༄༅། །བོད་ལྗོངས་ལྷ་མི་ཡོངས་ཀྱིས་དད་མོས་རྩེ་གཅིག་གིས་ལུགས་གཉིས་ཀྱི་འདྲེན་པ་མཆོག་ཏུ་མངའ་གསོལ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཆེན་པོའི་ཕྱག་ཐམ།

སེམས་འཚོར་དམར་པོ།

སེམས་འཚོར་དམར་པོ།
འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།

ཟིན་བྲིས་རྣམས་གྲངས།

Blog Archive

དྲང་སྲོང་རྒན་པོའི་ལྟ་གྲུབ།

ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།།སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།།སུ་དང་གང་གིས་འཇུ་ཡང་མི་ཟིན་པ།།བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།
ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།།དེ་རིང་གཡའ་དག་མཁའ་ནས་ཉི་གཞོན་འཛུམ།།གནམ་སའི་གཤིས་ལུགས་ངེས་མེད་འགྱུར་བ་འདི།།འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།
འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།།རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།།གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།།དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།
བྱང་ཐང་བྱེ་མ་སྤུངས་པའི་ཇག་ལམ་ན།།མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།།ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།།གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།
གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།།ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།།སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།།སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།
2007/3/26/བྲིས།

གདུང་བའི་སྨྲེ་ངག


གཉིད་ནི་རྨོངས་དང་འཐོམ་པའི་ཆ་ལག་ཕྱིར།།སུ་དང་གང་གིས་བསྟོད་པ་མི་བྱེད་མོད།།རྨི་ལམ་གྲོང་ཁྱེར་འགྲིམས་པའི་ལྟད་མོ་ལ།།གཟིགས་ན་གཉིད་ལ་མི་བསྟེན་མཐུ་མེད་ཡིན།།ངོས་འཛིན་གཏོད་སོ་མེད་པའི་བར་སྣང་གི།།མཛེས་མཚོན་ཁ་དོག་བཀྲ་བའི་འཇའ་རིས་སྣེ།།འཁྲུལ་སྣང་ཨ་ཐས་ཟབ་པའི་བོད་རྒན་ཚོས།།རེ་བས་ཤི་འཐམ་བྱས་པའི་རྨི་ལམ་རིང༌།།གཞན་འཚང་སྔོག་པའི་ཕག་གི་མཆུ་ཏོ་ལ།།རང་འཚང་སྐྱག་པ་འགོས་པའི་དྲི་ངན་གྱིས།།དངོས་དོན་བདེན་པའི་དྲི་བསུང་འཐུལ་བ་ལ།།ཕན་པའི་རེ་བ་བཅོལ་པའི་འཁྲུལ་སྣང་ཟབ།།ཟླ་འོད་མུན་པས་ཟོས་པའི་མཚན་མོ་ན།།ནག་ཅན་རྐུན་མའི་གྲིབ་གཟུགས་མ་མཐོང་བར།།འབ་སྒྲས་གནམ་ས་དབྲལ་བའི་ཁྱི་རྒན་ལ།།རེ་བའི་བློ་གཏོད་བྱས་པའི་ལྷ་སྒྲུང་སྙན།།སྤང་རྒྱན་མེ་ཏོག་བཀྲ་བའི་གླིང་ཁ་ན།།ཕྱེ་མ་ལེབ་ཀྱིས་འཕུར་ལྡིང་རྩེན་པའི་རྗེས།།བསམ་མེད་བྱིས་པ་རྒྱུག་པའི་རྡོག་སྣེ་ནས།།གཡང་སའི་རྡོ་ལ་བརྡབས་པའི་ངུ་རྒྱངས་ཐོས།།ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་དུ།།འཁྱགས་པས་ས་གཞི་བསྡམས་པའི་སྲུབ་ཀ་ནས།།ལྗང་མདོག་མྱུ་གུ་འབུས་པའི་རེ་བ་འདིས།།མེས་པོའི་སྙིང་ལ་འཇའ་ཡི་ཁང་བཟང་བསྐྲུན།།བསམ་གཞིགས་འཁྱགས་ལ་འབྱར་བའི་གྲང་ལྷག་གསེབ།།རྣམ་རྟོག་བུ་ཡུག་འཚུབ་པའི་དུར་ཁྲོད་ན།།ཕ་མེས་སྟོང་གི་རྣམ་ཤེས་ཐིམ་པའི་ཤུལ།།རེ་བའི་ལྷག་མ་འཇགས་རྩྭ་སྐམ་པོ་ཙམ།། ༢༠༠༧.༣.༢༠ ལ་བྲིས།

ཕྱིར་དྲན།

རི་རྩེ་ཁ་བས་ཉིན་རེ་ཉིན་རེར་བསྟིམས།།ནགས་ཀྱི་ཤིང་ལོ་རིམ་གྱིས་རིམ་གྱིས་ལྷུང༌།།ད་ནི་ཁོར་ཡུག་མཛེས་པའི་རྣམ་ཤེས་འདིའང༌།།དགུན་འཁྱགས་ལྷགས་པའི་རུམ་དུ་འབྱར་བར་ངེས།།ད་ནངས་བྱེ་འུའི་གསུང་སྙན་མ་ཐོས་གོང༌།།ཞོགས་རླུང་བསིལ་མོས་ཕྲ་ཡོལ་ཁད་ཀྱིས་ཕྱེས།།མགོ་བོ་སྔས་ལ་འབྱར་བའི་རྨི་ལམ་ཡང༌།།གཟུགས་མེད་རླུང་བུ་ལྡང་བས་ཧད་ཀྱིས་དཀྲོགས།།དབྱར་དགུན་སྟོན་དཔྱིད་ཤོག་ལྷེ་བསྒྱུར་བ་བཞིན།།དུས་བཞི་ཤུགས་ཀྱིས་ལོ་ཡི་འཁོར་ལོ་བསྐོར།།མི་ལོ་བཅུ་བདུན་ས་མཐར་དལ་གྱིས་རྫོགས།།དྲན་ཤེས་བསྣོལ་མས་སེམས་ཀྱི་ཚོར་འདུ་བཀྲུགས།།ལྟེ་ཁྲག་གང་དུ་འཕོས་པའི་ཕ་ཡུལ་དང༌།།བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་ཕ་མ་ཟུང༌།།ཤ་ཁྲག་གཅིག་པའི་སྤུན་ཉེ་གྲོགས་པོ་སོགས།།རི་ཁྲི་ཆུ་སྟོང་བརྒལ་བའི་ཕ་རོལ་ལུས།།མི་ཡུལ་འཁྱམས་པ་མི་ཡི་ལས་དབང་སྟེ།།ལྷ་ཡུལ་སླེབས་པའི་རེ་བ་བདག་ལ་མེད།།རང་ལུས་རང་ལ་དབང་བའི་ལས་དབང་ཞིག།མི་མངོན་གནམ་གྱི་དབྱིངས་ནས་གནང་རོགས་གྱིས།།
Powered by Blogger.

འཁྲུལ་སྣང༌།


ཡ་ཀི་རྩ་གསུམ་ལྷ་ཡུལ་མན་ཆད་ནས།།མ་ཀི་རྡོ་རྗེའི་དམྱལ་ཁམས་ཡན་ཆད་ན།།བྱ་བྱེད་བསྣོལ་མ་འཐབ་པའི་འཁྲུལ་སྣང་འདི།།སྒྱུ་རྩལ་སྙན་ངག་སྨྲ་བའི་ལྟད་མོ་ཞིག།
ཕ་རྒན་མུ་གེས་ཤི་བའི་དུར་ས་ན།།བུ་རྒྱུད་ཕྱུག་པོས་ཐུགས་སྤྲོ་བཏང་བྱས་ཏེ།།རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་པ་ཡིས།།རྣམ་ཤེས་འཁྱམས་པོ་འགུག་པའི་མགྲོན་བརྡར་སྨྲ།།
མ་རྒན་ཆང་སར་ཆས་པའི་རྟེན་འབྲེལ་ཐོག།བུ་མོས་བྲོ་གར་ཁྲབ་པའི་གླུ་གཞས་ཀྱིས།།ཆང་དང་སྦི་རག་མཆོད་པའི་སྐུ་མགྲོན་ཚོར།།སེམས་ཁམས་རླུང་གིས་བཀྱགས་པའི་འཁྲུལ་སྣང་སྟེར།།
ཡོད་ཚད་མཇེ་ཡིས་ཕུང་པའི་སྔགས་རྒན་དང༌།།དད་རྫས་སྟུ་རིན་སྤྲོད་པའི་གྲུབ་རྫུན་གཉིས།།རྨོངས་དད་བྲག་གི་བཙན་རྫོང་བརྩེགས་པའི་ནང༌།།བག་མེད་ཤ་ཆང་རོལ་བའི་འཁོར་ཚོགས་རྒྱས།།
སྔགས་ནག་གཅོད་པས་ལྷ་འདྲེ་གཡབ་མོ་བྱེད།།བསམ་མེད་བྱིས་པས་ཁྱི་སྨྱོན་རྡོ་ཡིས་རྡུང༌།།རྙོག་འཛིང་གཡབ་མོ་བྱེད་སའི་གྲུ་ག་འདིར།།ལྷིང་འཇགས་རེ་བ་མཚན་མོའི་རྨི་ལམ་ཙམ།།

སེམས་ཚོར་དམར་པོ།

རི་སུལ་ཁ་བས་བསྟིམས་པའི་ལྷག་རླུང་གསེབ།།རྣམ་ཤེས་རླུང་དང་འགྲོགས་པའི་བ་དོའི་ལུས།།གོས་མེད་གཅེར་བུར་འགྲིམས་པའི་སྐྱོ་གར་ལ།།བརྩེ་སེམས་གོས་བཟང་སྐོན་པའི་བྱམས་ལྡན་སུ།།མེ་མདའི་བུ་ཡུག་འཚུབ་པའི་གཡུལ་ས་ན།།ཚེ་སྲོག་རླུང་གིས་བདས་པའི་ཉམས་ཐག་འབུམ།།ཟུངས་ཁྲག་ཡུར་ཆུ་འཐེན་པའི་གཤིན་ཐང་ནས།།བདག་མེད་བམ་རོས་ཁེངས་པར་སུ་ཡིས་གཟིགས།།ལས་དབང་སྔས་སུ་བྱས་པའི་ལྷོ་མཐའ་ནས།། མིག་ཆུས་གདོང་རིས་བརླན་པའི་ངུ་རྒྱངས་ཀྱིས།།བྱང་བརྒྱུད་ཁ་བས་གཡོག་པའི་དུར་ས་ན།།རྒྱང་རིང་མིག་གིས་ཅེར་བ་སུ་ཡིས་གཟིགས།།གཞན་གནོད་བཞི་ལས་ལྡོག་པའི་སྲིད་དོན་གྱིས།།ཐར་པའི་ཁང་བཟང་མཛེགས་པའི་ལམ་ཟུར་ནས།།ཕ་ས་དོན་དུ་གཉེར་བའི་རྨི་ལམ་ལ།།རེ་བའི་རྨི་ཐག་འཕྱངས་པ་སུ་ཡིས་གཅོད།།ཡར་གི་གསེར་གྱི་ཉི་མའི་འོད་སྣང་འོག།མར་གི་འདུ་ལོང་འཚུབ་པའི་ལྷིང་འཇགས་སྣེ།།རྟག་བརྟན་ཐེར་ཟུག་འཛིན་པའི་འཁྲུལ་སྣང་ལ།།མི་རྟག་སྒྱུ་མའི་རང་ངོ་སུ་ཡིས་སྤྲོད།།མི་ཡུལ་སྔས་སུ་བྱས་པའི་གྲུ་ཁ་ན།།མི་ལོ་ལྔ་བཅུ་ཟིན་པའི་མཇུག་སྣེ་ནས།།མི་ནུས་གདམ་བྱ་མང་བའི་མིག་འཁྲུལ་གྱིས།།བྱིས་པའི་སེམས་ཁམས་བསླུས་པ་སུ་ཡིས་དཀྲོགས།།དགྲ་ལ་ཞི་མོལ་རེ་བའི་འཛུམ་མདངས་ཕག།གཉེན་ལ་རྒྱུག་རྡུང་ཕོག་པའི་ན་ཚ་ཡིས།།ཀི་ཅོས་གནམ་ས་དབྲལ་བའི་ཁོར་ཡུག་ན།།གཉིས་ཕན་འབྲས་བཟང་སྨིན་པ་སུ་ཡིས་རེ།།ནམ་མཁའི་འཇའ་རིས་མིག་གི་ལྟད་མོར་མཛེས།།སྤྲང་པོའི་གླིང་བུ་ཕྱུག་པོའི་རྣ་བར་སྙན།།ཞི་བའི་ལྟ་གྲུབ་བྱིས་པའི་བུ་རམ་གྱིས།།བཀྲེས་ལྟོགས་སེལ་བའི་ལོག་རྟོག་སུ་ཡིས་བཟློག།ཕ་རྒན་བསད་ནས་ཞགས་གསུམ་མ་ལོན་གོང༌།།ཕ་མེད་དྭ་ཕུག་འཁྱམ་པོས་ཁ་བཏགས་སྣེ།།ཕ་བསད་དགྲ་བོའི་མགུལ་ལ་འཐེན་པ་འདི།།ཕ་བཟང་བུ་ཡི་གྲལ་གསེབ་སུ་ཡིས་བཞག།ཁ་འདི་འཕྲེད་དུ་ཕྱེས་པའི་རྟེན་འབྲེལ་གྱིས།།འཕྲེད་འཕྲེད་གཏམ་ལ་རྫོགས་མཐའ་མི་འདུག་པས།།སེམས་ཀྱི་ཁྱེའུ་ཆུང་ངུས་པའི་མིག་ཆུ་རིས།།འཕྲེད་དུ་འབབ་པའི་སྙན་ཚིག་འདི་ཉིད་སྤེལ།།
སྤྱི་ལོ་༢༠༠༨ཟླ་བ་༣ཚེས་༧ཉིན་བྲིས།

དྲན་པའི་སྐྱོ་གདུང༌།


འདས་པའི་ལོ་ཟླ་སྐད་གཅིག་སྐད་ཅིག་གིས་བུད་ཐལ།།ད་ལྟའི་ཉིན་ཞག་ག་ལེ་ག་ལེ་ལ་འགྲོ་གིན།།མ་འོངས་ནམ་ཟླ་རིམ་གྱིས་རིམ་གྱིས་རང་འཛད་ནས།།མི་རྟག་སྒྱུ་མའི་རང་གཤིས་མི་ཚེ་འདི་རྫོགས་འགྲོ།།ཆུང་དུས་རྩེད་ར་འགྲིམས་པའི་སྤྲོ་སྣང་དེ་མ་ཐོབ།།གཞོན་དུས་ཆུང་མ་བསུས་ནས་ཁྱིམ་གཞིས་ཀྱང་མ་བཟུང༌།།རྒས་དུས་རེ་ལྟོས་བཅོལ་ས་བུ་ཚ་ཞིག་མེད་པར།།མི་རྟག་སྒྱུ་མའི་ལུས་འདི་རྨི་ལམ་བཞིན་རྫོགས་སོང༌།།ཆུང་དུས་ཐོས་པ་བསགས་པའི་སློབ་སྦྱོང་གི་འབྲས་བུ།།སྒོམ་ནས་རྒྱུད་ལ་སྦྱར་བའི་ཉམས་ལེན་ཙམ་མེད་པར།།ཁ་བཤད་ཆུ་ཡི་ལྦུ་བས་དུས་ཚོད་ཀུན་བསྐྱལ་ནས།།མི་རྟག་སྒྱུ་མའི་ལུས་འདི་སྟོང་པ་རང་ཆགས་སོང༌།།སྐྱིད་པའི་ཕ་ཡུལ་སླེབས་པའི་སྐལ་བ་དེ་མེད་འདྲ།།དྲིན་ཅན་ཕ་མ་མཇལ་བའི་ལས་འཕྲོ་དེ་མི་འདུག།དྲན་གདུང་སེམས་ཀྱི་མིག་ཆུ་ཁོག་པ་ལ་གཞུར་ནས།།མི་ཚེ་ས་མཐར་བསྐྱལ་བའི་ལས་དབང་འདི་སྐྱོ་བ།།སྤུན་མཆེད་གཉེན་ཚན་དུ་མའི་ཞལ་པར་ཙམ་ཐོས་བྱུང༌།།སྐབས་འགར་པར་དང་བརྙན་ཕབ་ལྟད་མོ་ཙམ་མཐོང་ཡང༌།།ཕན་ཚུན་ལྷན་དུ་འཛོམས་པའི་གོ་སྐབས་དེ་བརླགས་ནས།།མི་ཚེ་ཕལ་ཆེར་མི་ཡུལ་ལུང་པ་ལ་རྫོགས་སོང༌།།སྐྱེས་ས་འཚར་ས་བསིལ་ལྡན་བོད་ལྗོངས་ལ་ཡིན་ཡང༌།།རྒ་ས་ཤི་ས་ལྷོ་མཐའི་ཚ་བ་ནང་ངེས་པས།།རྒྱུས་མེད་མི་ཡུལ་འཁྱམས་པའི་ཉམ་ཆུང་གི་གྲྭ་རྐྱང༌།།བསམ་ཞིང་བསམ་ཞིང་སེམས་སྡུག་ན་བུར་བཞིན་འཐུལ་སོང༌།།མི་བཟད་སྐྱོ་བའི་ཚོར་རླབས་སེམས་ཁོང་ནས་འཕྱུར་ཡང༌།།གདོང་གི་བཤུ་སྐོག་མཉེད་པའི་འཛུམ་ཀོང་འདི་བསྟན་བཞིན།།མི་ཚོགས་འདྲ་མིན་གསེབ་ཏུ་འགྲོ་ཁུལ་རང་བྱེད་པ།།འཇིག་རྟེན་མི་ལུས་ལེན་པའི་ཡ་ཚུལ་ཙམ་ལོས་ཡིན།།
༢༠༠༨.༥.༡༧ཉིན་དགེ་འོས་B.edའཛིན་གྲྭའི་ནང་གནན་ཐབས་མེད་པའི་སྐྱོ་སྣང་ཞིག་གིས་རྐྱེན་བྱས་ཏེ་དཀར་པང་ཐོག་ཐོལ་བྱུང་དུ་བྲིས།

Followers


དྲྭ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Friday, January 7, 2011
བོད་ཀྱི་ཡུལ་ལྗོངས་རགས་ཙམ་གླེང་པ།
          དེ་ཡང་རང་རེའི་སྔོན་གྱི་རྒྱལ་རབས་སྨྲ་བའི་མཁས་པ་ཚོས། ལྷ་མོ་དྲི་མ་མེད་པའི་མདོར། ཁ་བ་ཅན་གྱི་མཚོ་བྲི་ནས།།ཞེས་པ་སོགས་དྲངས་ནས་བོད་འདི་གནའ་བོའི་བསྐལ་པ་ཡར་ཐོག་གི་སྐབས་སུ་ཆུས་ཁེངས་པའི་རྒྱ་མཚོ་ཡིན་ཞིང༌། རིམ་གྱིས་མཚོ་འབྲི་ནས་གངས་ཅན་པའི་སྣོད་ཀྱི་འཇིག་རྟེན་འདི་ཉིད་གྲུབ་པར་བཤད།

དེ་ལ་ཞིབ་ཏུ་བརྟག་ན་ཁ་བ་ཅན་གྱི་མཚོ་ནི་ད་ལྟའྀ་གྲོང་ཁྱེར་ལྷ་སའི་ལྟེ་གནས་འོ་ཐང་གི་མཚོ་ཁོ་ན་ལས་གཞན་བོད་ཀྱི་ཞིང་ཁམས་ཡོངས་རྫོགས་མཚོའི་རང་བཞིན་དུ་བསྟན་པ་མིན་པར་ལྷ་སའི་ཇོ་བོའི་དཀར་ཆག་དང༌། དངོས་ཡོད་ཀྱི་རིགས་པ་གཉིས་ཀས་གྲུབ་པར་སེམས། དུས་རབས་རིག་གསར་གྱིས་དཔྱོད་པའི་སྒོ་འཕར་ཕྱེས་ནའང་ད་ལྟའི་གྲོང་ཁྱེར་ལྷ་སའི་མཚོ་བྲི་བ། བོད་ཡུལ་ཡོངས་རྫོགས་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་སུ་མཚོའི་རང་བཞིན་དུ་མེད་པར་ནགས་ཀླུང་དང༌། སྤྲ་སྤྲེལ་རྒྱུ་བའི་སྲོག་ཆགས་ཀྱི་གནས་ཞིག་ཡིན་པར་ར་འཕྲོད་ཤིན་ཏུ་གསལ་པོར་བྱེད་ནུས་པ་ཞིག་ཡིན། དེས་ན་མི་མཇེད་འཛམ་བུ་གླིང་གི་འཇིག་རྟེན་ཧྲིལ་པོ་འདིའི་ཐོག་མར་གངས་ཅན་བོད་ཀྱི་ཞིང་ཁམས་འདི་ཉིད་ཁོ་ན་ཆགས་པ་ནི། མདོ་སྔགས་ཀྱི་གསུང་རབ་དང་དེང་དུས་ཀྱི་རིག་གསར་གཉིས་ཀའི་ལམ་ནས་གྲུབ་པ་ཡིན་ཏེ། གླིང་འདི་ཐོག་མར་ཆུའི་རང་བཞིན་ཡིན་པ་དང༌། དེ་རིམ་གྱིས་བྲི་ནས་འགྲོ་བ་མི་དང་སྲོག་ཆགས་གཞན་རྣམས་གྲུབ་པར་ཡིན་ཞིང༌། མཚོ་བྲི་བའི་ཤུུལ་དུ་ས་བབ་མཐོ་ཤོས་དེ་སྔོན་དུ་འབུར་ཞིང་དེ་ལ་བརྟེན་ནས་ནང་བཅུད་ཀྱི་སེམས་ཅན་ཀྱང་དེར་སྔོན་དུ་གྲུབ་པར་ཤིན་ཏུ་འཐད་པས་སོ།།
          དེ་ལྟར་འཛམ་གླིང་ཧྲིལ་པོའི་ཡང་ཐོག་འཇིག་རྟེན་ཐོག་མར་ཆགས་པའི་ཡུལ་གྲུ་ཁ་བ་གངས་ཅན་ལྗོངས་ཀྱི་ཞིང་ཁམས་འདི་ཉིད། འཛམ་གླིང་དུམ་བུ་དྲུག་བགོས་པའི་དབུས་འགྱུར་རྡོ་རྗེ་གདན་ནས་བརྩིས་པའི་བྱང་ཕྱོགས་ལྷུན་སྡུག་གངས་ཀྱི་རི་བོ་ཏི་སེ་དང༌། གངས་མཐོན་མཐིང་རྒྱལ་མོ། གངས་དཀར་ཤ་མེད། ཤར་གྱི་ཡར་ལྷ་ཤམ་པོ། ལྷོའི་ཕག་རི་ཇོ་མོ། ནུབ་ཀྱི་གནོད་སྦྱིན་གངས་བཟང༌། བྱང་གི་གཉན་ཆེན་ཐང་ལྷ།  གནས་ཆེན་ཙ་རི་ཊ།  རོང་བཙན་ཁ་བ་དཀར་པོ། མི་ཉག་གངས་དཀར་རི་བོ། ཤར་སྟོད་ཁ་བ་ལང་རི། ཨ་མྱེས་རྨ་ཆེན་སྤོམ་ར་སོགས། མཐོ་ཞིང་བརྗིད་ཆགས་ལྡན་པའི་གངས་རིའི་ར་བས་ཕྱོགས་མཚམས་ཀུན་ནས་ཡོངས་སུ་བསྐོར་བ། ཆོས་མངོན་པར་མཛོད་ལས་མ་དྲོས་པ་ཞེས་བསྔགས་པར་བརྗོད་པ་མ་ཕམ་གཡུ་མཚོ་དང༌། ཡར་འབྲོག་གཡུ་མཚོ། ཁྲི་ཤོར་རྒྱ་མོ་བྱང་གི་གནམ་མཚོ་ཕྱུག་མོ་སོགས་ཆེ་ཆུང་གཅིག་ཏུ་མ་ངེས་པའི་མཚོ་དང་མཚེ་འུ་དུ་མ་ཕྱོགས་དང་མཚམས་རྣམས་སུ་གནམ་སྔོན་བཞུས་པའི་ཁུ་བ་ལྟར་འཁྱིལ་བ། སྟོད་མ་ཕམ་གཡུ་མཚོ་ལས་སི་ཏཱ་དང༌། གངྒཱ། སིདྷི། པཀྵུ་སྟེ། ཆུ་བོ་ཆེན་པོ་བཞི་དལ་གྱིས་འབབ་ཅིང༌། སྨད་དུ་གདང་ལ་རི་བརྒྱུད་ནས་རྒྱལ་མོ་རྔུལ་ཆུ་དང༌། འབྲི་རྒྱུ། རྫ་ཆུ་གསུམ། མཚོ་སྐྱ་རིང་སྔོ་རིང་གཉིས་ལས་རྨ་ཆུ་སྟེ། སྨད་ཀྱི་ཆུ་བོ་ཆེན་པོ་བཞི་ལ་ཆུ་ཕྲན་དུ་མ་འདུས་ནས་འབབ་པ། གཞན་ཡང་སྤང་རི་དང༌། རྫ་རི། བྲག་རི་རྣམས་སུ་རྩི་ཤིང་མེ་ཏོག་སྣ་ཚོགས་དང༌། ལྗོན་ཤིང་སྣ་ཚོགས་པའི་ནགས་ཀླུང་དང༌། སྨན་སྣ། ས་འོག་གཏེར་གྱི་ཁྱད་པར་དུ་མས་ཕྱུག་པ་དང༌། མཁའ་རླུང་གཙང་ཞིང་གནམ་གཤིས་བསིལ་བ། འབྱུང་བཞི་མཉམ་ཞིང་འཚེ་བ་ཉུང་བ་བག་ཕེབས་པའི་ཡུལ་ཏེ་འཛམ་གླིང་གི་ཡུལ་གྲུ་གཞན་ལས་ཤིན་ཏུའང་ཁྱད་པར་འཕགས་པ་ཡིན་ཏེ། དཀོན་མཆོག་འབངས་ཀྱི་སྐྱེ་རབས་ལས།
                   ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།།
                   གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད།།
                   རི་མཐོན་པོ་གནམ་གྱི་ཀ་བ་ཡོད།།
                   མཚོ་དམའ་པོ་གཡུ་ཡི་མབྲསྤྱལ་ཡོད།།
                   གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད།།
                   སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད།།
                   དྲི་ཞིམ་པོ་སྨན་གྱི་བ་དུག་སྤོས་ཡོད།།
                   སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད།།
                   དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད།།ཅེས་དང༌།
 བལ་བཟའ་ཁྲི་བཙུན་བོད་དུ་འགྲོ་ཁར་ཡབ་ཀྱིས་བསྩལ་བའི་བསླབ་བྱ་ལས།
                   བོད་ཅེས་བྱ་བའི་ཁྱད་པར་འཕགས་པའི་ཡུལ།།
                   རི་མཐོ་ས་གཙང་གངས་རི་གཉན་གྱི་ཡུལ།།
                   བསིལ་ལ་མཛེས་པ་ལྷ་ཡི་གཞལ་ཡས་ཁང༌།།
                   ངོ་མཚར་རྨད་བྱུང་ཕན་བདེ་འབྱུང་བའི་གཞི།།
                   ཆུ་བོ་བཞི་འབབ་རྩི་ཤིང་ནགས་ཀྱིས་མཛེས།།
                   འབྲུ་སྣ་ལྔྔ་འཁྲུངས་རིན་ཆེན་སྣ་ཚོགས་འབྱུང༌།།ཞེས་དང༌།
                   འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས།
                   ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི །
                   བྱེ་བྲག་བརྗིད་ལྡན་གངས་རིའི་བྱང༌།།
                   ལོ་ཧི་ཏ་འགྲམ་རིན་ཆེན་ཁུངས།།
                   ཁ་བ་ཅན་གྱི་མིང་གྲགས་ན།།
                   བློ་ཆེན་སྟོབས་ལྡན་མི་ཡུལ་ལ།།
                   བོད་ཅེས་བྱ་བ་གནས་པའི་ཕྱིར།།

          ཞེས་སོགས་ཚད་མའི་ལུང་གིས་ཡང་ཡང་བསྔགས་པ་ལྟར་ཡིན་ཞིང༌། དེ་ཡང་སྟོད་མངའ་རིས་སྐོར་གསུམ་རྫིང་དང་འདྲ་བ། བར་དབུས་གཙང་རུ་བཞི་ཡུར་བ་དང་འདྲ་བ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་དང་འདྲ་བ་ཞེས་རྒྱ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐབས་སུ་ཁོར་ཡུག་དང་འབྲེལ་བའི་ཐ་སྙད་དེ་ལྟར་གྲགས་པ་བྱུང༌། ལྷག་པར་སྲོང་བཙན་གྱི་རིང་ལ་ས་ཁྱོན་རྒྱ་བསྐྱེད་བྱུང་བ་ལས་ཤར་གྱི་ཆང་ལེན་དང༌། ལྷོ་ཡི་བལ་ཡུལ་དང༌། ཆུ་བོ་གངྒཱ་ཚུན་ཆད། ནུབ་ཀྱི་ལི་ཡུལ་དང་ཀ་ཤི་སྨི་རི། བྱང་གི་སོག་པོ་སོགས་མདོར་ན་འཛམ་གླིང་སུམ་གཉིས་ཀྱི་ས་ཁྱོན་ཡོངས་རྫོགས་བོད་ཀྱི་མངའ་ཁོངས་སུ་གྱུར། ད་ལྟའྀ་འཛམ་གླིང་ས་ཁྲའི་གཞུང་ཐིག་(hongi tuaes) 78 E-103E བར་དང༌། འཕྲེད་ཐིག་ (Lattudes) 273]4 ---37 བར་ཡོད་པ་ཡིན་ནོ།།