༄༅། །བོད་ལྗོངས་ལྷ་མི་ཡོངས་ཀྱིས་དད་མོས་རྩེ་གཅིག་གིས་ལུགས་གཉིས་ཀྱི་འདྲེན་པ་མཆོག་ཏུ་མངའ་གསོལ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཆེན་པོའི་ཕྱག་ཐམ།

སེམས་འཚོར་དམར་པོ།

སེམས་འཚོར་དམར་པོ།
འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།

ཟིན་བྲིས་རྣམས་གྲངས།

Blog Archive

དྲང་སྲོང་རྒན་པོའི་ལྟ་གྲུབ།

ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།།སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།།སུ་དང་གང་གིས་འཇུ་ཡང་མི་ཟིན་པ།།བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།
ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།།དེ་རིང་གཡའ་དག་མཁའ་ནས་ཉི་གཞོན་འཛུམ།།གནམ་སའི་གཤིས་ལུགས་ངེས་མེད་འགྱུར་བ་འདི།།འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།
འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།།རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།།གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།།དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།
བྱང་ཐང་བྱེ་མ་སྤུངས་པའི་ཇག་ལམ་ན།།མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།།ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།།གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།
གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།།ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།།སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།།སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།
2007/3/26/བྲིས།

གདུང་བའི་སྨྲེ་ངག


གཉིད་ནི་རྨོངས་དང་འཐོམ་པའི་ཆ་ལག་ཕྱིར།།སུ་དང་གང་གིས་བསྟོད་པ་མི་བྱེད་མོད།།རྨི་ལམ་གྲོང་ཁྱེར་འགྲིམས་པའི་ལྟད་མོ་ལ།།གཟིགས་ན་གཉིད་ལ་མི་བསྟེན་མཐུ་མེད་ཡིན།།ངོས་འཛིན་གཏོད་སོ་མེད་པའི་བར་སྣང་གི།།མཛེས་མཚོན་ཁ་དོག་བཀྲ་བའི་འཇའ་རིས་སྣེ།།འཁྲུལ་སྣང་ཨ་ཐས་ཟབ་པའི་བོད་རྒན་ཚོས།།རེ་བས་ཤི་འཐམ་བྱས་པའི་རྨི་ལམ་རིང༌།།གཞན་འཚང་སྔོག་པའི་ཕག་གི་མཆུ་ཏོ་ལ།།རང་འཚང་སྐྱག་པ་འགོས་པའི་དྲི་ངན་གྱིས།།དངོས་དོན་བདེན་པའི་དྲི་བསུང་འཐུལ་བ་ལ།།ཕན་པའི་རེ་བ་བཅོལ་པའི་འཁྲུལ་སྣང་ཟབ།།ཟླ་འོད་མུན་པས་ཟོས་པའི་མཚན་མོ་ན།།ནག་ཅན་རྐུན་མའི་གྲིབ་གཟུགས་མ་མཐོང་བར།།འབ་སྒྲས་གནམ་ས་དབྲལ་བའི་ཁྱི་རྒན་ལ།།རེ་བའི་བློ་གཏོད་བྱས་པའི་ལྷ་སྒྲུང་སྙན།།སྤང་རྒྱན་མེ་ཏོག་བཀྲ་བའི་གླིང་ཁ་ན།།ཕྱེ་མ་ལེབ་ཀྱིས་འཕུར་ལྡིང་རྩེན་པའི་རྗེས།།བསམ་མེད་བྱིས་པ་རྒྱུག་པའི་རྡོག་སྣེ་ནས།།གཡང་སའི་རྡོ་ལ་བརྡབས་པའི་ངུ་རྒྱངས་ཐོས།།ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་དུ།།འཁྱགས་པས་ས་གཞི་བསྡམས་པའི་སྲུབ་ཀ་ནས།།ལྗང་མདོག་མྱུ་གུ་འབུས་པའི་རེ་བ་འདིས།།མེས་པོའི་སྙིང་ལ་འཇའ་ཡི་ཁང་བཟང་བསྐྲུན།།བསམ་གཞིགས་འཁྱགས་ལ་འབྱར་བའི་གྲང་ལྷག་གསེབ།།རྣམ་རྟོག་བུ་ཡུག་འཚུབ་པའི་དུར་ཁྲོད་ན།།ཕ་མེས་སྟོང་གི་རྣམ་ཤེས་ཐིམ་པའི་ཤུལ།།རེ་བའི་ལྷག་མ་འཇགས་རྩྭ་སྐམ་པོ་ཙམ།། ༢༠༠༧.༣.༢༠ ལ་བྲིས།

ཕྱིར་དྲན།

རི་རྩེ་ཁ་བས་ཉིན་རེ་ཉིན་རེར་བསྟིམས།།ནགས་ཀྱི་ཤིང་ལོ་རིམ་གྱིས་རིམ་གྱིས་ལྷུང༌།།ད་ནི་ཁོར་ཡུག་མཛེས་པའི་རྣམ་ཤེས་འདིའང༌།།དགུན་འཁྱགས་ལྷགས་པའི་རུམ་དུ་འབྱར་བར་ངེས།།ད་ནངས་བྱེ་འུའི་གསུང་སྙན་མ་ཐོས་གོང༌།།ཞོགས་རླུང་བསིལ་མོས་ཕྲ་ཡོལ་ཁད་ཀྱིས་ཕྱེས།།མགོ་བོ་སྔས་ལ་འབྱར་བའི་རྨི་ལམ་ཡང༌།།གཟུགས་མེད་རླུང་བུ་ལྡང་བས་ཧད་ཀྱིས་དཀྲོགས།།དབྱར་དགུན་སྟོན་དཔྱིད་ཤོག་ལྷེ་བསྒྱུར་བ་བཞིན།།དུས་བཞི་ཤུགས་ཀྱིས་ལོ་ཡི་འཁོར་ལོ་བསྐོར།།མི་ལོ་བཅུ་བདུན་ས་མཐར་དལ་གྱིས་རྫོགས།།དྲན་ཤེས་བསྣོལ་མས་སེམས་ཀྱི་ཚོར་འདུ་བཀྲུགས།།ལྟེ་ཁྲག་གང་དུ་འཕོས་པའི་ཕ་ཡུལ་དང༌།།བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་ཕ་མ་ཟུང༌།།ཤ་ཁྲག་གཅིག་པའི་སྤུན་ཉེ་གྲོགས་པོ་སོགས།།རི་ཁྲི་ཆུ་སྟོང་བརྒལ་བའི་ཕ་རོལ་ལུས།།མི་ཡུལ་འཁྱམས་པ་མི་ཡི་ལས་དབང་སྟེ།།ལྷ་ཡུལ་སླེབས་པའི་རེ་བ་བདག་ལ་མེད།།རང་ལུས་རང་ལ་དབང་བའི་ལས་དབང་ཞིག།མི་མངོན་གནམ་གྱི་དབྱིངས་ནས་གནང་རོགས་གྱིས།།
Powered by Blogger.

འཁྲུལ་སྣང༌།


ཡ་ཀི་རྩ་གསུམ་ལྷ་ཡུལ་མན་ཆད་ནས།།མ་ཀི་རྡོ་རྗེའི་དམྱལ་ཁམས་ཡན་ཆད་ན།།བྱ་བྱེད་བསྣོལ་མ་འཐབ་པའི་འཁྲུལ་སྣང་འདི།།སྒྱུ་རྩལ་སྙན་ངག་སྨྲ་བའི་ལྟད་མོ་ཞིག།
ཕ་རྒན་མུ་གེས་ཤི་བའི་དུར་ས་ན།།བུ་རྒྱུད་ཕྱུག་པོས་ཐུགས་སྤྲོ་བཏང་བྱས་ཏེ།།རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་པ་ཡིས།།རྣམ་ཤེས་འཁྱམས་པོ་འགུག་པའི་མགྲོན་བརྡར་སྨྲ།།
མ་རྒན་ཆང་སར་ཆས་པའི་རྟེན་འབྲེལ་ཐོག།བུ་མོས་བྲོ་གར་ཁྲབ་པའི་གླུ་གཞས་ཀྱིས།།ཆང་དང་སྦི་རག་མཆོད་པའི་སྐུ་མགྲོན་ཚོར།།སེམས་ཁམས་རླུང་གིས་བཀྱགས་པའི་འཁྲུལ་སྣང་སྟེར།།
ཡོད་ཚད་མཇེ་ཡིས་ཕུང་པའི་སྔགས་རྒན་དང༌།།དད་རྫས་སྟུ་རིན་སྤྲོད་པའི་གྲུབ་རྫུན་གཉིས།།རྨོངས་དད་བྲག་གི་བཙན་རྫོང་བརྩེགས་པའི་ནང༌།།བག་མེད་ཤ་ཆང་རོལ་བའི་འཁོར་ཚོགས་རྒྱས།།
སྔགས་ནག་གཅོད་པས་ལྷ་འདྲེ་གཡབ་མོ་བྱེད།།བསམ་མེད་བྱིས་པས་ཁྱི་སྨྱོན་རྡོ་ཡིས་རྡུང༌།།རྙོག་འཛིང་གཡབ་མོ་བྱེད་སའི་གྲུ་ག་འདིར།།ལྷིང་འཇགས་རེ་བ་མཚན་མོའི་རྨི་ལམ་ཙམ།།

སེམས་ཚོར་དམར་པོ།

རི་སུལ་ཁ་བས་བསྟིམས་པའི་ལྷག་རླུང་གསེབ།།རྣམ་ཤེས་རླུང་དང་འགྲོགས་པའི་བ་དོའི་ལུས།།གོས་མེད་གཅེར་བུར་འགྲིམས་པའི་སྐྱོ་གར་ལ།།བརྩེ་སེམས་གོས་བཟང་སྐོན་པའི་བྱམས་ལྡན་སུ།།མེ་མདའི་བུ་ཡུག་འཚུབ་པའི་གཡུལ་ས་ན།།ཚེ་སྲོག་རླུང་གིས་བདས་པའི་ཉམས་ཐག་འབུམ།།ཟུངས་ཁྲག་ཡུར་ཆུ་འཐེན་པའི་གཤིན་ཐང་ནས།།བདག་མེད་བམ་རོས་ཁེངས་པར་སུ་ཡིས་གཟིགས།།ལས་དབང་སྔས་སུ་བྱས་པའི་ལྷོ་མཐའ་ནས།། མིག་ཆུས་གདོང་རིས་བརླན་པའི་ངུ་རྒྱངས་ཀྱིས།།བྱང་བརྒྱུད་ཁ་བས་གཡོག་པའི་དུར་ས་ན།།རྒྱང་རིང་མིག་གིས་ཅེར་བ་སུ་ཡིས་གཟིགས།།གཞན་གནོད་བཞི་ལས་ལྡོག་པའི་སྲིད་དོན་གྱིས།།ཐར་པའི་ཁང་བཟང་མཛེགས་པའི་ལམ་ཟུར་ནས།།ཕ་ས་དོན་དུ་གཉེར་བའི་རྨི་ལམ་ལ།།རེ་བའི་རྨི་ཐག་འཕྱངས་པ་སུ་ཡིས་གཅོད།།ཡར་གི་གསེར་གྱི་ཉི་མའི་འོད་སྣང་འོག།མར་གི་འདུ་ལོང་འཚུབ་པའི་ལྷིང་འཇགས་སྣེ།།རྟག་བརྟན་ཐེར་ཟུག་འཛིན་པའི་འཁྲུལ་སྣང་ལ།།མི་རྟག་སྒྱུ་མའི་རང་ངོ་སུ་ཡིས་སྤྲོད།།མི་ཡུལ་སྔས་སུ་བྱས་པའི་གྲུ་ཁ་ན།།མི་ལོ་ལྔ་བཅུ་ཟིན་པའི་མཇུག་སྣེ་ནས།།མི་ནུས་གདམ་བྱ་མང་བའི་མིག་འཁྲུལ་གྱིས།།བྱིས་པའི་སེམས་ཁམས་བསླུས་པ་སུ་ཡིས་དཀྲོགས།།དགྲ་ལ་ཞི་མོལ་རེ་བའི་འཛུམ་མདངས་ཕག།གཉེན་ལ་རྒྱུག་རྡུང་ཕོག་པའི་ན་ཚ་ཡིས།།ཀི་ཅོས་གནམ་ས་དབྲལ་བའི་ཁོར་ཡུག་ན།།གཉིས་ཕན་འབྲས་བཟང་སྨིན་པ་སུ་ཡིས་རེ།།ནམ་མཁའི་འཇའ་རིས་མིག་གི་ལྟད་མོར་མཛེས།།སྤྲང་པོའི་གླིང་བུ་ཕྱུག་པོའི་རྣ་བར་སྙན།།ཞི་བའི་ལྟ་གྲུབ་བྱིས་པའི་བུ་རམ་གྱིས།།བཀྲེས་ལྟོགས་སེལ་བའི་ལོག་རྟོག་སུ་ཡིས་བཟློག།ཕ་རྒན་བསད་ནས་ཞགས་གསུམ་མ་ལོན་གོང༌།།ཕ་མེད་དྭ་ཕུག་འཁྱམ་པོས་ཁ་བཏགས་སྣེ།།ཕ་བསད་དགྲ་བོའི་མགུལ་ལ་འཐེན་པ་འདི།།ཕ་བཟང་བུ་ཡི་གྲལ་གསེབ་སུ་ཡིས་བཞག།ཁ་འདི་འཕྲེད་དུ་ཕྱེས་པའི་རྟེན་འབྲེལ་གྱིས།།འཕྲེད་འཕྲེད་གཏམ་ལ་རྫོགས་མཐའ་མི་འདུག་པས།།སེམས་ཀྱི་ཁྱེའུ་ཆུང་ངུས་པའི་མིག་ཆུ་རིས།།འཕྲེད་དུ་འབབ་པའི་སྙན་ཚིག་འདི་ཉིད་སྤེལ།།
སྤྱི་ལོ་༢༠༠༨ཟླ་བ་༣ཚེས་༧ཉིན་བྲིས།

དྲན་པའི་སྐྱོ་གདུང༌།


འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།སྐྱིད་པའི་ཕ་ཡུལ་སླེབས་པའི་སྐལ་བ་དེ་མེད་འདྲ།།དྲིན་ཅན་ཕ་མ་མཇལ་བའི་ལས་འཕྲོ་དེ་མི་འདུག།དྲན་གདུང་སེམས་ཀྱི་མིག་ཆུ་ཁོག་པ་ལ་གཞུར་ནས།།མི་ཚེ་ས་མཐར་བསྐྱལ་བའི་ལས་དབང་འདི་སྐྱོ་བ།།སྤུན་མཆེད་གཉེན་ཚན་དུ་མའི་ཞལ་པར་ཙམ་ཐོས་བྱུང༌།།སྐབས་འགར་པར་དང་བརྙན་ཕབ་ལྟད་མོ་ཙམ་མཐོང་ཡང༌།།ཕན་ཚུན་ལྷན་དུ་འཛོམས་པའི་གོ་སྐབས་དེ་བརླགས་ནས།།མི་ཚེ་ཕལ་ཆེར་མི་ཡུལ་ལུང་པ་ལ་རྫོགས་སོང༌།།སྐྱེས་ས་འཚར་ས་བསིལ་ལྡན་བོད་ལྗོངས་ལ་ཡིན་ཡང༌།།རྒ་ས་ཤི་ས་ལྷོ་མཐའི་ཚ་བ་ནང་ངེས་པས།།རྒྱུས་མེད་མི་ཡུལ་འཁྱམས་པའི་ཉམ་ཆུང་གི་གྲྭ་རྐྱང༌།།བསམ་ཞིང་བསམ་ཞིང་སེམས་སྡུག་ན་བུར་བཞིན་འཐུལ་སོང༌།།མི་བཟད་སྐྱོ་བའི་ཚོར་རླབས་སེམས་ཁོང་ནས་འཕྱུར་ཡང༌།།གདོང་གི་བཤུ་སྐོག་མཉེད་པའི་འཛུམ་ཀོང་འདི་བསྟན་བཞིན།།མི་ཚོགས་འདྲ་མིན་གསེབ་ཏུ་འགྲོ་ཁུལ་རང་བྱེད་པ།།འཇིག་རྟེན་མི་ལུས་ལེན་པའི་ཡ་ཚུལ་ཙམ་ལོས་ཡིན།།
༢༠༠༨.༥.༡༧ཉིན་དགེ་འོས་B.edའཛིན་གྲྭའི་ནང་གནན་ཐབས་མེད་པའི་སྐྱོ་སྣང་ཞིག་གིས་རྐྱེན་བྱས་ཏེ་དཀར་པང་ཐོག་ཐོལ་བྱུང་དུ་བྲིས།

Followers


དྲྭ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Friday, January 7, 2011
རུས་ཆེན་བཞི།
          དེ་ལ་རུས་ཆེན་བཞི་ནི། སེ་དང༌། རྨུ། ལྡོང། སྟོང་རྣམས་སོ། ། ལོ་རྒྱུས་གཞན་དང་གཞན་ན། དམུ་ཚ་སྒ་དང༌། ཨ་སྤོ་ལྡོང༌། སེ་ཁྱུང་དབྲ། ཨ་ལྕགས་འབྲུ་སྟེ་རུས་ཆེན་བཞི་དང༌། དབའ་དང་སྡ་ཞེས་རུས་ཆུང་གཉིས་བཅས་བགྲང་པའང་སྣང༌། དེ་དག་ལས་བོད་ཀྱི་མི་རྒྱུད་རིམ་པར་བཞིན་བྱུང་ཚུལ་ནི། ་་་་་་་་་་་་་་་
                   སེ་ལས་བྱུས་ལེགས་བུ་བཞི་སྲིད།།
                   རྨུ་ལ་ཀོད་ལེ་ཕྲ་བརྒྱད་སྲིད།།
                   ལྡོང་ལས་རུས་ཆེན་བཅོ་བརྒྱད་སྲིད།།
                   སྟོང་ལས་རྗེ་བཞི་ཁོལ་བརྒྱད་སྲིད།།
          ཅེས་བྱུང་བ་ལྟར་སེ་ལས་གྱེས་པའི་རིགས་ནི། རྒྱལ་ནང་རྗེ། གྲོ་ནང་ཉེད་བ། འོ་གོག་བཙན། དེ་སྟོང་སེ་ཏེ་བཞིའོ།།  རྨུ་ལས་གྱེས་པའི་ཀོད་ལེ་ཁྲ་བརྒྱད་ནི། ངབ་དང༌། གཞུབ་དང༌། བཞུ། སྨོན། འགར། དཀར། སྒོ། ངན་ལམ་སྟེ་བརྒྱད་རྣམས་སོ།།ལྡོང་ལས་གྱེས་པའི་རུས་ཆེན་བཅོ་བརྒྱད་ནི། ཅོག་དང༌། ཅོག་ཙེ། ཅོག་རོ། འབྲེལ། ཁྱུང་པོ། ཟླ་བ། འབྲིང༌། ལྷ་ལུང༌། ལྷ་རྩེ། གྲང། དགེས་པ། ཁུ་ན། ཉ། ཚེ་སྤོང༌། ཟུ་ནག སྙི། ཕོ་གོ །ཐག་བཟང་རྣམས་སོ།།སྟོང་ལས་གྱེས་པའི་རྗེ་བཞི་དང་ཁོལ་བརྒྱད་ནི། ཅོག་ས་རྗེ་དང༌། ཆང་རྗེ་ཐོད་དཀར་རྗེ། ཏེ་ཅོག་ཉལ་པོ་རྗེ། སྙགས་རྗེ་ཐོག་སྒམ་རྗེ་སྟེ་རྗེ་བཞི་དང༌། དམར་དང༌། མར་མར། སྙལ། སྙལ་དབེན། རྔོག  ཕྲོག  རོག སྦས་ཏེ་ཁོལ་བརྒྱད་དོ།།
          གཤེན་རབ་བོན་གྱི་ལུགས་ལྟར་ན། རླངས་ཀྱི་པུ་ཏི་བསེ་རུ་རྒྱས་པ་ལས། 
འབྱུང་བ་རྣམ་པ་ལྔའི་སྙིང་པོ་ལས།།
                   སྒོ་ང་ཆེན་པོ་གཅིག་ཡོང་བ།།
                   ཕྱིའི་སྒོང་ཤུན་ལ་ལྷ་བྲག་དཀར་པོ་ཆགས།།
                   ནང་གི་སྒོང་ཆུ་ལ།།
                   དུང་མཚོ་དཀར་མོར་འཁྱིལ།།
                   བར་གྱི་སྒོ་ངའི་དར་ཆ་ལ།།
                   རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ།།
                   སྒོ་ང་ཕྲུམ་གྱི་བཅོ་བརྒྱད་ཆགས།།
                   སྒོ་ང་བཅོ་བརྒྱད་འབྲིང་བ་དེ།།
                   དུང་སྒོང་གཅིག་ཏུ་ཡར་ནས་བྱུང༌།།
                   དེ་ནི་སྨོན་པའི་མི་བོ་ལུམ་ལུམ་ཡིན།།

          ཞེས་འཇིག་རྟེན་སྣོད་བཅུད་ཡོངས་རྫོགས་སྒོང་ལས་བྱུང་བར་བཤད་དེ། རང་རེའི་སྔོན་གྱི་ལོ་རྒྱུས་སྨྲ་བ་ཕལ་ཆེ་བར་རང་ཉིད་ཆོས་ལུགས་གང་ཞིག་ཡིན་པའི་ལྟ་གྲུབ་དེ་ཉིད་རྨང་གཞིར་གཞག་སྟེ་ལོ་རྒྱུས་ལ་དཔྱད་པ་བཏང་བ་ལས་དོན་དངོས་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་གནང་མཁན་མང་པོ་མེད་པ་དང༌། ལྷག་དོན་བོན་གྱི་ལྟ་གྲུབ་རྒྱུ་མཚན་དུ་བྱས་ནས་བོན་དང་བོན་གྱི་གཞུང་དང་འབྲེལ་བའི་ལོ་རྒྱུས་ཡོངས་རྫོགས་ནག་བསུབ་བཏང་རྐྱང་མཛད་པ་ནི། ལོ་རྒྱུས་ཚད་ལྡན་སྨྲ་བ་ཞིག་ལ་མཚོན་ན་ཞན་ཆ་ཁོ་ན་ལས་དགེ་མཚན་ཞིག་ག་ལ་ཡིན། དེ་ལྟར་ནའང་གནའ་བོའི་བོན་གྱི་ལོ་རྒྱུས་སྨྲ་བ་ཚོས་གདོད་མའི་སྤྱི་ཚོགས་དང་ཁོར་ཡུག་ལ་དཔྱད་པ་གཏོང་བའི་ཆ་རྐྱེན་ཞན་པས་དོན་དངོས་དང་མཐུན་པའི་ཚན་རིག་གི་བཤད་པ་ལྟར་ཡོང་དཀའ་བས་ཤ་གཟུགས་གསོན་པོ་ཟ་རྐྱང་བྱེད་མི་རུང་བ་འང་བཤད་ཅི་དགོས།
          བོད་ཀྱི་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས། ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་པ་ལ་བརྟེན་ནས། སྔོན་རྩོད་ལྡན་གྱི་ཐོག་མར་རྒྱལ་པོ་སྐྱ་སེང་གི་བུ་ལྔ་དང་དགྲ་ངན་དམག་ཚོགས་བཅུ་གཉིས་གཡུལ་བཀྱེས་པ་ལས་རུ་པ་ཏི་འཁོར་དང་བཅས་པ་བུད་མེད་ཀྱི་ཆས་བརྫུས་ཏེ། རི་ཁ་བ་ཅན་གྱི་ཁྲོད་དུ་བྲོས་པ་ལས་དེང་སང་གི་བོད་རིགས་འདི་བྱུང་བ་བཤད་པ་དང༌། ཡང་ཁ་ཅིག་བོད་རིགས་འདིའི་ཐོག་མའི་འབྱུང་ཁུངས་ནི་འཇང་རིགས་ཡིན་པར་བཤད་པ་སོགས་ཡོད་དེ།
          གོང་གསལ་ལོ་རྒྱུས་དེ་དག་ལ་ཞིབ་ཏུ་བརྟགས་ནས་ལོ་རྒྱུས་དངོས་ཡོད་དང་མཐུན་པའི་མཐའ་བསྡོམས་ཤིག་བཀོད་ན། བོད་མིའི་འབྱུང་ཁུངས་ངོ་མ་ནི་སྤྲ་དང་སྤྲེའུ་ཡིན་པར་བཤད་མ་དགོས་པའི་ཐོག་འཇང་དང༌། སོག་པོ། རྒྱ་དཀར་ནག་སོགས་ཀྱི་མི་རིགས་ཀྱང་ཉེ་འདབ་ས་འབྲེལ་གྱི་རྐྱེན་པས་ཅིས་ཀྱང་འདྲེས་སྲིད་པ་ཞིག་ཡིན་པས། དེ་དག་ཀྱང་རང་རེའི་མི་རིགས་ཀྱི་འབྱུང་ཁུངས་དང་འབྲེལ་བའི་གྲུབ་ཆ་ཆུང་ཆུང་ཞིག་ཡིན་ཆོག་པར་སེམས། འོན་ཀྱང་དེ་ཙམ་གྱིས་བོད་མི་རིགས་ཀྱི་འབྱུང་ཁུངས་སྤྲ་སྤྲེལ་ལ་གཏུགས་རྒྱུའི་འགལ་རྐྱེན་གང་ཡང་བཟོ་དོན་མེད་པ་ཡིན་ནོ།།
དེང་སང་ཚན་རིག་པས། སྤྲ་སྤྲེལ་དག་རིམ་གྱིས་སྤུ་དང་མཇུག་མ་བྱི་བ་ལས་མི་རུ་གྱུར་པར་འདོད་ལ། དེ་ལས་ཡར་འདེད་ན་རྒྱ་མཚོའི་ནང་གི་སེལ་རྡུལ་ལ་ཐུག་པར་བཤད་པ་དེས། བོད་ཀྱི་མི་རིགས་འདི་སྤྲ་རྒྱུད་འཕེལ་བ་ལས་བྱུང་བར་ང་ཚོས་སྔར་ནས་བཤད་ཟིན་པ་དེ་ཉིད་བསྲེགས་བཅད་བརྡར་བའི་གསེར་བཞིན་ཡིད་ཆེས་དང་རིན་ཐང་ཆེ་རུ་སོང་བ་ཡིན། མི་ནི་སྤྲ་རྒྱུད་ལས་ཆད་པའི་རིག་པའི་གཞུང་ལུགས་དེ་ཐོག་མར་བོད་ནས་བྱུང་བ་ལྟར། སྤྲ་རིགས་མི་རུ་གྱུར་པའི་མིའི་འགྲོ་བ་ཡང་ཐོག་མར་བོད་ནས་བྱུང་བར་མངོན་ཏེ། སྤྲ་སྤྲེའུ་རྣམས་ནི་རི་བྲག་ཡོད་ས་དང་ལྷག་པར་འབྲས་ལྡན་གྱི་ནགས་ཚལ་རྣམས་སུ་སྡོད་པ་ལས་རང་དགར་སྤང་ལྗོངས་དང༌། བྱེ་ཐང༌། འཁྱག་གླིང་རྣམས་སུ་འཚོ་སྡོད་མི་ཐུབ་ཅིང༌། འཛམ་གླིང་ན་ནགས་ཚལ་གྱི་ཐོག་མ་ནི་བོད་ནས་བྱུང་སྟེ། འཛམ་གླིང་འདིར་རྒྱ་མཚོ་དང་འཁྱག་རོམ། ས་རྡོ་རི་བྲག་གི་རྣམ་པ་ཅན་ལས་རིམ་གྱིས་རྩི་ཤིང་གི་རིགས་སྐྱེ་བའི་འགོ་ཚུགས་པ་སྔ་ཤོས་ནི་ཤིང་འཛམ་བུ་ཞེས་པ་དེ་ཡིན། ཤིང་དེ་ནི་ཡལ་ག་དང་ལོ་མས་ཁེབས་པ། འབྲས་བུས་དུད་པ། མྱང་ན་ཞིམ་པ། བལྟས་ན་མཛེས་པ་ཞིག་ཡིན་པས་འཇིག་རྟེན་འདིར་ངོ་མཚར་ཆེ་བར་མཐོང་ནས་དེའི་མིང་གི་ཆེ་བ་དང་ལྡན་པར་གླིང་འདི་ལའང་འཛམ་བུ་གླིང་ཞེས་མིང་བཏགས། ཤིང་དེའང་མཚོ་མ་དྲོས་པའི་འགྲམ་ན་རྐང་གཅིག་རང་སྐྱེས་པ་མིན་པར་བོད་ཀྱི་ལྷོ་ཕྱོགས་རྫ་ཡུལ་ནས་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ལུང་ལག་ཐམས་ཅད་ཁྱབ་ནས་ཡོད་ཀྱང་འཛམ་གླིང་སྤྱི་ཡོངས་ནས་བལྟས་ན་མཚོ་མ་དྲོས་པའི་འགྲམ་དུ་སྐྱེས་པར་བཤད་པ་ལ་འགལ་བ་ཅི་ཡང་མེད། ཡང་ན་དེ་སྐབས་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ནགས་ཚལ་དེ་དག་རྫ་ཡུལ་ནས་ནུབ་ཀ་ཤི་སྨིར་བར་མེལ་ནས་ཡོད་ཀྱང༌། ཕྱིས་ཧི་མ་ལ་ཡའི་རི་རྒྱུད་འབུར་དུ་དོན་པ་ནས་སྟོད་ཁུལ་དུ་ས་གཤིས་ལ་འགྱུར་བ་ཐེབས་ཏེ་རྩི་ཤིང་སྐྱེ་བའི་ནུས་པ་ཉམས་པའང་སེམས།
          ང་ཚོའི་མེས་པོ་སྤྲ་རིགས་དེ་དག་འཚོ་སྡོད་བྱ་ཡུལ་གྱི་ནགས་ཚལ་དེ་དག་ཏུ་བྱ་དང་རི་དྭགས་ཀྱང་མང་པོ་ཡོད་པས་ནགས་མ་བྱ་ཚོགས་ཅན་ཞེས་ཀྱང་ཟེར། ནགས་ཚལ་དེར་སྤྲ་ཁྱུ་མང་དུ་འཕེལ་བ་ལས་འཚོ་ཐབས་དཀའ་བ་བྱུང་སྟེ། སྤྲ་ཁྱུ་འགའ་རེ་ཉེ་འཁོར་གྱི་ཐང་དུ་འོང་ནས་ས་འོག་གི་རྩྭ་ལྡུམ་རྐོ་བ་དང༌། རི་དྭགས་ཤི་བ་སོགས་ཀྱི་ཤ་ཡང་ཟ་དགོས་བྱུང༌། དེ་འདྲའི་དཀའ་སྡུག་གི་ཀྱག་ཀྱོག་མང་པོའི་ཁྲོད་དུ་ནང་སེམས་ཀྱི་སྟེང་ལ་ཉམས་མྱོང་དང་རྣམ་དཔྱོད་ཆེ་རུ་ཕྱིན་པས་ལོ་ཏོག་སྤོ་འཛུགས་ཀྱི་གསོག་འཇོག་ཤེས་པར་གྱུར་པ་དང༌། ཕྱི་ལུས་ཀྱི་བཀོད་པའང་མིའི་གཟུགས་སུ་འགྱུར་འགོ་ཚུགས།
དེ་ནི།  མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན།།
          ནགས་སུ་རི་དྭགས་ལྟ་བུར་གནས་པ་ཡི།།
          གློ་དང་མི་རྒོད་ལྟ་བུས་བོད་ཡུལ་གང༌།།ཞེས་དང༌།
          མཛོདལས་ཀྱང༌། དེ་ནས་རིམ་བཞིན་རོ་ལ་ཆགས།།
                   ལེ་ལོས་གསོག་འཇོག་བྱས་ནས་ནི།།
                   འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བསྐོས།།
          ཞེས་པ་དང་ཡང་མཐུན་ནོ།།དེ་ལྟར་གནས་པའི་དུས་སྐབས་དེའི་ཡས་མས་ཞིག་ནས་ད་ནི་མ་འོངས་པར་འཚོ་བའི་མདུན་ལམ་ཐག་གཅོད་བྱེད་པར་ཡངས་ཤིང་རྒྱ་ཆེ་ལ་ཕུན་སུམ་ཚོགས་པའི་ཡུལ་ལྗོངས་ཤིག་ལ་བརྟེན་དགོས་པར་མཐོང་ནས། ཀ་ཁོལ་མ་ལས་བཤད་པ་ལྟར་སྤྲ་མི་མང་པོ་ཞིག་ཚན་པ་ཚན་པར་བྱས་ཏེ་མཐོ་སྒང་འདི་དང་ཁ་གྱེས་ནས། ཤར་ལྷོ་ནུབ་བྱང་གང་སར་མདུན་བསྐྱོད་བྱེད་བཞིན། ས་བབ་འཕྲོད་ལ། ཐོན་ཁུངས་འབེལ་པོ་ཡོད་པའི་ལུང་པ་དང་ཐུག་དུས་དེར་འཚོ་སྡོད་བྱས། དེ་ལྟར་རང་གི་ཁོར་ཡུག་དང་ཁ་ཟས་སོགས་ཀྱི་ཁྱད་པར་ལས། ཁ་དོག་གི་ཆ་ནས་སྐྲ་རྣམས་སེར་པོ་གྱུར་པ་མ་ཟད་ཤའི་མདོག་ཀྱང་སེར་ཤས་ཆེ་བའི་རིགས་གཅིག་དང༌། སྐྲ་རྣམས་གནག་ལ་འཛིངས་པ་མ་ཟད་ལུས་ཀྱི་མདོག་ཀྱང་ནག་པོ་ཡིན་པའི་རིགས་གཅིག །དབྱིབས་ཀྱི་ཆ་ནས་སྣའི་གཟིང་མཐོ་བའམ་སྣ་ལྡོང་བའི་རིགས་གཅིག་དང༌། ཡང་སྣ་ལྡོང་པའི་ལྡོག་ཕྱོགས་ཉག་པའམ་སྟོང་པའི་རིགས་གཅིག་སྟེ། རྩ་བའི་རིགས་ཆེ་བ་བཞི་བྱུང༌། དེ་དག་རྣམ་པ་གཅིག་ཏུ་ན། སེ། རྨུ། ལྡོང༌། སྟོང་ཏེ་བཞི་པོ་རྒྱུད་པ་རྣམས་ལས།
                   དང་པོ་སེ་ནི་ཡོ་རོབ་ཀྱི་མི་རིགས་དང༌།
                   གཉིས་པ་རྨུ་ནི་ཨ་ཕི་རི་ཀའི་མི་རིགས།
                   གསུམ་པ་ལྡོང་ནི་རྒྱ་གར་གྱི་མི་རིགས།
                   བཞི་པ་སྟོང་ནི་བོད་དང་སོག་པོ་རྒྱ་ནག་སོགས་ཡིན་ནོ་སྙམ་སྟེ།
          དེས་ན་འཛམ་གླིང་ཧྲིལ་པོ་འདིར་འཆིས་སོ་ཅོག་གི་མི་ཡི་འགྲོ་བ་མཐའ་དག་པའི་ཐོག་མའི་འབྱུང་ཁུངས་ནི། སེ་རྨུ་ལྡོང་སྟོང་སྟེ་རུས་ཆེན་བཞི་པོ་འདི་ཉིད་ཁོ་ན་ལ་ཐུག་པར་པའང་སེམས་ཏེ། རྒྱུ་མཚན་ད་དུང་སྤྲོས་པས་ཆོག་གོ །
          འཛམ་གླིང་ན་ནགས་ཚལ་གྱི་ཐོག་མ་བོད་ནས་བྱུང་བར་བཤད་པ་ནི། ནང་པའི་གསུང་རབ་རྣམས་སུ་ཤིང་གི་ཐོག་མ་འཛམ་བུ་ཞེས་པ་དེ་མཚོ་མ་དྲོས་པའི་འགྲམ་ན་ཡོད་པར་བཤད་པ་ལ་གཞི་བཅོལ་བ་ཞིག་ཡིན་མོད། ནང་པའི་མདོ་སྡེ་རྣམས་སུ་བཤད་པ་ལྟར་ན། འཛམ་གླིང་འདིར་ཐོག་མར་སེམས་ཅན་སུ་ཡང་མེད་པར་གཙང་ཞིང་ཡིད་དུ་འོང་བ་ཞིག་ཡིན་པས། སྟེང་ཕྱོགས་ནས་ལྷ་ཁ་ཤས་ཤིག་མར་བབས་ནས་མི་ཡུལ་གྱི་འཇིག་རྟེན་འདིར་རྫུས་ཏེ་སྐྱེས་བ་ལེན་ནས་རྩེན་ཅིང་གནས་པ་ལས། མངོན་ཤེས་དང་རྫུ་འཕྲུལ་རྣམས་རིམ་གྱིས་ཉམས་ཏེ་མིར་གྱུར་པ་འདོད་མོད། རང་རེ་བོད་ཀྱི་བཤད་སྲོལ་འདི་ནི་ཚན་རིག་དང་མཐུན་པར་གནའ་བོའི་དུད་འགྲོའི་རིགས་ཀྱི་སྤྲ་རྒྱུད་དེད་ནས་རིམ་གྱིས་ད་ལྟའི་རྣམ་དཔྱོད་ཅན་གྱི་མི་ཡི་འགྲོ་བ་འདི་བཞིན་བྱུང་བ་ལ་ཐེ་ཚོམ་གང་ཡང་མི་དགོས་སོ།།