་བའི་མིག་འཁྲུལ་གྱིས།།བྱིས་པའི་སེམས་ཁམས་བསླུས་པ་སུ་ཡིས་དཀྲོགས།།དགྲ་ལ་ཞི་མོལ་རེ་བའི་འཛུམ་མདངས་ཕག།གཉེན་ལ་རྒྱུག་རྡུང་ཕོག་པའི་ན་ཚ་ཡིས།།ཀི་ཅོས་གནམ་ས་དབྲལ་བའི་ཁོར་ཡུག་ན།།གཉིས་ཕན་འབྲས་བཟང་སྨིན་པ་སུ་ཡིས་རེ།།ནམ་མཁའི་འཇའ་རིས་མིག་གི་ལྟད་མོར་མཛེས།།སྤྲང་པོའི་གླིང་བུ་ཕྱུག་པོའི་རྣ་བར་སྙན།།ཞི་བའི་ལྟ་གྲུབ་བྱིས་པའི་བུ་རམ་གྱིས།།བཀྲེས་ལྟོགས་སེལ་བའི་ལོག་རྟོག་སུ་ཡིས་བཟློག།ཕ་རྒན་བསད་ནས་ཞགས་གསུམ་མ་ལོན་གོང༌།།ཕ་མེད་དྭ་ཕུག་འཁྱམ་པོས་ཁ་བཏགས་སྣེ།།ཕ་བསད་དགྲ་བོའི་མགུལ་ལ་འཐེན་པ་འདི།།ཕ་བཟང་བུ་ཡི་གྲལ་གསེབ་སུ་ཡིས་བཞག།ཁ་འདི་འཕྲེད་དུ་ཕྱེས་པའི་རྟེན་འབྲེལ་གྱིས།།འཕྲེད་འཕྲེད་གཏམ་ལ་རྫོགས་མཐའ་མི་འདུག་པས།།སེམས་ཀྱི་ཁྱེའུ་ཆུང་ངུས་པའི་མིག་ཆུ་རིས།།འཕྲེད་དུ་འབབ་པའི་སྙན་ཚིག་འདི་ཉིད་སྤེལ།།
སྤྱི་ལོ་༢༠༠༨ཟླ་བ་༣ཚེས་༧ཉིན་བྲིས།

དྲན་པའི་སྐྱོ་གདུང༌།


འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།སྐྱིད་པའི་ཕ་ཡུལ་སླེབས་པའི་སྐལ་བ་དེ་མེད་འདྲ།།དྲིན་ཅན་ཕ་མ་མཇལ་བའི་ལས་འཕྲོ་དེ་མི་འདུག།དྲན་གདུང་སེམས་ཀྱི་མིག་ཆུ་ཁོག་པ་ལ་གཞུར་ནས།།མི་ཚེ་ས་མཐར་བསྐྱལ་བའི་ལས་དབང་འདི་སྐྱོ་བ།།སྤུན་མཆེད་གཉེན་ཚན་དུ་མའི་ཞལ་པར་ཙམ་ཐོས་བྱུང༌།།སྐབས་འགར་པར་དང་བརྙན་ཕབ་ལྟད་མོ་ཙམ་མཐོང་ཡང༌།།ཕན་ཚུན་ལྷན་དུ་འཛོམས་པའི་གོ་སྐབས་དེ་བརླགས་ནས།།མི་ཚེ་ཕལ་ཆེར་མི་ཡུལ་ལུང་པ་ལ་རྫོགས་སོང༌།།སྐྱེས་ས་འཚར་ས་བསིལ་ལྡན་བོད་ལྗོངས་ལ་ཡིན་ཡང༌།།རྒ་ས་ཤི་ས་ལྷོ་མཐའི་ཚ་བ་ནང་ངེས་པས།།རྒྱུས་མེད་མི་ཡུལ་འཁྱམས་པའི་ཉམ་ཆུང་གི་གྲྭ་རྐྱང༌།།བསམ་ཞིང་བསམ་ཞིང་སེམས་སྡུག་ན་བུར་བཞིན་འཐུལ་སོང༌།།མི་བཟད་སྐྱོ་བའི་ཚོར་རླབས་སེམས་ཁོང་ནས་འཕྱུར་ཡང༌།།གདོང་གི་བཤུ་སྐོག་མཉེད་པའི་འཛུམ་ཀོང་འདི་བསྟན་བཞིན།།མི་ཚོགས་འདྲ་མིན་གསེབ་ཏུ་འགྲོ་ཁུལ་རང་བྱེད་པ།།འཇིག་རྟེན་མི་ལུས་ལེན་པའི་ཡ་ཚུལ་ཙམ་ལོས་ཡིན།།
༢༠༠༨.༥.༡༧ཉིན་དགེ་འོས་B.edའཛིན་གྲྭའི་ནང་གནན་ཐབས་མེད་པའི་སྐྱོ་སྣང་ཞིག་གིས་རྐྱེན་བྱས་ཏེ་དཀར་པང་ཐོག་ཐོལ་བྱུང་དུ་བྲིས།

Followers


དྲྭ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Sunday, January 30, 2011
ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ།
ཐུགས་བསྐྱེད་རླུང་གིས་བསྐུལ་བའི་འུར་གྱིས་མི་མངོན་གནམ་གྱི་མཐོངས་ན་ལྡིང།།
གནམ་གྱི་དགུ་ཚིགས་ཚལ་བར་གཤགས་ཏེ་ཟླ་བའི་གོ་ལའི་འཇིངས་ན་རྩེན།།
བྱམས་བརྩེ་དཀྱིལ་འཁོར་ཟླུམ་པོའི་གུར་དུ་དཀར་གསལ་འོད་རིས་འཁྱིལ་བའི་ཀློང་།།
གཞན་ཕན་སྤྱན་གྱི་དོན་ཡོད་ཞགས་པས་གོ་ལའི་ཁྱོན་འདི་འཆིངས་བཞིན་འགྱིང་།། 
འཚེ་མེད་ཐབས་འཕྲུལ་འཐོར་རླུང་འཚུབ་མས་སྤྲིན་དང་སྨུག་པ་དབྱིངས་ནས་དབྲལ།།
ཞི་བདེའི་འོད་ཀྱི་ཞུན་ཐིགས་བསིལ་མས་གོ་ལ་ཟླུམ་པོའི་མེ་དྲོད་བཅིལ།།
འདྲ་མཉམ་གཉིས་ཕན་རླབས་ཆེན་མཛད་པས་རེ་དོགས་མུན་པའི་གྲོང་ཁྱེར་འཇོམས།།
ལེགས་ཉེས་འབྱེད་པའི་ཤེས་རབ་རླབས་ལྡན་མུ་མེད་རྒྱ་མཚོ་མཁའ་ལ་འཕྱུར།།

སུ་དང་གང་གི་བསམ་པའི་ར་བར་བཙན་གྱིས་བརྫངས་ཀྱང་མི་ཤོངས་པའི།།
བྱམས་བརྩེ་མཁྱེན་རབ་འཇུག་པའི་ཁོ་ལག་གསེར་གྱི་ལྷུན་པོའི་གཏོས་ལྟར་མཐོ།།
གཞན་ཕན་མཛད་བཟང་འཕྲིན་ལས་བཟང་པོ་མི་མངོན་གནམ་གྱི་མཐོངས་ལྟར་ཡངས།།
བླ་ན་མེད་པའི་ཡ་མཚན་འབུམ་ལྡན་སྐྱེས་ཆེན་ཁྱོད་ཉིད་ནམ་ཡང་དྲན།།

དེ་རིང་བཀྲ་ཤིས་ལྷ་ཉིན་དཀར་མོ་གོ་ལའི་ཁྱོན་ལ་འཆར་བའི་དུས།།
སྨྲ་བ་ངག་ལ་སྒོ་ལྕགས་ཐེབས་པའི་གཞིས་བཞུགས་བོད་རིགས་འབུམ་ཕྲག་བརྒྱའི།།
སྒོ་གསུམ་མཚོན་པའི་སྐུ་ཚབ་ཟོལ་གྱིས་ཁྱོད་ལ་བསྟོད་པའི་དབྱངས་སྙན་འདིས།།
མཆོད་སྤྲིན་རྒྱ་མཚོའི་རླབས་དང་འགྲོགས་ནས་ཐུགས་ཀྱི་དགོངས་པར་སིམ་གྱུར་ཅིག།
༢༠༠༩།༡༢།༡༠།ཉིན་ནོར་གླིང་མཐོ་སློབ་ཁང་དུ་ཐོལ་བྱུང་དུ་བྲིས་ཤིང་གྱེར་འདོན་བྱས།

འདོན་སྤེལ།: ༢༠༠༩/༡༢/༡༠